mngon-brjod

མངོན་བརྗོད་ཀྱི་ལོ་རྒྱུས་ལ་ལྟ་བའི་རྒྱང་ཤེལ་ཆུང་ཆུང་།

ལྷུན་གྲུབ། ལོ་རིམ་དྲུག་པ།

སྣོད་བཅུད་གཉིས་ལ་ལ་རྒྱ་ཤིན་ཏུ་ཆེ།།
དངོས་པོའི་གཤིས་ལ་གུད་ཞེད་1ལྡན་པ་ཅན།།
ལོ་རྒྱུས་རིན་ཆེན་ཕྲེང་བ་འཆད་མཁས་པའི།།
སྔོན་བྱོན་དམ་པ་མ་ལུས་ཕྱག་གི་ཡུལ།།

སྔོན་གླེང་ཉུང་བསྡུས།

སྤྱིར་ལོ་རྒྱུས་གང་དང་གང་ཡིན་ནའང་འཕེལ་གནས་འཇིག་གསུམ་གྱི་རང་བཞིན་ལས་མ་འདས་པ་དངོས་ཡོད་རེད། དེས་ན་གུས་པས་གླེང་འདོད་པའི་མངོན་བརྗོད་ཀྱི་ལོ་རྒྱུས་འདི་ཡང་འཇིག་རྟེན་འདིར་ཐོག་མར་འབུས་ལུགས་བར་དུ་རྒྱས་ཚུལ་ད་ལྟ་ཇི་ལྟར་གནས་བཞིན་པ་སོགས་ཀྱི་བརྒྱུད་རིམ་མང་པོ་ཞིག་ཡོད་པ་རྣམས་གང་ཤེས་ཅི་ནུས་ཀྱི་སྒོ་ནས་ཞུ་ན་འདོད།

དེ་ལ་འདིར་མངོན་བརྗོད་ནི་རིག་གནས་ཀྱི་ནང་གསེས་གཅིག་ཡིན་པས་དངོས་གནས་བྱས་ན་དང་པོ་ཉིད་ནས་རིག་གནས་ཀྱི་ངོ་བོ་ཞིག་ངོས་གཟུང་དགོས་པ་སྨོས་མི་དགོས་ཀྱང་། ཕྱི་ལོ་2 ༡༨༧༡ ལོར་དབྱིན་ཇིའི་མིའི་རིགས་ཀྱི་རིག་པ་བ་ཨེཌ་ཝཱརཌ་བྷར་ནེཊ་ཊའེ་ལོར་(Edward Burnett Tylor)ཞེས་པས་རིག་གནས་ཀྱི་ངེས་ཚིག་གམ་ངོ་བོ་གཏན་ལ་ཕབ་པ་ནས་ཕྱི་ལོ་ ༡༩༥༡ བར་དུ་ལ་རིག་གནས་ཀྱི་ངེས་ཚིག་མི་འདྲ་བ་ ༡༦༤ ཙམ་བྱུང་ཡོད་པ་དང་། ད་ལྟ་དེ་ལས་ཀྱང་མང་ནའང་ཀུན་ཀྱིས་ཐུན་མོང་དུ་ཁས་བླངས་པའི་ངོ་བོ་ཞིག་ད་དུང་ཡང་བྱུང་མེད་ཚོད་འདུག་པས་ཁོ་བོས་ཀྱང་རིག་གནས་སྤྱི་ལ་ཁྱབ་པའི་མཚན་ཉིད་ངོས་འཛིན་ཕོད་པ་མི་འདུག་གོ།

