བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཐབས།

སེར་བྱེས་འབྲིང་རིམ་སློབ་གྲྭ། ཉི་བསམ།


སྔོན་གླེང་།


བོད་ཕྱི་ནང་གཉིས་སུ་བཞུགས་པའི་གདོང་དམར་བོད་པ་ཚང་གི་ཤ་ཁྲག་རུས་གསུམ་དང་འདྲེས་འཕྲད་དུ་གྱུར་པ་ནི་ངའི་ལས་དབང་བཟང་པོའི་བཀོད་སྒྲིག་གི་ལམ་ཉིད་ལས་སྨིན་པའི་འབྲས་བུ་བཟང་པོ་ཞིག་ཡིན་པ་སྨོས་ཅི། གཞན་ཡང་གཉོམ་ལག་མ་རྒྱས་པའི་ངའི་རྣམ་དཔྱོད་ནི་རབ་རིབ་དང་མག་མོག་ཏུ་འཁྲིགས་ཤིང་བླུན་རྨོངས་ཀྱི་ཕྱིང་ཞྭ་གཡོགས་པའི་བླུན་པོ་ཞིག་ཡིན་མོད། འོན་ཀྱང་ལས་ཀྱི་དབང་གིས་ངས་ཁྱེད་ལ་རེ་བ་ཞིག་མི་རྒྱག་རང་རྒྱག་ཅིག་ཏུ་གྱུར་པས་རེ་བ་དེ་ནི་ངའི་བཀྲེས་པ་དང་སྐོམ་པ་སེལ་ཆེད་དུ་མིན།
འོན་ཀྱང་དེར་རྒྱུ་མཚན་དང་གནས་ལུགས་ཤིག་ཡོད་པས་ཁྱེད་རྣམས་ཀྱིས་ངེས་པར་དུ་རང་རེའི་བོད་ཀྱི་སྐད་ཡིག་དང་རིག་གནས་སོགས་ལ་འདས་མ་ད་གསུམ་ནས་རྒྱུན་འཛིན་བྱེད་དགོས་པར་བརྟེན། ང་ཚོ་གདོང་དམར་བོད་པ་ཚང་གིས་རང་རེའི་སྐད་ཡིག་དེ་རྒྱུན་འཛིན་བྱེད་དགོས་པ་ནི་བཤད་མི་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།
རྒྱུ་མཚན་ནི། ང་ཚོ་གདོང་དམར་བོད་པ་ཞིག་ཡིན་པས་རང་རེའི་སྐད་ཡིག་དེ་སྦྱོང་བ་དང་རྒྱུན་འཛིན་བྱེད་དགོས་པ་ནི་བོད་པ་ཚང་གིི་འགན་འཁྲི་ཞིག་ཆགས་ཡོད། དེ་མིན་རང་རེའི་ཕ་སྐད་དེར་མ་སྦྱངས་ན་གྱོང་གུད་དང་སྦྱངས་ན་ཁེ་ཕན་ཡོད་པ་སོགས་ཀྱི་བསམ་བློའམ་འདུ་ཤེས་འཛིན་མཁན་དེ་དག་ཆེས་ལྐུགས་པའི་ནང་ནས་ལྐུགས་པ་ཞིག་ཡིན། གཞན་ཡང་དུས་དང་སྐབས་འདིའི་གནས་སྟངས་ལ་བསམས་ན་ང་ཚོ་བོད་པ་ཚོ་ནི་རང་ངོས་ཀྱི་ཤ་ཁྲག་རུས་གསུམ་འགྲུབ་པའི་ཁོར་ཡུག་དེར་འཚོ་གནས་ཐུབ་པའི་རང་དབང་ཞིག་མེད་པར་རྒྱལ་ཁབ་གཞན་གྱི་ཁོར་ཡུག་ལ་བརྟེན་ནས་འཚོ་བཞིན་ཡོད་པར་བརྟེན་རང་རེའི་རིག་གཞུང་དང་མི་རིགས་ཀྱི་གོམས་གཤིས་སོགས་ལ་སྔར་ལས་ཀྱང་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པས་དུས་རབས་གསར་པའི་རྒན་དར་གཞོན་གསུམ་བོད་ཡོངས་ཀྱི་གནས་སྟངས་དེར་འགན་ཆེན་པོ་ཞིག་ཏུ་བརྩི་དགོས་པ་གལ་ཆེན་ཞིག་མཐོང་།


དངོས་གཞི།


གཤམ་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཐབས་སྒྲོམ་གཞི་བཀོད་ནས་བཤད་རྒྱུ་ཡིན།

