ཕྲིན་ལས་མཐར་ཕྱིན། ལོ་རིམ་བརྒྱད་པ།
ལས་ཀའི་གུང་སེང་དང་བསྟུན་ནས་ཚུལ་ཁྲིམས་རང་ཁྱིམ་དུ་འབྱོར་ཡོད་པས། ཚུལ་ཁྲིམས་ཀྱི་ནང་མི་ཀུན་པོར་དགའ་སྤྲོའི་འཛུམ་མདངས་འཕར་མ་ཞིག་རྒྱས་ཡོད། ཚུལ་ཁྲིམས་ཀྱིས་ཕྱི་ཡི་རྒྱལ་ཁབ་ལ་འགྲོ་སྐབས་ཀྱི་མྱོང་ཚོར་དང་ལོ་ངོ་དེ་དག་གི་རིང་སྡུག་དཀའ་ལས་རྒྱག་ཚུལ་སོགས་ཀྱི་གཏམ་རྒྱུད་ཅིག་ཤོད་བཞིན་པའི་སྒང་ཧོབ་དེ་ཁ་ལ་དྲན་སོས་ཀྱི་རྣམ་པས། “འོ་རེད། ང་དེ་རིང་གནམ་ཐང་དུ་འབྱོར་དུས་བློ་ལྡན་དེར་འདུག ཁོ་མི་ཞིག་ལ་བསྒུགས་ཡོད་ཟེར། ངེད་གཉིས་ཀྱིས་ཆུང་དུས་ཀྱི་འཚོ་བ་དང་ད་ལྟའི་འགྱུར་ལྡོག་གི་སྐོར་ལ་ལབ་གླེང་ཅུང་བྱས་ཏེ་ང་ལོག་ཡོང་དུས། ཁོ་ད་དུང་བསྒུགས་ནས་བསྡད་འདུག སུ་ལ་བསྒུགས་ཡིན་ནམ་”ཞེས་བཤད་པ་དང་། དེ་མ་ཐག་ཚུལ་ཁྲིམས་ཀྱི་ཕ་མ་གཉིས་པོས་གཅིག་ངོར་གཅིག་ལྟ་བྱེད་བཞིན། ཚུལ་ཁྲིམས་ཀྱི་ཨ་ཕས་ཅུང་ཧ་ལས་པའི་རྣམ་འགྱུར་གྱིས་“ཨ་ཁྱེད་ཀྱིས་ནོར་བ་མ་ཡིན་ནམ། བློ་ལྡན་འཇིག་རྟེན་འདི་དང་ཁ་བྲལ་ནས་ཟླ་བ་ཁ་ཤས་སོང་ཚར་རེད། དེ་འདྲ་ཡིན་རྒྱུ་མ་རེད།” ཅེས་ཡིད་མི་ཆེས་པའི་ངང་ནས་མགོ་བོ་གཡུག་གཡུག་བྱས། “ང་དང་ཐུག་པས་མི་ཚད་སྐད་ཆ་ཡང་བཤད་པ་ཡིན། ད་དེ་ག་འདྲ་ཡིན་ནམ།” ཞེས་ཚུལ་ཁྲིམས་ཀྱིས་སླར་ཡང་ནན་གྱིས་བཤད་པས། ཚུལ་ཁྲིམས་ཀྱི་ཨ་ཕས་མ་ནེ་ལ་མཛུབ་མོས་འཕུར་ཞོར་བསམ་གཞིག་ཅུང་བྱས་མཐར། “དོན་དག་འདི་འགོ་ནས་བསྔོག་དགོས་ན་རྙོག་གྲ་ཅན་ཞིག་རེད། རྡོ་འཚོ་དང་རྡོ་འཚོའི་བུ་མོ་དབང་མོ་མ་མད་གཉིས་ནི་དཔལ་འབྱོར་མེད་པའི་འཁོས་ཆུང་ཡིན་པའི་སྒང་། སྡེ་པ་ཚོས་ཀྱང་སྡང་ཟུག་ཆེ་ས་ཞིག་རེད། ངོ་མ་བཤད་ན་ལས་ངན་མ་མད་གཉིས་ལ་བརྩེ་བ་ལྷད་མེད་ཀྱིས་བདག་སྐྱོང་བྱེད་མཁན་ནི་བློ་ལྡན་རེད། བློ་ལྡན་གྱི་ཕ་མ་གཉིས་པོར་བློ་འབབ་དེ་ཙམ་མེད་ཀྱང་རྡོ་འཚོ་མ་མད་ལ་ཅི་ས་གང་ཐད་ནས་རོགས་གང་ཐུབ་བྱས་སོང་ལ། ལྷག་པར་སྤྲང་མིན་ལ་མ་ལྟོས་པར་དབང་མོར་སེམས་གཏིང་ནས་བརྩེ་བས་བསྐྱངས་སོང་། ན་ནིང་དབང་མོ་ཨ་རིར་འགྲོ་ཐུབ་པ་ཡང་ཆ་རྐྱེན་ཚང་མ་བློ་ལྡན་གྱིས་བསྐྲུན་པ་རེད། གཞུག་ལ་ཨ་རིར་སླེབས་རྗེས་བློ་ལྡན་དང་གྲོས་ཆད་བྱས་པ་ནང་བཞིན་ག་ལ་ཡོད་དེ། སྐབས་ཤིག་བློ་ལྡན་གྱིས་ཁ་པར་ཇི་ཙམ་བཏང་ནའང་ཡ་ལན་གཅིག་ཀྱང་མེད་པར་གྱུར། ཁྲེལ་ངོ་ཚ་མེད་པའི་བུ་མོ་དེ་སྐྱེས་པ་གཞན་དང་འགྲོགས་པའི་གནས་ཚུལ་རྣམས་གཅིག་རྗེས་གཉིས་མཐུད་དུ་གོ་ཡོང་དུས། བློ་ལྡན་ཡང་ཞེ་བློ་མི་བདེ་ཞིང་བྲེལ་ཟིང་ཅན་ཞིག་ཏུ་གྱུར་སོང་། དེ་ནས་ཉིན་རེ་བཞིན་སེམས་ཁྲལ་བྱས་ཤིང་རྡོ་འཚོའི་སར་སོང་ནས་དབང་མོའི་སྐོར་སྐད་ཆ་རེ་འདྲི་སྐབས། དང་ཐོག་དབང་མོའི་ཁ་པར་ད་ལྟ་བེད་སྤྱོད་མེད་ཚུལ་དང་། རྗེས་ནས་འབྲེལ་བ་བྱེད་ཐུབ་ཚུལ་སོགས་བཤད་ནས་མགོ་བསྐོར་གཏོང་གང་ཐུབ་བྱས། ཉིན་ཞིག་རྡོ་འཚོས་ཀྱང་ཁོའི་དྲི་བ་དག་ལ་ཉན་འཇོག་མི་བྱེད་པ་དང་། ཡ་མེད་ཀྱི་རྣམ་འགྱུར་སྐྱུག་བྲོ་བ་རེ་བསྟན་པས། བློ་ལྡན་ཧ་ཅང་གིས་སེམས་སྐྱོ་ནས་རྡོ་འཚོའི་ཕྲག་པ་ནས་བཟུང་སྟེ་དཀྲུག་འཐེན་ཞིག་བྱས་པ་དང་རྡོ་འཚོ་ས་ལ་འགྱེལ། དེའི་སྐབས་རྡོ་འཚོས་ཚིག་རྩུབ་ཅི་བྱུང་གང་ངན་སྨྲས་ཤིང་དབང་མོའི་གསང་བ་དག་ཀྱང་རེ་རེ་བཞིན་བཤད། ཉིན་དེའི་དགོང་མོའི་ཆུ་ཚོད་བཅུ་པ་ཡས་མས་ལ་བློ་ལྡན་ཁང་ཐོག་ནས་མཆོངས་ཏེ་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བ་རེད། བློ་ལྡན་བུ་ཡ་རབས་ཤིག་ཡིན་ནའང་ལས་ཀྱི་དབང་གིས་ཁོ་ལ་སྟབས་མ་ལེགས་པ་དེ་འདྲ་ཞིག་བྱུང་སོང་། ད་བཤད་ནས་གང་ཡོང་།” ཞེས་བཤད་དེ་ཇ་ཁམ་གང་རྔུབ་འཐུང་བྱས། ཚུལ་ཁྲིམས་ཀྱང་ཅང་མི་སྨྲ་བར་བསམ་གཞིག་གི་ཁྲོད་དུ་ལུས་ཡོད་ལ། ད་ལྟ་ཚུལ་ཁྲིམས་ཐེ་ཚོམ་གྱི་དྲ་བ་ཆེན་པོ་ཞིག་ཏུ་ཚུད་ཡོད་པ་ནི་དེ་རིང་དངོས་སུ་ཐུག་པའི་བློ་ལྡན་དང་། ཨ་ཕས་བཤད་པའི་གཏམ་རྒྱུད་སྐྱུར་མོ་དེ་རེད།
༡༡/༠༤/༢༠༡༨ ཉིན།