བཤད་བྱའི་དཀྱུས་སུ་གཞུག་པ།

ལར་ནས་ཡོངས་སུ་གྲགས་པའི་རིག་གནས་བཅུ་དང་དེ་ལས་གཞན་པའི་རིག་གནས་ཡོད་ཚད་ནི་མིའི་རིགས་ཀྱི་མངོན་འདོད་སྒྲུབ་པའི་ཆེད་དུ་མིས་བསྐྲུན་པ་ཤ་སྟག་ཡིན་པས། མངོན་བརྗོད་ཀྱང་འགྲོ་བ་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ནས་བྱུང་བ་སྟེ། དཔེར་ན་ད་ལྟའི་བར་དུ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ ༡༥༧ ཙམ་དང་། ཉི་མའི་མངོན་བརྗོད་ ༡༨༡ ཙམ་བྱུང་ཡོད་པ་ཐམས་ཅད། ཐོག་མར་ཅ་དངོས་གང་ཞིག་ལ་འདོད་རྒྱལ་མཁན་པོས་རང་ཉིད་ཀྱི་མངོན་འདོད་གཞི་རུ་བཟུང་ནས་མིང་བཏགས། ཕྱིས་སུ་མིང་དེ་ཡོངས་ཁྱབ་ཏུ་སོང་ནས་མི་རྣམས་ཀྱིས་བཀོལ་སྤྱོད་བྱས་པ་དང་། སླར་མིང་དེ་ལྡན་གྱི་དངོས་པོ་དག་ལ་བྱེད་ལས་ཀྱི་ནུས་པ་དང་འདྲ་འབྲེལ་གང་རུང་། དེ་བཞིན་དུ་རྒྱུ་འབྲས་རྟེན་འབྱུང་གི་རིགས་པ་དང་གྲུབ་མཐའི་རྟོག་བཏགས། དངོས་བྱུང་ལོ་རྒྱུས་དང་ཡུལ་ལུང་སོ་སོའི་བཤད་སྒྲོས་སོགས་མདོར་ན་རྒྱུ་མཚན་ཡང་དག་དང་ལྟར་སྣང་ཅི་རིགས་ལ་བརྟེན་ནས་དོན་གཅིག་ལ་མིང་གི་རྣམ་གྲངས་མི་འདྲ་བ་དུ་མ་ཐོགས་ཡོད་པ་རེད། དཔེར་ན་ཟླ་བ་ལ་འདོད་རྒྱལ་མཁན་པོས་ཟླ་བ་ཞེས་བཏགས་པ་ན། རྗེས་སུ་ཟླ་བར་བསིལ་བའི་བྱེད་ལས་སམ་ནུས་པ་ལྡན་པའི་ཆ་ནས་“བསིལ་སྦྱིན་མཁན་”བཏགས་པ་དང་། ཉི་མ་ནོར་བུ་དང་འདྲ་བའི་ཆ་ནས་“ནམ་མཁའི་ནོར་བུ།” རྒྱ་མཚོ་ལས་རིན་པོ་ཆེའི་རིགས་མང་པོ་བྱུང་བས་“རིན་ཆེན་འབྱུང་གནས་”སོགས་འབྲེལ་བ་རྒྱུ་མཚན་གྱིས་དང་། དེ་བཞིན་དུ་རྒྱུ་འབྲས་རྟེན་འབྱུང་གི་དབང་གིས་ཟླ་བ་འཆར་བ་ན་རྒྱ་མཚོ་རྒྱས་ཀྱི་ཡོད་པས་རྒྱ་མཚོ་ལ་“ཟླ་བས་འཕེལ་”བསྙད་པ་ལྟ་བུ་དང་། དངོས་བྱུང་ལོ་རྒྱུས་ལ་བརྟེན་ནས་བཏགས་པ་བདག་ཅག་གི་སྟོན་པ་ལ་“ཟས་གཙང་སྲས་”དང་“བུ་རམ་ཤིང་པ་”ཐོགས་པ་ལྟ་བུ་ཡིན་ལ། དེ་མཚུངས་གྲུབ་མཐའི་རྟོག་བཏགས་ཀྱི་སྒོ་ནས་བསྙད་པ་རྒྱ་གར་གྱི་ཆུ་མོ་གངྒཱ་ལ་“ཛ་ཧུའི་བུ་མོ་”དང་ཟླ་བ་ལ་“བདེ་འབྱུང་གཙུག་རྒྱན་”དུ་གྲགས་པ་ལྟ་བུའོ། །མདོར་ན་གྲུབ་མཐའ་སྨྲ་བ་དང་མི་ཕལ་པ་སུ་ཡང་རུང་བའི་མཐོང་སྣང་གཞི་རུ་བྱས་ནས་དོན་གཅིག་ལ་མིང་མི་འདྲ་བ་དུ་མ་བསྙད་པའི་རིག་གནས་གང་ཡིན་པ་དེ་ལ་དམ་པ་གོང་མ་རྣམས་ལ་མངོན་བརྗོད་ཅེས་ཡོངས་སུ་གྲགས་པ་ལགས་སོ།།