བོད་སྐད་ཡིག་རྒྱུན་འཛིན་བྱེད་ཐབས།

               ༡ སྣེ་ཁྲིད་ཀྱི་མི།                                           ༢  ཁོར་ཡུག

༡ ཕ་མ། ༢ དགེ་རྒན། ༣ རྩོམ་པ་པོ། ༡ སློབ་གྲྭ། ༢ སློབ་ཚན།

༣ སྐད་ཡིག

དང་པོ། སྣེ་ཁྲིད་ཀྱི་མི།


འདིར་བསྟན་གྱི་“སྣེ་ཁྲིད་ཀྱི་མི་”ཞེས་པ་ནི་རང་རེའི་མེས་རྒྱལ་དང་གཞུང་འབྲེལ་གྱི་གོ་སའམ་དེའི་ལས་སྣེར་དོ་ཁུར་བྱེད་མཁན་ཞིག་ལ་གོ་བར་བྱ།
༡༽ ཕ་མ།
ཕ་མ་ནི་འཇིག་རྟེན་མིའི་བྱེད་པོ་ཐོག་མ་སྟེ་འཇིག་རྟེན་གྱི་མི་གྲངས་ཡོད་ཚད་ཕ་མ་ལས་བྱུང་ཞིང་ཕ་མ་ལས་མ་བྱུང་བའི་མི་ཞིག་མེད་པས་ཕ་མ་ནི་རང་ཉིད་ཀྱི་བུ་ཕྲུག་ཞིག་ལ་མཚོན་ན་ཤིན་ཏུ་གལ་གནད་ཆེ། དེ་བཞིན་ཕ་མ་ཞིག་གིས་བྱིས་པ་ཞིག་བཙས་པ་ཙམ་མིན་པར་དེ་ལ་འགན་ཁུར་ཆེན་པོ་ཡོད། འགན་ཁུར་དེའང་རང་གི་ཁྱིམ་གཞིས་ཙམ་དུ་མིན་པར་རང་ཉིད་ཀྱི་རྒྱལ་ཁབ་ཆེད་དུ་ཡིན་དགོས་ལ། ད་དུང་རང་ཉིད་ཀྱི་རྒྱལ་ཁབ་ལ་རྒྱལ་ཞེན་གྱི་བསམ་བློ་ཞིག་ཀྱང་ལྡན་དགོས། དེས་ན་ཁྱེད་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་པ་ཞིག་བྱེད་ཐུབ། དེར་བརྟེན་ངས་བརྗོད་པར་འདོད་པ་ནི་གཞིས་བྱེས་གཉིས་སུ་བཞུགས་པའི་ཕ་མ་རྣམས་ལ་དེང་རབས་ཀྱི་ཤེས་ཡོན་ཐོབ་པ་དེ་དུས་རབས་ཉི་ཤུ་ནས་འགོ་བརྩམས་ཟིན་པས་དེང་རབས་ཤེས་བྱ་ལ་མཐོང་རྒྱའམ་ཐོས་རྒྱ་ཇི་ཙམ་ཡོད་ཀྱང་རང་ཉིད་ཀྱི་ཕ་སྐད་ལ་རྒྱུན་འཛིན་དང་གཞན་མི་རིགས་ཀྱི་དྲི་མ་མ་གོས་པར་བྱས་ཏེ་རྒྱུན་དུ་རང་ཉིད་ཀྱིས་བྱིས་པའི་འཚོ་བ་དང་བསྟུན་ནས་རང་ཉིད་ཀྱི་སྐད་ཡིག་གམ་ཕ་སྐད་སོགས་བྱིས་པར་ངག་འཇམ་པོའམ་ངེས་པར་དུ་བློ་གཙང་མས་ཡིད་འཇོག་དང་གདེང་འཇོག་འགངས་ཆེན་གནང་སྟེ་སློབ་གསོ་རྒྱག་དགོས། དེའང་སློབ་གསོ་བྱེད་སྟངས་ཤིག་ཡོད་དགོས་པ་ནི། སུས་ཕྲུ་གུར་གཅེས་ན། ཕྲུ་གུས་དེར་དགའ་བོ་བྱེད། ཕྲུ་གུར་དགའ་བོ་བྱེད་པའི་མིས། ད་གཟོད་ཕྲུ་གུར་སློབ་གསོ་བྱེད་ཆོག་ཅེས་པ་ལྟར་ཐབས་ལམ་འདིའི་ཐོག་ནས་ཕྲུ་གུར་རང་ཉིད་ཀྱི་སྐད་ཡིག་གམ་ཕ་སྐད་དེ་དག་རང་ཉིད་ཀྱི་འཚོ་བའི་ཁྲོད་ནས་གོམས་ལོབས་ཤིག་ཏུ་ཆགས་པའི་ཁ་ལོ་བསྒྱུར་དགོས། ཡུལ་གྱར་བའི་འཚོ་བར་རོལ་བཞིན་པའི་དུས་རབས་ཉེར་གཅིག་གི་ཕ་མ་ཚོར་ལྷ་ཞིང་འདྲ་བའི་ཁང་བཟང་ཡོད་ཀྱང་རང་ཉིད་ཀྱི་བླ་སྲོག་ལྟ་བུའི་སྐད་ཡིག་དེ་ཤོད་ཐུབ་ཙམ་དང་འབྲི་ཀློག་ཐུབ་ཙམ་བྱས་ཏེ་རང་ཉིད་ཀྱིས་འཚོ་བར་རོལ་བ་ནི་ཅི་འདྲའི་ཐབས་སྡུག་ཅིང་ཡ་ང་བ་ཞིག་མ་ཡིན་ནམ། དེང་རབས་ཀྱི་དུས་ཚིགས་འདི་ནི་རང་ཉིད་ཀྱི་མེས་རྒྱལ་རང་རེའི་ལག་ཏུ་བླངས་ནས་འཚོ་དགོས་པའི་གནས་སྟངས་ཤིག་ཏུ་སླེབས་ཟིན་པས་དེ་ལ་ཕ་མ་ཁྱེད་ཚོ་ལ་འགན་འཁྲི་ཆེན་པོ་ཞིག་ཡོད། དེར་བརྟེན་ནམ་ཡང་རང་རེའི་སྐད་ཡིག་དེ་ར་མ་ལུག་ཏུ་བཀོལ་སྤྱོད་མ་བྱས་པར་རང་རེའི་མེས་རྒྱལ་གྱི་བོད་གཤིས་ལས་རྩམ་དྲི་དང་མར་དྲི་འཐུལ་བའི་རང་བཞིན་ཞིག་དགོས་ལ་གཞན་ཡང་རང་ཉིད་བཙན་བྱོལ་དུ་ཡོད་བཞིན་རང་ཉིད་ཀྱི་གཅེས་ཕྲུག་ཚོར་རང་ཉིད་ཀྱི་སྐད་ཡིག་གམ་ཕ་སྐད་དག་ཕྲུ་གུའི་ཁ་ལ་རེག་ཏུ་འཇུག་དགོས་པ་དེ་མ་བརྗེད་པ་དགོས། དེ་ནི་ཕ་མ་ཁྱེད་ཚོའི་འགན་འཁྲི་ཐོག་མ་དེ་ཡིན།
༢༽ དགེ་རྒན།
དགེ་རྒན་ནི་མཚན་ལམ་གྱི་མུན་པ་སེལ་བའི་སྒྲོན་མེ་ཞིག་སྟེ། དགེ་རྒན་ཞིག་ལ་མཚོན་ན་འཇིག་རྟེན་ཐོག་ཆེས་ལས་སྣེ་ཆེ་བའི་སྐྱེས་བུ་ཞིག་ཡིན་པས་ལས་སྣེ་དེ་ལའང་འགན་འཁྲི་ཁྱད་པར་བ་ཞིག་ཡོད་དགོས། དེའང་དགེ་རྒན་ཞིག་ལ་ཐོག་མར་རྒྱལ་གཅེས་རང་བཞིན་ལྡན་པའི་བསམ་བློའི་རང་མདངས་ཤིག་དགོས། དེས་ན་དགེ་རྒན་ཡིན་ཡང་རང་ཉིད་ཀྱི་རྒྱལ་ཁབ་ཆེད་དུ་བྱ་བ་གང་ཞིག་ཡིན་ཡང་འབད་བརྩོན་ལྷོད་མེད་ངང་བྱེད་ཐུབ། དེར་བརྟེན་དགེ་རྒན་ཞིག་གི་ལས་སྣེའམ་འགན་འཁྲི་གཙོ་བོ་ནི་རྒྱལ་ཁབ་ཀྱི་ན་གཞོན་རྣམས་ལ་དམིགས་འདུན་གསར་པ་བསྐྲུན་རྒྱུ་དེ་ཡིན་པས་དམིགས་འདུན་གསར་པ་དེ་སྐྲུན་པ་ལ་ད་ལྟའི་དུས་རབས་ཀྱི་ན་གཞོན་རྣམས་ལ་སློབ་གསོ་སྤྲད་རྒྱུ་དེ་ཡིན། དེའང་སློབ་གསོ་སྤྲད་རྒྱུར་ཐབས་ལམ་འདྲ་མིན་ཡོད། དེར་བརྟེན་དགེ་རྒན་ཞིག་གིས་རང་ཉིད་ཀྱི་དུས་རབས་གསར་པའི་ན་གཞོན་རྣམས་ལ་རང་འགུལ་གྱིས་སློབ་གསོའི་ལྟ་བ་རྙིང་པ། བསམ་བློ་རྗེས་ལུས། འཁྲིད་ཐབས་རྗེས་ལུས་སོགས་དོར་ནས་ཡང་དག་པའི་སློབ་གསོའི་ལྟ་བ་གསར་པ་ཞིག་བཙུགས་ནས་སློབ་གསོ་སྤྲོད་སྟངས་ཐོག་མ་དེ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་སྐད་ཡིག་ནས་བརྒྱུད་དེ་འགོ་རྩོམ་དགོས། དེས་རང་མི་རིགས་ཀྱི་སྐད་ཡིག་དེ་ནམ་ཡང་ཉམས་རྒུད་དུ་མི་འགྲོ་བར་རྒྱུན་འཛིན་བྱེད་ཐུབ། དེ་ནི་དགེ་རྒན་ཁྱེད་ཚོའི་གདོང་ལེན་ཡིན་ལ་འགན་ལེན་ཞིག་ཀྱང་ཡིན་པས་ཐུན་མོང་གི་ཐག་གཅོད་ཡོད་པའི་ཐོག་ནས་མུ་མཐུད་རྒྱུན་འཁྱོངས་ངང་རང་རེའི་རྒྱལ་ཁབ་ཀྱི་མི་རབས་གསར་པའི་གཞོན་སྐྱེས་ཡོངས་ལ་རང་མི་རིགས་ཀྱི་སྐད་ཡིག་དེ་རྒྱུན་འཛིན་ཐུབ་པའི་ནུས་པ་ཞིག་སྤྲོད་དགོས།