མངོན་བརྗོད་ཀྱི་གཞུང་ལུགས་ཇི་ལྟར་བྱུང་བའི་ཚུལ།

དེ་ལྟར་མི་རྣམས་ཀྱི་མངོན་འདོད་དང་མཐོང་སྣང་གྲ་ཇེ་རྒྱས་སུ་ཕྱིན་པ་ན་ལྟ་གྲུབ་སྨྲ་བ་མི་ཉུང་བ་ཞིག་བྱུང་ཞིང་། དེ་དག་གིས་རང་རང་སོ་སོའི་བཀའ་བསྟན་དུ་བཀོལ་སྤྱོད་བྱས་པའི་མིང་རྣམས་ལ་འགྲེལ་བཤད་ཀྱི་ཚུལ་དུ་ཕྱོགས་བསྒྲིགས་བྱེད་པའི་སྲོལ་གཏོད་པར་གྲགས། རྒྱ་གར་ལ་མཚོན་ན་ལྟ་གྲུབ་སྨྲ་བ་ཐམས་ཅད་ཀྱི་ཐོག་མ་གྲངས་ཅན་པ་ཡིན་པ་དང་། ཁོང་ཚོའི་གཞུང་ལུགས་དག་ཏུ་གྲངས་དང་རྣམ་གཞག་མང་ལ་གྲུབ་མཐའི་བཀོལ་བྱའི་མིང་རྣམས་ཀྱང་འཇིག་རྟེན་ཡོངས་ཁྱབ་ལ་མ་གྲགས་པ་མང་པོ་སྤྱད་ཡོད་དེ་དཔེར་ན། “རྡུལ།” “མུན་པ།” “སྙིང་སྟོབས་”ལྟ་བུ་སྐོར་རྒྱན་རང་བཞིན་ཅན་གྱི་མིང་ཚིག་དང་། ཕལ་པའི་སྤྱོད་ཡུལ་ལས་འདས་པ་ལྷ་ཡིས་འཇོན་རབས་དང་བདུད་ཀྱིས་ཕུང་རབས་སོགས་ལྷ་སྒྲུང་དང་འདྲེ་སྒྲུང་གི་ལྟ་གྲུབ་བསྐྲུན་པའི་ཁྲོད་ནས་རིམ་གྱིས་ཆགས་པའི་མིང་རྣམས་གཙིགས་སུ་བཟུང་སྟེ། འཕགས་ཡུལ་འདིར་མངོན་བརྗོད་ཀྱི་གཞུང་ཐོག་མར་སེར་སྐྱ་པའི་རྗེས་འཇུག་ཚོས་བརྩམས་པར་གྲགས་མོད། དེའི་སྔོན་དུ་ཡུལ་ལུང་གཞན་རྣམས་སུ་མངོན་བརྗོད་ཀྱི་བསྟན་བཅོས་ཁྱོན་ནས་བྱུང་མེད་པར་འདོད་ན་ཅུང་ཁ་ཆེ་བར་སེམས་ཏེ། བསྟན་བཅོས་རྩོམ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་དེ་ཡི་གེ་ཡིན་པ་མཁས་བླུན་སུ་ཡང་མི་འཇུན་ཞིང་། རྒྱ་གར་གྱི་ཡི་གེ་ཀུན་ཀྱི་ཕྱི་མོ་སྟེ་བྲཧྨ་ཞེས་པ་ནི་ཕྱི་ལོའི་སྔོན་གྱི་དུས་རབས་བདུན་པའམ་བརྒྱད་པ་3ཙམ་ནས་བྱུང་བར་གྲགས།

ཡི་གེ་དེ་མ་བྱུང་གོང་དུ་གདོད་མའི་ཡི་གེ་བཀོལ་བའི་བརྩམས་ཆོས་མེད་ཆེ་ནའང་། ལོ་རྒྱུས་ཀྱི་རིན་ཐང་ཆེ་བའི་གནའ་རབས་ཡི་གེ་སྤྱད་པའི་བརྩམས་ཆོས་ཡོད་པར་སྙམ་སྟེ་འཛེར་ཡིག་གི་རྗེས་སུ་ཨེ་ཅིབ་(Egypt)4ཀྱི་མིས་བཟོས་པའི་ལྷ་ཡིག་ཅེས་པའི་ཡི་གེ་གསར་སྐྲུན་བྱས་པའི་བརྐོ་བྲིས་དང་བཙུན་བྲིས་དམངས་བྲིས་གསུམ་གྱི་ནང་གསེས་བཙུན་བྲིས་ཀྱི་ཡིག་གཟུགས་བཀོལ་ནས་གྲུབ་མཐའི་གཞུང་ལུགས་བྲིས་སྐད་འདུག་ན། མངོན་བརྗོད་ཀྱི་བསྟན་བཅོས་ཀྱང་མ་བརྩམས་པའི་སྒྲུབ་བྱེད་དེ་ཙམ་མེད་ལ། ད་དུང་ཁ་གསལ་པོར་བཤད་ན་“འཛམ་བུ་གླིང་གི་ཡི་གེ་ལ་སྐྱེས་ནས་དར་བའི་དུས་སྐབས་རིམ་པ་སྔ་ཕྱི་གསུམ་དུ་སྣང་སྟེ། གདོད་མའི་ཡི་གེའི་དུས་སྐབས་དང་། གནའ་རབས་ཡི་གེའི་དུས་སྐབས་དང་། དབྱངས་གསལ་ཡི་གེའི་དུས་སྐབས་སོ།།”5 དེ་དག་ལས་རྒྱ་གར་གྱི་ཡི་གེ་ཀུན་ཀྱི་ཕྱི་མོ་བྲཧྨ་ཞེས་པ་ནི། རྒྱ་གར་བ་རང་གིས་གསར་གཏོད་བྱས་པར་འདོད་པའི་ལུགས་དང་ཡུལ་གཞན་ནས་བྱུང་བར་འདོད་པ་གཉིས་ཡོད་ཅིང་། གཞན་ནས་བྱུང་བར་འདོད་པ་ལའང་འདོད་པ་མི་འདྲ་བ་མང་མོད་ཡི་གེ་འདི་ཡི་གཟུགས་ཕལ་མོ་ཆེ་ཨ་ར་མའི་(Aramaic)དབྱངས་གསལ་ཡི་གེའི་རྣམ་པ་དང་འདྲ་བས། དེ་ལས་བྱུང་བར་འདོད་པ་དེ་འཐད་ཕྱོགས་སུ་འཛིན་དགོས་པ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས། དེ་ལྟར་ན་ཨ་ར་མའི་ཡི་གེ་ནི་དབྱངས་གསལ་ཡི་གེའི་མ་ལག་བཞི་རུ་གྱེས་པའི་གཅིག་ཡིན་ལ། དབྱངས་གསལ་ཡི་གེ་མ་བྱུང་བའི་སྔོན་དུ་གནའ་རབས་ཡི་གེ་བྱུང་ནས་མི་རྣམས་ཀྱིས་བཀོལ་ཡོད་པ་གོང་དུ་ཞུས་ཟིན་ཏོ།།