༣༽ རྩོམ་པ་པོ།
རྩོམ་པ་པོ་ནི་རང་རེའི་རྒྱལ་ཁབ་ལ་རྒྱལ་ཞེན་གྱི་བསམ་བློ་ཆེ་ཞིང་མི་མང་ལ་སེམས་ཁུར་ཡོད་པའི་དཔའ་བོ་ཞིག་ཡིན་པས། རྩོམ་པ་པོ་ཞིག་ལ་མཚོན་ན་རང་རེའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཞུགས་ནས་རྩོམ་ཞིག་འབྲི་ཚེ་བརྩམས་ཆོས་དེ་ལ་བལྟས་ན་མཐོང་སླ་ཞིང་། ཉན་ན་གོ་སླ་བ། གཞན་ཡང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཟབ་པ། རང་གིས་བྲིས་པའི་རྩོམ་ཡིག་ལ་འགུལ་ཤུགས་ཀྱི་ནུས་པ་ཡོད་པ་ཞིག་དགོས། དེའང་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་པ་ལ་ངེས་པར་དུ་གྲལ་རིམ་ལྡན་པའི་བྱ་བ་ཞིག་ཏུ་ཞུགས་དགོས་པ་སོགས། བྱ་བ་དེར་ཞུགས་ཚེ་རྩོམ་པ་པོ་རང་ཉིད་ཀྱིས་མི་མང་གི་འཚོ་བ་དངོས་མ་བྲང་དུ་བླངས་ནས་མི་མང་གི་ཞན་ཆ་དང་། སྐྱོ་བ་ཡོད་ཚད་ལ་བརྗེ་བསྒྱུར་བྱས་ཏེ་བརྒྱུད་རིམ་གསར་པའི་ཁྲོད་ནས་མི་མང་གི་ཁེ་ཕན་དང་བདེན་དོན་ཁོ་ནའི་ཆེད་དུ་ཡིན་པ་ངེས་དགོས། དེའང་རྩོམ་པ་པོས་གསར་རྩོམ་བྱེད་ཚེ་རང་ཉིད་ཀྱི་ཉེ་འདབས་ཀྱི་ཁོར་ཡུག་དང་མི་མང་གི་གོ་ས་རུ་བབས་ནས་རྩོམ་གཞི་དེ་ལས་དྲང་བདེན་གྱི་ལམ་ནས་ཐེར་ཟུག་དང་། སྐུལ་འདེད། བསྒྱུར་བཀོད་གསུམ་གྱི་རྣམ་པ་ཕྱི་གསལ་ནང་གསལ་ཞིག་ཡོད་པའི་ཐོག་ནས་འབྲི་དགོས། དེར་བརྟེན་རྩོམ་པ་པོའི་བརྩམས་ཆོས་ལའང་མཐོང་ཐོས་མྱོང་གསུམ་བྱེད་མཁན་མེ་འབར་འབར་དང་། བརྩམས་ཆོས་དེ་ལས་རང་ཉིད་ཀྱི་སྐད་ཡིག་ལ་དང་ཟབ་པ་དང་སྤྲོ་བ་འཕེལ་མཁན་ཆུ་བཞུར་བཞུར་ཞིག་ཡོང་བ་འབྲི་བ་པོ་ང་ལ་ནམ་ཡང་སོམ་ཉི་མེད། གང་ལྟར་རྩོམ་པ་པོ་ཞིག་ལ་མཚོན་ན་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པར་འགན་ཆེན་པོ་ཞིག་ཡོད་པས་མི་རབས་རྒན་པས་ད་བར་བསྐྱངས་པའི་རང་མི་རིགས་ཀྱི་སྐད་ཡིག་དེ་མི་ཉམས་གོང་འཕེལ་དང་མུ་མཐུད་རྒྱུན་འཁྱོངས་ཡོང་བ་ལ་ད་ལྟ་ནས་རྩོམ་པ་པོ་ཁྱེད་རྣམས་ཀྱིས་ནམ་ཡང་དུས་རབས་གསར་པའི་ན་གཞོན་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་གི་ལམ་དུ་ཁྲིད་ནས་གོམས་ལོབས་ཤིག་ཏུ་ཁ་ཕྱོགས་བསྒྱུར་དགོས།


གཉིས་པ། ཁོར་ཡུག


“ཁོར་ཡུག་”ཅེས་པ་ནི་རང་ཉིད་ཀྱི་འཚོ་བ་སྐྱེལ་སའི་ཡུལ་དང་དེའི་ཉེ་འདབས་ནས་གང་ཞིག་མཐོང་ཐོས་མྱོང་གསུམ་དུ་གྱུར་པའི་དངོས་པོ་རྣམས་ལ་ཁོར་ཡུག་ཟེར། དེའང་སྐབས་བབ་ཀྱི་བརྗོད་གཞི་འདིར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པ་ལ་ཁོར་ཡུག་གི་ལམ་ནས་ཐབས་ལམ་གཉིས་སུ་ཕྱེ་ཡོད།
༡༽ སློབ་གྲྭ།
སློབ་གྲྭ་ནི་སློབ་སྦྱོང་གི་ཤེས་ཚད་དམ་ཡང་ན་མི་རིགས་ཀྱི་ཤེས་རྒྱ་འཕེལ་སའི་ཁོར་ཡུག་ཅིག་ཡིན། གཞན་ཡང་སློབ་གྲྭ་ནི་མི་དང་མིའི་བར་གྱི་བསམ་ཤེས་ཀྱི་འབྲེལ་ལམ་འཛུགས་སའི་ཟམ་པ་ཐོག་མ་དེ་ཡིན་ལ་ཐ་ན་མི་ཞིག་གི་ངོ་བོ་ཡང་ཐོག་མ་སློབ་གྲྭའི་ཁོར་ཡུག་དེ་ལ་བརྟེན་ནས་འགོ་རྩོམ་གྱི་ཡོད། སྤྱིར་མི་ཞིག་གི་ཤེས་ཚད་དང་མི་དེའི་འཇོན་ནུས་ཡར་རྒྱས་སོགས་འཕེལ་བ་ལ་སློབ་གྲྭ་ཞིག་ནས་འཕེལ་དགོས་པའི་རྒྱུ་མཚན་ཡང་དག་ཅིག་མེད་མོད། འོན་ཀྱང་ངས་བརྗོད་པར་འདོད་པ་དེ་རང་མི་རིགས་ཀྱི་སྐད་ཡིག་དེ་ཡིན་པས་སློབ་མ་སུ་ཞིག་ཡིན་ཡང་གཞིས་ལུས་རྒྱ་ཆེ་མི་མང་གི་འཚོ་བ་དང་བསྟུན་ཀྱང་རུང་། བྱེས་ལུས་ཕྱི་རྒྱལ་མི་མང་གི་འཚོ་བ་དང་བསྟུན་ཀྱང་རུང་།  སློབ་མ་ཁྱེད་ཨ་རིའི་“ཧར་ཝཌ་”སློབ་ཆེན་དུ་ཕྱིན་ཀྱང་རུང་། གང་ལྟར་རང་མི་རིགས་ཀྱི་སྐད་ཡིག་དེ་ནམ་ཡང་མ་བརྗེད་པ་དགོས། དེའང་དུས་རབས་ཉེར་གཅིག་ནང་འཚར་ལོངས་བྱུང་བའི་བོད་པའི་གཞོན་ནུ་ཚོ་གང་དུ་ཕྱིན་ཀྱང་གཟུགས་དང་གྲིབ་མ་བཞིན། ཀུ་ཤུ་རྟགས་ཅན་གྱི་ཁ་པར་རེ་ཡོད་ཀྱང་། དེའི་ནང་རང་མི་རིགས་ཀྱི་སྐད་ཡིག་བཅུག་སྟེ་རིམ་བཞིན་ནང་མི་སྤུན་གྲོགས་ཚོ་དང་མཉམ་དུ་རང་མི་རིགས་ཀྱི་སྐད་ཡིག་དེ་སྤྱོད་འགོ་རྩོམས་དང་། ཐོག་མ་ནས་ཤེས་པར་སླ་པོ་མེད་པ་ནི་ཆོས་ཉིད་རེད། རིམ་བཞིན་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱོངས་དང་། ཁྱེད་ཀྱིས་ཤེས་ངེས། རྒྱུ་མཚན་ནི་ཁྱེད་ལ་རང་མི་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་སེམས་ཡོད་ལ་རང་གི་རྒྱལ་ཁབ་ལ་རྒྱལ་ཞེན་གྱི་ལྟ་བ་ཡོད། དེར་བརྟེན་ཁྱེད་ཀྱིས་ནམ་ཡང་རང་མི་རིགས་ཀྱི་སྐད་ཡིག་ལ་རྒྱུན་འཛིན་བྱེད་ཐུབ། ཁྱེད་ཚོས་གོ་མྱོང་ཡོད་སྲིད། དུས་རྒྱུན་ངེད་ཅག་བོད་པ་ཚང་གི་ཁ་དཔེ་ཞིག་ལ། “ལྕགས་ཀྱི་གདུང་མ་སྦོམ་ན་ཡང་། །བརྩོན་པས་བརྡར་བས་རིམ་གྱིས་གཅོད། །མི་ཤེས་དྲ་བ་དཔུང་མཐུག་ཀྱང་། །ཐོས་ལ་བརྩོན་པས་རིམ་གྱིས་གཞོམ།།” ཞེས་པ་ལྟར་ངེད་ཅག་བོད་པ་ཚང་གི་ན་གཞོན་སློབ་མ་ཁྱེད་ཚོ་ལ་ཡང་དཀའ་ངལ་ཞིག་འཕྲད་སྲིད་པས་དེ་ལ་གདོང་ལེན་བྱེད་དགོས། དེས་ན་ཁྱེད་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་དང་ད་དུང་གཞན་མི་རིགས་ཀྱི་སྐད་ཡིག་ཤེས་པ་དེ་ཁྱེད་ཀྱི་འཇོན་ནུས་རེད་ལ་རང་