གང་ལྟར་ཡང་སྔར་བཤད་བཞིན་མངོན་བརྗོད་ཀྱི་གཞུང་ནི་རྒྱ་གར་དུ་གྲངས་ཅན་པ་ཚོས་ཐོག་མར་བརྩམས་པ་དང་དུས་ཕྱིས་སུའང་ཕྱི་རོལ་པའི་མཁས་དབང་མང་པོས་མངོན་བརྗོད་ཀྱི་གཞུང་དུ་མ་ཞིག་མཛད་པར་བདེན་ན་ཡང་། རང་རེ་བོད་ཡུལ་ལྗོངས་སུ་ནི་སྔ་འགྱུར་ལོ་ཙཱ་བ་རྣམས་ཀྱིས་སྙན་ངག་དང་མངོན་བརྗོད་ཀྱི་བསྟན་བཅོས་སོགས་བསྒྱུར་གནང་མེད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ནུས་ལ། ས་སྐྱ་པཎྜི་ཏས་6རྗེ་བཙུན་འཕགས་མ་གྲོལ་མས་རྗེས་སུ་བཟུང་བའི་འཕགས་ཡུལ་གྱི་པཎྜི་ཏ་འཆི་མེད་སེང་གེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ལས། བོད་ལ་མི་མཁོ་བའི་རྟགས་ཀྱི་དབྱེ་བ་སོགས་དོར་ནས་གོ་བདེ་བའི་ཆེད་དུ་བོད་སྐད་ཕལ་པ་འགའ་ཞིག་བསྣན་ཏེ་སྐབས་དང་པོ་ཙམ་བསྒྱུར་པ་དང་། ལྷག་པར་དུ་ཕྱི་ལོ་ ༡༢༤༠ ཡས་མས་སུ་བྱོན་པའི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་གཞུང་“མེ་ལོང་མ་དང་། བསྟན་བཅོས་དཔག་བསམ་འཁྲི་ཤིང་། གླུ་ཀུན་ཏུ་དགའ་བ་སོགས་མངོན་བརྗོད་ཀྱི་ཐ་སྙད་ཀྱིས་བརྒྱན་པ་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་”7ནས་བཟུང་། སྙན་ངག་ལ་འཆད་ཉན་གྱི་ལུགས་སྲོལ་དར་ཆེ་རུ་སོང་བས་སམ་དེའི་དགོས་མཁོ་ལ་བརྟེན་ནས་གངས་རིའི་ལྗོངས་སུའང་མངོན་བརྗོད་ལ་དོ་སྣང་དམིགས་བསལ་བ་ཞིག་སླེབས་པ་འདྲ་སྟེ། ཕྱིས་ཀྱི་མཁས་པ་ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་མངོན་བརྗོད་འཆི་མེད་མཛོད་ཀྱི་གཞུང་ཆ་ཚང་བ་བོད་ཀྱི་སྐད་དུ་བསྒྱུར་གནང་བ་ལ་རྗེས་སུ་ཞ་ལུ་ལོ་ཙཱ་བས་8ཡིག་ཆ་འགའ་ཤས་ལ་ཁུངས་གཏུགས་ནས་འགྱུར་བཅོས་གནང་བ་མ་ཟད་འགྲེལ་པ་འདོད་འཇོའི་སྟོད་ཆའང་གསར་བསྒྱུར་གནང་། དེའི་རྗེས་སུ་སི་ཏུ་ཆོས་ཀྱི་སྣང་བས་བལ་ཡུལ་དུ་ཕེབས་ནས་རྒྱ་འགྲེལ་དུ་མ་བཙལ་གནང་བས་སུ་བྷཱུ་ཏིའི་འགྲེལ་པ་འདོད་འཇོ། བྲམ་ཟེའི་པཎྜིཏའི་འགྲེལ་པ་རྣམ་བཤད་བདུད་རྩི། ཚིག་གི་ཟླ་འོད། འོད་ཟེར་ཅན་དང་། དཀའ་འགྲེལ་སོགས་འགའ་ཞིག་ཕྱག་ཏུ་སོན་ཅིང་། བིཥྞུ་པ་ཏི་སོགས་བྲམ་ཟེ་མཁས་པ་འགའ་ལ་དཀའ་གནས་རིགས་འདྲི་མོལ་གནང་ནས། ནང་པའི་པཎྜིཏ་ཆེན་པོ་རབ་འབྱོར་ཟླ་བས་མཛད་པའི་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོའི་བ་མོ་ཞེས་པ་རྟགས་བསྡུ་བའི་མཇུག་ཅུང་ཟད་རྒྱ་དཔེར་མ་ཚང་བ་མ་གཏོགས་ཡོངས་སུ་རྫོགས་པ་བསྒྱུར་གནང་བས་མཚོན། སྔ་ཕྱིའི་མཁས་པ་མང་པོས་སློབ་དཔོན་དཔལ་འཛིན་སྡེས་མཛད་པའི་སྣ་ཚོགས་གསལ་བ་ལ་སོགས་པ་དུ་མ་བསྒྱུར་གནང་བ་ལགས་སོ།།