རེའི་རྒྱལ་ཁབ་ཀྱི་གཟི་བརྗིད་རེད། དེར་བརྟེན་གོང་དུ་གང་བརྗོད་པ་རྣམས་སློབ་གྲྭའི་ཕྱི་ནང་གཉིས་སུ་འགྲོ་འོང་བྱེད་བཞིན་པའི་ཁྱེད་རྣམས་ཀྱི་འགན་འཁྲི་ཡིན་པས་ངེས་པར་དུ་རང་མི་རིགས་ཀྱི་སྐད་ཡིག་དེ་རྒྱུན་འཛིན་དང་ད་དུང་ཁྱེད་ཀྱིས་མ་འོངས་པའི་མི་རབས་ཕྱི་མ་རྣམས་ཀྱི་ཁོག་པའི་ནང་དུ་རང་མི་རིགས་ཀྱི་སྐད་ཡིག་དེ་གསོན་ཆེད་ཚེ་སྲོག་གསར་པ་ཞིག་བསྐྲུན་དགོས། དེ་ནི་སློབ་གྲྭའི་ར་བའི་ནང་གི་སློབ་ཕྲུག་ཙམ་མིན་པར་ཐ་ན་དགེེ་སློབ་ཟུང་ལ་འགན་ཆེན་པོ་ཡོད།
༢༽ སློབ་ཚན།
འདིར་བསྟན་གྱི་སློབ་ཚན་ནི་སྐད་ཡིག་ལ་ཤུགས་ཆེ་བར་གོ་དགོས་སོ།།
སྤྱིར་སློབ་ཚན་ཞེས་པ་ནི་མི་རིགས་གང་འདྲ་ཞིག་ཡིན་ཡང་དུས་རྒྱུན་དུ་རང་རེའི་འཚོ་བའི་ཁྲོད་ནས་རང་རེའི་ཀླད་པའི་ཤེས་ཚད་མཐོར་འདེགས་བྱེད་མཁན་གྱི་མ་ལག་གཙོ་བོ་དེ་ལ་ཟེར། གཞན་ཡང་“སློབ་ཚན་”ཞེས་པ་དེ་ནི་ཚིག་རྐང་གཉིས་ལས་གྲུབ་པའི་ཡིག་འབྲུ་ཞིག་ཡིན་ཡང་། སློབ་ཚན་ནི་གོ་ལ་ཟླུམ་གཟུགས་འདིའི་ནང་འཛུལ་ཆེད་ཀྱི་ལྡེ་མིག་ཅིག་ཡིན་པས། ཐ་ན་སློབ་ཚན་འདི་ལ་བསམ་གྱིས་མི་ནུས་པའི་ནུས་པ་ཞིག་ཡོད་དེ། སློབ་ཚན་དེས་འཛམ་གླིང་གི་མགོ་རྟིང་དང་ཕྱི་ནང་། གནའ་རབས་དང་དེང་རབས། གནའ་བཟང་དང་དེང་སྤྱོད། རང་རྒྱལ་དང་ཕྱི་རྒྱལ། སྙིགས་དོར་དང་བཅུད་ལེན་སོགས་གྲུབ་ཐུབ་པའི་ནུས་པ་དང་སྙིང་སྟོབས་དེ་དག་སློབ་ཚན་རང་ལ་ཡོད་པ་སྨོས་ཅི་དགོས། ཐ་ན་རང་ཉིད་ཀྱི་འདོད་པའི་དབང་གིས་བྱེད་འདོད་པའི་བྱ་བ་ཞིག་བྱེད་པ་ལའང་སློབ་ཚན་དགོས། དཔེར་ན་ཁྱེད་ཀྱིས་ཡུལ་སྐོར་སྤྲོ་འཆམ་ཞིག་འགྲོ་འདོད་ཡོད་ཚེ་ངོ་སྤྲོད་ལག་ཁྱེར་ལས་ལྷག་པའི་ཐོག་མར་སློབ་ཚན་དེ་དགོས། དེའང་གོང་དུ་བརྗོད་པ་ལྟར་སློབ་ཚན་དེ་དགོས་པ་བཞིན་ངེས་པར་དུ་“སྐད་ཡིག་”དེ་དགོས། སྐད་ཡིག་དེ་ཁྱེད་ཀྱིས་སློབ་ཚན་གྱི་ལམ་ནས་སྦྱོང་ཐུབ། སློབ་ཚན་དང་སྐད་ཡིག་གཉིས་པོ་ནི་གཟུགས་དང་གྲིབ་མ་ལྟར་ཡིན་པ་བཞིན། གང་ལྟར་སློབ་ཚན་ཞིག་ལ་འགན་ཆེན་པོ་ཞིག་ཡོད་པས་རང་མི་རིགས་ཀྱི་སློབ་ཚན་གྱི་ལམ་དུ་ཞུགས་ཆེད་རང་མི་རིགས་ཀྱི་སྐད་ཡིག་ལ་རྒྱལ་ཞེན་གྱི་བསམ་བློ་ཞིག་དགོས། རང་མི་རིགས་ཀྱི་སྐད་ཡིག་དང་སློབ་ཚན་དེ་དག་རང་གི་ཡིན་སྙམ་སྟེ་མ་བསྡད་པར་ཕར་ལ་མིག་ཟུང་གཉིས་ནས་མཐོང་ཐོས་རེག་གསུམ་གྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་རང་མི་རིགས་ཀྱི་སློབ་ཚན་བརྒྱུད་དེ་སྦྱང་བརྩོན་བྱེད་དགོས་ལ། ནམ་ཞིག་ཡིན་ཡང་རང་མི་རིགས་ཀྱི་སྐད་ཡིག་དེ་བཀོལ་སྤྱོད་བྱེད་མ་ཐུབ་ནའང་དེ་ལ་ནམ་ཡང་སྣང་མེད་དུ་མ་བཞག་པར་རིམ་བཞིན་དེ་ལ་གོམས་ལོབས་ཤིག་ཏུ་ཁ་ལོ་བསྒྱུར་དགོས། དེས་ན་རང་མི་རིགས་ཀྱི་སྐད་ཡིག་དེར་རྒྱུན་འཛིན་བྱེད་ཐུབ་པ་ང་ལ་ཡིད་ཆེས་ཡོད།