སྔ་འགྱུར་ལོ་ཙཱ་བས་མ་བསྒྱུར་པའི་རྒྱུ་མཚན་འཚོལ་བ།

གོང་བཤད་བཞིན་སྔ་འགྱུར་ལོ་ཙཱ་བ་རྣམས་ཀྱིས་མངོན་བརྗོད་དང་སྙན་ངག་གི་གཞུང་བསྒྱུར་གནང་མེད་ཅིང་། མ་བསྒྱུར་པའི་རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་ཁུངས་མ་དུ་མའི་ནང་དུ་གསལ་བ་ལྟར་མཁན་སློབ་ཆོས་གསུམ་ཞལ་གྲོས་གནང་ནས་མཁན་ཆེན་ཞི་བ་འཚོ་ཡི་ལྟ་སྤྱོད་དང་མི་མཐུན་པའི་དཔེ་ཆ་སྒྱུར་མི་ཆོག་པ་རྒྱལ་པོས་བཀའ་ཁྲིམས་བཅས་ཡོད་པར་མ་ཟད། བོད་སྐྱོང་བསྟན་མ་བཅུ་གཉིས་ལ་བོད་དུ་བསྟན་པ་དེ་དང་མི་མཐུན་པའི་རིག་བྱེད་ཀྱི་ཆོས་དཔེ་དང་དེ་རྒྱུན་འཛིན་གྱི་གང་ཟག་སུ་ཡང་གཏོང་མི་ཆོག་པའི་བཀའ་བསྒོས་དམ་བཞག་གནང་བའི་རྒྱུ་མཚན་གྱིས་མ་བསྒྱུར་པ་ལས། ཆོས་དང་རིག་གཞུང་གང་ལའང་ཕན་ཐོགས་མེད་པར་གཟིགས་ནས་བསྐྱུར་བ་མིན་ནོ། །གལ་ཏེ་དེ་ལྟར་བདེན་ན་ཕྱིས་ཀྱི་མཁས་དབང་དེ་ཚོས་ཀྱང་སྒྱུར་མི་སྲིད་པ་མ་ཡིན་ནམ། འོ་ན་ས་སྐྱ་པཎྜི་ཏས་གོང་གི་རྩ་ཁྲིམས་དེ་དག་ལས་འགལ་བ་ཡིན་ནམ་སྙམ་ན། སྤྱིར་ཁོང་གི་སྐུ་དུས་སུ་གངས་རིའི་ལྗོངས་འདིར་བཙན་པོའི་དབང་ཡོད་ཤོད་མཁན་མེད་པ་དང་། རྗེ་ཉིད་ལ་ཆོས་སྐྱོང་བྲན་དུ་བཀོལ་བའི་ནུས་པ་ཡོད་པ། ཁོང་རང་བོད་མི་ཐུན་མོང་གིས་ཁས་ལེན་པའི་མཁས་དབང་ཆེན་པོ་ཞིག་ཡིན་པ་དང་། དབང་ཆ་ཡང་གང་འཚམས་ཡོད་པའི་རྒྱུ་མཚན་དུ་མ་ཚང་བས་རྗེ་འདི་ཉིད་ཀྱིས་གཞུང་དེ་འདྲ་བསྒྱུར་པ་ལ་སྐུ་ངལ་ཕྲད་མེད་ཚོད། དེའི་རྗེས་ཀྱི་ལོ་ཙཱ་བ་རྣམས་ལའང་མགོན་པོ་དེ་ཉིད་ཀྱི་སྐུ་དྲིན་ལ་བརྟེན་ནས་སྐུ་ངལ་དེ་ཙམ་མ་ཕྲད་པ་རེད་སྙམ། དེ་ལྟར་ཡིན་ཆེ་ནའང་མངོན་བརྗོད་འཆི་མེད་མཛོད་ནི་ནང་པའི་མཁས་དབང་ཞིག་གིས་མཛད་པ་ཡིན་པས་ནང་གཞུང་མིན་ནམ། དེས་ན་སྔ་འགྱུར་བའི་ལོ་ཙཱ་བས་ཅིའི་ཕྱིར་མ་བསྒྱུར་པ་ལགས་སྙམ་ན། བདེན་མོད་གཞུང་འདིར་ཕྱི་རོལ་རིག་བྱེད་ཀྱི་རྟོག་སྒྲུང་དང་ལྟ་སྤྱོད་ཀྱི་ཆ་གང་མང་འབྱུང་གི་ཡོད་པས་སམ། རྩ་བ་ཤེས་རབ་ཀྱིས་མཚོན་སྔ་འགྱུར་བའི་ལོ་ཙཱ་བས་བསྒྱུར་པའི་གཞུང་རྣམས་སུ་གསལ་བ་ལྟར་ཁོང་ཚོའི་གྲུབ་མཐའ་འགོག་བྱེད་ཀྱི་རིགས་ལམ་སྤུ་ཙམ་ཡང་གཞུང་དེར་མི་མངོན་པ་སོགས་རྒྱུ་མཚན་མང་ངོ་། །རྒྱུ་མཚན་དེ་ཚོ་ནི་ཁོ་བོ་ཉིད་ཀྱི་རྣམ་རྟོག་ཁོ་ན་ཡིན་པས་ད་དུང་དེ་ལས་ལྷག་པའི་རྒྱུ་མཚན་དུ་མ་ཡོད་མི་སྲིད་པ་ག་ལ་ཡིན། གཅིག་བྱས་ན་ངས་བཤད་པ་དེ་ཚོ་ཁྱོན་ནས་མ་འགྲིག་པ་ཡང་སྲིད། ངོས་གཞན་ཞིག་ནས་བཤད་ན་ངས་ཀྱང་སྔར་གྱི་ལོ་རྒྱུས་དུ་མ་ལ་མིག་གཡོས་པའི་རྗེས་སུ་རིགས་འགྲེས་ཀྱི་ཚུལ་དུ་སྨོས་པ་ཡིན་གཤིས་དེ་ཙམ་ནོར་བ་མེད་ཚོད་ཡིན།