གསུམ་པ། སྐད་ཡིག


“སྐད་ཡིག་”ཅེས་པ་ནི་ཆེས་རླབས་ཆེན་ཞིག་སྟེ། རྒྱལ་ཁབ་ཅིག་ལ་མཚོན་ན་སྐད་ཡིག་ནི་རྒྱལ་ཁབ་དེའི་མི་རིགས་མངའ་ཁོོངས་དང་། མི་རིགས་དེའི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་ཅིག་ཡིན། དེར་བརྟེན་འུ་ཚང་བོད་པ་ཞིག་ལ་མཚོན་ན་རང་མི་རིགས་ཀྱི་སྐད་ཡིག་ནི་ཆེས་རླབས་ཆེན་ཞིག་ཡིན་པས་རང་རྒྱལ་གཞན་མི་རིགས་ཀྱི་མངའ་འོག་ཏུ་ཤོར་ཟིན་ཀྱང་རང་མི་རིགས་ཀྱི་སྐད་ཡིག་དེ་ད་དུང་རང་རང་རེའི་ལག་ཏུ་འཚོ་བཞིན་ཡོད་པ་ནི་ང་ཚོའི་གཟི་བརྗིད་རེད། འོན་ཀྱང་ངས་བརྗོད་པར་འདོད་པ་ནི་དུས་རབས་ཉེར་གཅིག་གི་བོད་པ་ཚོས་རང་སྣང་གང་དྲན་གྱིས་“སྐད་ཡིག་ནི་སྐད་ཆ་ཁོ་ནར་བེད་སྤྱོད་བྱེད་པའི་ལག་ཆར་ལྟ་ཞིང་། བེད་སྤྱོད་བྱེད་ཡུལ་ཆུང་ན་སྦྱངས་པའི་དགོས་པ་ཆུང་བར་སེམས་ཤིང་། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་བཟུང་ནས་རྒྱུན་འཛིན་བྱེད་དགོས་པ་མི་ཤེས་”པས་ཁ་ནས་ཤོད་ཐུབ་ཙམ་དང་ལག་ནས་འབྲི་ཐུབ་ཙམ་ཞིག་ལས་ཁ་ཞེ་མི་མཐུན་པའི་རྒྱལ་ཞེན་གྱི་བསམ་བློ་དེ་དག་སྐྱག་རྫུན་ཞིག་ཡིན་པ་ནི་རང་མི་རིགས་ཀྱི་ངོ་གདོང་ལས་མངོན་ཐུབ་པ་ཕྱི་གསལ་ནང་གསལ་རེད། དེ་ནི་ཁྱེད་ཀྱི་ཆེས་ཉམ་ཐག་པའི་བྱ་བ་ཞིག་ཡིན་ལ། ང་ཚོའི་བོད་རྒྱལ་ཁབ་ནི་ཀླ་ཀློའི་དཔུང་ཚོགས་ཀྱི་དབུས་ནས་ཁྱེད་དང་ང་ཚོ་ལ་ཐུགས་ཤུམ་བཞིན་ཡོད་པ་ནི། རྒྱ་དམར་ཚོ་ལ་མཚོན་ན་ཆེས་དགའ་འོས་པའི་གནས་ཚུལ་ཞིག་ཆགས་ཡོད་ལ། གནས་ཚུལ་དེ་ང་ཚོའི་ངོ་གདོང་ནས་ཕྱིར་དྲན་རེའི་བསམ་གཞིག་བྱས་ན་ང་ཚོ་ལ་ཚོར་བ་ཅི་ཞིག་ཡོང་བ་ཁྱེད་ཀྱིས་འོལ་ཚོད་ཐུབ་བམ་ལགས། དེ་ནི་ཆེས་དཀའ་མོ་ཞིག་ལོས་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དྲི་མས་མ་གོས་པའི་ཁ་བཏགས་རེ་བཏེགས་ཤིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་དུ་དད་འདུན་གྱི་རི་བོ་བརྩེགས་ཏེ་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད། གཞན་ཡང་ཉིན་མཚན་ལྟོས་མེད་དུ་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་བྱེད། དེ་དག་ལ་བལྟས་ན་དངོས་གནས་ང་ཚོ་ལ་རྒྱལ་གཅེས་ཀྱི་བསམ་བློའི་རང་མདངས་ཤིག་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང་། ངས་བརྗོད་པར་འདོད་པ་ནི་གལ་ཏེ་ཁྱེད་ཀྱིས་རང་མི་རིགས་དང་རང་རྒྱལ་གྱི་ཆེད་དུ་ལྷག་བསམ་རྣམ་པར་དག་ཅིང་། རྒྱལ་གཅེས་ཀྱི་སྤོབས་པ་ཞིག་ཡོད་ཕྱིན་ཁྱེད་ཀྱིས་ངེས་པར་དུ་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱང་བརྩོན་དང་། རྒྱུན་འཛིན། ཁ་ཞེ་གཉིས་ཟུང་གིས་ལག་བསྟར་བྱེད་དགོས། སྐད་ཡིག་མེད་པའི་རྒྱལ་ཁབ་ཅིག་མེད། རྒྱལ་ཁབ་ཅིག་ཡོང་བ་ལ་ཐོག་མར་“སྐད་ཡིག་”ཅེས་པ་དེ་དགོས། གཞན་ཡང་རྒྱལ་ཁབ་ཅིག་གི་རིག་གཞུང་ཡོང་བ་ལའང་སྐད་ཡིག་དགོས། དེར་བརྟེན་རྒྱལ་ཁབ་ཅིག་ཆགས་པ་ལ་སྐད་ཡིག་ནི་མེད་དུ་མི་རུང་བའི་རྒྱལ་ཁབ་དེ་དང་དེའི་མི་རིགས་ཀྱི་སྙིང་རྩ་ལྟར་ཡིན་པས་ངའི་གདོང་དམར་བོད་པ་ཚོ། ཁྱེད་ཀྱིས་ནམ་ཡང་ང་ཚོའི་སྐད་ཡིག་ལ་རྒྱུན་འཛིན་བྱོས་དང་། ང་ཚོ་བོད་མི་རིགས་རྣམས་ལ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་པའི་ཐོབ་ཐང་དང་རང་དབང་ཡོད། ང་ཚོ་ལ་ཐོབ་ཐང་དང་རང་དབང་ཡོད་པ་བཞིན། རང་དབང་དེ་ལ་ཁ་ལོ་སྒྱུར་ཐུབ་པའི་ཐབས་ལམ་དེ་ང་ཚོས་འཚོལ་དགོས། དེས་ན་ཉིན་ཞིག་ང་ཚོའི་བོད་ཀྱི་སྐད་དེ་འཛམ་གླིང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཡུང་དྲུང་གི་རྡོ་རིང་ཞིག་ཏུ་འགྱུར་མེད་རྟག་བརྟན་བཞིན་གནས་ཐུབ་པ་ནི་ང་ལ་ཡིད་ཆེས་ཡོད་ལ་ཐ་ན་སྤོབས་པ་ཡིན་ཡང་ཤུགས་ཆེན་པོའི་སྒོ་ནས་བརྗོད་ཐུབ། བོད་སྐད་ཡིག་རྒྱལ་ལོ།།


མཇུག་གཏམ།


ད་ལྟ་ང་ཚོའི་བོད་གསོན་པོ་ཡོད་པ་བཞིན་ང་ཚོའང་གསོན་པོ་ཡོད་པས་ནམ་ཡང་རྗེས་ལུས་ཐེབས་མེད། དེར་བརྟེན་དུས་རབས་ཉེར་གཅིག་པའི་ན་གཞོན་གསར་པ་རྣམས་ལ་ང་ཚོའི་མི་རབས་རྒན་པ་རྣམས་ཀྱིས་བཞག་པའི་དྲི་མ་དེ་ནམ་ཡང་མ་ཡལ་བར་མ་འོངས་པའི་མི་རབས་རྣམས་ལའང་དེ་བཞིན་རྩིས་སྤྲོད་ཐུབ་པ་ཞིག་དགོས་ལ། ད་དུང་རང་མི་རིགས་ཀྱི་སྐད་ཡིག་དེ་རང་གི་མི་རིགས་ཚོ་དང་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ལག་གདང་མཉམ་གཤིབས་ཀྱིས་རང་གི་རྒྱལ་ཁབ་དེ་ཕྱི་ཕྱོགས་ཀྱི་འཇིག་རྟེན་ལ་སྟོན་ཐུབ་པ་དང་ད་དུང་རང་རྒྱལ་དེ་གཞན་མི་རིགས་ལ་ར་སྤྲོད་ཐུབ་པ་བྱེད་དགོས། དེ་ནི་ང་ཚོ་ཚང་མའི་འགན་འཁྲི་ཉག་གཅིག་གོ །ཐུགས་རྗེ་ཆེ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།