བོད་དུ་བྱུང་བའི་མངོན་བརྗོད་ཀྱི་གཞུང་གླེང་བ།

ད་ནི་བོད་དུ་བྱུང་བའི་མངོན་བརྗོད་ཀྱི་བསྟན་བཅོས་འགའ་ཞིག་ངོས་གཟུང་བར་བྱ་སྟེ། དེ་ཡང་ས་པཎ་གྱིས། བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་མེད། །ལེགས་པར་ཤེས་ནས་འཆད་པ་ཁོ་བོ་ཙམ། །ཞེས་པཎྜི་ཏ་ཉིད་ཀྱིས་ཞལ་བཞེས་གནང་བ་ལྟར་བོད་རང་གི་སྐད་ནས་མངོན་བརྗོད་ཀྱི་བསྟན་བཅོས་ཆེས་ཐོག་མ་ནི་མཁས་པའི་དབང་པོ་འདི་ཉིད་ཀྱིས་མཛད་པའི་ཚིག་གི་གཏེར་ལགས་སོ།།

དེའི་རྗེས་སུ་བོད་ཀྱི་མཁས་པ་དུ་མས་རྒྱ་དཔེ་ནས་བསྒྱུར་པ་དང་རང་རེའི་སྐད་དུ་བརྩམས་པ་སོགས་མཐའ་ཡས་པ་ཞིག་བཞུགས་ཡོད་པ་ལས། མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ནི་སྡེ་པ་རིན་སྤུངས་པ་ངག་དབང་འཇིག་རྟེན་གྲགས་པས་ཕྱི་ལོ་ ༡༥༢༦ ལོར་བརྩམས་གནང་བ་ཞིག་ཡིན་ལ། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་“དེ་སྔོན་བོད་ཀྱི་མཁས་པས་བརྩམས་པའི་མངོན་བརྗོད་ཀྱི་བསྟན་བཅོས་ནང་ནས་རྒྱས་ཤོས་ཤིག་ཡིན་”9པར་ཞལ་བཞེས་གནང་བ་ལྟར་ད་ལྟའི་བར་དུ་མཛད་རྗེས་ཆེ་བའི་གྲས་ཤིག་ཡིན་འདུག་པ་དང་།

དེ་བཞིན་དུ་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་འཆི་མེད་མཛོད་ཀྱི་གཞུང་ལ་བརྟེན་ནས་ལེགས་པར་སྦྱར་བའི་སྐད་ཀྱི་མིང་དང་རྟགས་ཀྱི་འཇུག་པ་གསལ་བར་བྱེད་པའི་བསྟན་བཅོས་ལེགས་བཤད་སྒོ་བརྒྱ་འབྱེད་པའི་ལྡེ་མིག པཎྜི་ཏ་དཔལ་འཛིན་སྡེས་མཛད་པའི་མངོན་བརྗོད་ཀྱི་གཞུང་སྣ་ཚོགས་ལས་བཏུས་པ། དཔལ་ཁང་ལོ་ཙཱ་བ་ཆེན་པོས་མཛད་པའི་མིང་གི་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་མངོན་བརྗོད་ཉེར་མཁོ་བསྡུས་པ། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་སྙན་ངག་མེ་ལོང་གི་མངོན་བརྗོད་རྣ་བའི་གླིང་བུ། འགོས་པདྨ་རྒྱལ་མཚན་གྱིས་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་སྐུ་ངལ་ཁྱད་དུ་བསད་ནས་བརྩོན་པ་ཆེན་པོས་བརྩམས་གནང་བའི་གྲངས་ཀྱི་མངོན་བརྗོད་གཞུང་ཀུན་བསྡུས་པའི་མེ་ལོང་དང་། དེའི་དཀའ་འགྲེལ་མཁས་ཀུན་བཞེད་པ་གསལ་བ། མཁས་པའི་གཞུང་བརྒྱའི་མདུད་འགྲོལ་བཅས་དང་། དེང་སང་ང་ཚོའི་མིག་ལ་ཅུང་ཐོགས་ཆེ་བ་དངུལ་ཆུ་བླ་མ་ཆོས་བཟང་གིས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ལ་སོགས་པ་མང་དུ་མཆིས་ཀྱང་འདིར་གྲངས་ཙམ་སྨོས་པ་ལ་དགོས་པ་ཆེར་མི་འདུག ཁྱེད་དོན་གཉེར་ཅན་འགའ་ཤས་ལ་ཅིས་ཀྱང་དགོས་པ་ཡོད་ན་ནང་བསྟན་དཔེ་ཚོགས་ལྟེ་གནས་དྲ་བར་(BDRC)གཟིགས་པར་འཚལ།

གླེང་བ་ཉུང་ངུས་མཇུག་བསྡུ་བ།

འདིར་ཞོར་དུ་མངོན་བརྗོད་བེད་སྤྱོད་བྱེད་ཚུལ་སྟོང་མིན་ཙམ་ཞིག་ཞུས་ན། ཡི་གེ་བ་གསར་པ་འགས་མངོན་བརྗོད་བཀོལ་མ་ཤེས་ནས་དོ་བདག་སོ་སོས་གང་བྲིས་པ་དེ་གཞན་གྱི་མིག་ངོར་དགོད་བྲོ་བའི་རང་བཞིན་དུ་སོང་བ་མང་། དཔེར་ན་སྤྲིན་པ་ལང་ལོང་ངོགས་ནས་རྟ་བདུན་དབང་པོ་ཤར་འདུག་ལྟ་བུ་མི་དང་ཁྱོན་ནས་མི་འཚམས་པའི་གོས་སློག་གཡོགས་པ་དང་འདྲ་བར་བེད་སྤྱོད་གནང་གི་འདུག་པས། དེ་དག་ལ་ཞུ་རྒྱུར། ཁྱེད་ཀྱིས་མངོན་བརྗོད་ཀྱི་ཐ་སྙད་ཤེས་ཙམ་ལ་ཆོག་ཤེས་གནང་ན་འགྲིག་གི་མེད་པ་མཁྱེན་དགོས་པ་དང་། མངོན་བརྗོད་གང་དང་གང་ཡིན་ན་ཡང་རྒྱབ་ལྗོངས་རེ་རེ་ཡོད་པས་དེ་དག་ཧ་གོ་བའི་ཐོག་ནས་ད་གཟོད་བེད་སྤྱད་རྒྱུ་གནད་ཀྱི་དོན་པོ་ཆེ་རུ་འཁུམས་པ་མཁྱེན་དགོས།

ཡ་ད་ནི་ཉོག་ཆེ་བའི་ལོ་རྒྱུས་ལ་བློ་ཆུང་མིག་གིས་ཇི་ཙམ་བལྟས་ཀྱང་རྟོགས་དཀའ་བའི་རང་བཞིན་ལས་མ་འདས་ཀྱང་། མངོན་བརྗོད་ཀྱི་ལོ་རྒྱུས་འདི་འབྲི་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རང་ཉིད་ཀྱིས་ཤེས་ན་འདོད་པ་དེ་ཡིན་ལ། ཞོར་དུ་དེང་སང་ང་དང་མི་རིགས་གཅིག་པའི་སྤུན་ཟླ་ཚོས་མངོན་བརྗོད་ལ་བཟུང་བའི་འདུ་ཤེས་སམ་དགའ་ཞེན་ཇེ་ཆུང་དུ་སོང་བ་སོགས་ལ་དྲན་གསོ་ཡི་ཆེད་དུ་དམིགས་ནས། མངོན་བརྗོད་ཀྱི་ལོ་རྒྱུས་ཤིག་བྲི་འདོད་སྔ་ས་ནས་ཡོད་རུང་དུས་ཚོད་དང་ལེ་ལོའི་དབང་གིས་ལག་ལེན་མ་འཁྱོལ་ནས་ལུས་སོང་བས། ད་ལན་དཀའ་ངལ་ཏོག་ཙམ་ཕྲད་པ་ལ་མ་འཛེམས་པར་གང་ནུས་ཅི་ཐུབ་ཀྱིས་བྲིས་ཁུལ་ཡིན་ན་ཡང་། ནོར་བའི་ཆ་དུ་མ་ཞིག་ཡོད་ཆེ་བས་གཟུར་གནས་བློ་ལྡན་རྣམས་ཀྱི་མདུན་སར་བཟོད་པར་གསོལ་རྒྱུ་ལས་བྱ་ཐབས་གཞན་གང་ཡང་ལྷག་མི་འདུག་ཨང་།

སླར་སྨོན་པ།

རང་གཞན་གཞུང་ལུགས་ཆེ་ལ་ཐོས་བསམ་དང་། །དཔྱད་བརྗོད་ལ་སོགས་གང་ཞིག་བྱེད་འདོད་ཀྱང་།།
ཉེ་བར་མཁོ་བའི་མངོན་བརྗོད་གཞུང་བཟང་ལ། །མ་བརྟེན་བར་དུ་གཏིང་མཐའ་ག་ལ་རྙེད།།

སྔོན་བྱོན་ཆོས་སྤྱན་ལྡན་པའི་འཕགས་ཚོགས་ཀྱིས། །དགོངས་གཞི་དེ་ལ་དགོངས་ནས་རྒྱ་བོད་གཞུང་།།
དུ་མ་མཛད་ཀྱང་དེང་གི་དུས་སུ་ནི། །དོ་སྣང་བྱེད་མཁན་ཉུང་བའི་ཚུལ་འདི་སྐྱོ།།

མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས། །རྒྱ་གར་ཡུལ་གྱི་ཤིང་དང་མེ་ཏོག་རིགས།།
དུ་མ་ཞིག་ལ་ཞིབ་འཇུག་ནན་པོ་མཛད། །དེ་དག་མཐོང་ཚེ་དགའ་བ་འབུམ་གྱིས་མྱོས།།

འོན་ཀྱང་བོད་ཀྱི་ཐུན་མིན་ཆ་ལུགས་དང་། །གཡག་སོགས་དུད་འགྲོའི་རིགས་དང་བྱ་ཡི་ཚོགས།།
ཤིང་དག་མཚོན་པའི་མངོན་བརྗོད་ཤིན་ཏུ་ཉུང་། །དེ་དག་བསམས་ན་སྐྱོ་བ་ཅི་བས་བརྟས།།

ང་དང་མི་རིགས་གཅིག་པའི་སྤུན་ཟླ་ཚོ། །ཡ་མེད་ང་ཆེ་ཁྱོད་ཆེ་ཡིན་འདུག་ན།།
སྐད་ཆ་དེ་ཚོ་སུ་ལ་བཤད་དགོས་སམ། །དེ་བས་སྐྱོ་བ་རླུང་ལ་སྤུར་བ་ཡིན།།

ད་ནི་སྐྱོ་གཏམ་བཤད་ན་རྫོགས་མཐའ་མེད། །ལྷག་བསམ་དཀར་པོས་བྱས་པའི་རྩོམ་ཐུང་འདིར།།
ནོར་བ་གང་ཡོད་མཁས་པའི་མདུན་དུ་བཤགས། །དགེ་ཆ་མ་ལུས་བོད་ཡིག་དར་ཆེད་བསྔོ།།

ཕྱི་ལོ་ ༢༠༡༨ ཟླ་བ་ ༠༩ ཚེས་ ༡༦ ཉིན་རྫོགས་པར་བྲིས།

གསལ་བཤད། མངོན་བརྗོད་ཀྱི་ལོ་རྒྱུས་འདི་དང་མཉམ་དུ་མངོན་བརྗོད་ཀྱི་དབྱེ་བ་དག་ཀྱང་འབྲི་དགོས་པ་རེད་མོད་ཡིན་ན་ཡང་དགོས་པ་དེ་ཙམ་མ་མཐོང་བས་བསྐྱུར་བ་ཡིན།

  1. གུད་ཞེད་ནི། གུས་བཀུར་དང་ཞེད་སྣང་འདྲེས་མའི་སེམས་བྱུང་ཞིག་ལ་གོ་བ་སྒོ་ཤེས་རབ་རྒྱ་མཚོས་«ཧི་མ་ལ་ཡའི་ཕར་ཚུར་»དུ་གསུངས་ཡོད།
  2. ཕྱི་ལོ་དང་སྤྱི་ལོ་གཉིས་ཀ་འབྲི་སྲོལ་འདུག་ནའང་གུས་པས་ཕྱི་ལོ་འཐད་ཕྱོགས་སུ་མཐོང་བས་རྩོམ་ཐུང་འདིར་ཕྱི་ལོ་ཁོ་ན་སྤྱད་པ་ཡིན།
  3. དགེ་ཆོས་ལགས་ཀྱིས་ཡི་གེ་འདི་སྟོན་པ་ཞལ་བཞུགས་སྐབས་བྱུང་བར་གསུངས་འདུག་ཀྱང་། ང་རང་ཉིད་ཀྱི་བློས་ལོ་རྒྱུས་ཀྱི་ངོ་གདོང་ལ་གཞིགས་ནས་མནོ་བསམ་ག་ཚོད་བཏང་ནའང་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་དེ་འཐད་པ་འདྲ་ཞིག་མཐོང་བྱུང་བས་དེ་ལ་ཡིད་རྟོན་བྱས་པ་ཡིན།
  4. འདི་ལ་བོད་ཡིག་ཏུ་ཨེད་ཅི་བྲིས་པའང་འདུག
  5. ཚིག་དེ་ཚོ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་«འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་»ནས་གཡར་བ་ཡིན།
  6. ཕྱི་ལོ་ ༡༡༨༢ ནས་ ༡༢༥༡ བར།
  7. ཚིག་དེ་ཚོ། ཕྱི་ལོ་ ༡༩༨༡ ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་བའི་མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་ཁ་རྒྱན་གྱི་འགོ་བརྗོད་ནས་གཡར་བ་ཡིན།
  8. ཕྱི་ལོ་ ༡༤༤༡ ནས་ ༡༥༢༧ བར།
  9. ཚིག་དེ་ཚོ་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱི་རེད། ཕྱི་ལོ་ ༡༩༨༡ ལོའི་མི་རིགས་དཔེ་སྐྲུན་ཁང་གི་པར་མ། མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་ཁ་རྒྱན་གྱི་མ་དཔེའི་སྐོར་གྱི་གསལ་བཤད་ཅེས་པ་ནས་གཡར་བ་ཡིན།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།