ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ལས་འཕྲོས་པའི་ཟིན་བྲིས་ཐར་ཐོར།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། བསྟན་འཛིན་ཆོས་འཕེལ།

དེ་ཁོ་ན་ཉིད་བསྡུས་པ་མཁན་ཆེན་གྱི་སྐུ་ཚེ་སྟོད་སྨད་དང་རྒྱ་བོད་གང་དུ་བརྩམས་མིན་རྩད་གཅོད་བྱས་པ།

བསྟན་བཅོས་འདི་མཁན་ཆེན་ཞི་བ་འཚོས་སྐུ་ཚེ་སྟོད་སྨད་གང་ལ་བརྩམས་མིན་སྐོར་བཤད་ན། འདི་རྩོམ་པའི་དུས་ནི་རྒྱ་གར་དུ་བཞུགས་རིང་སྐུ་ཚེའི་སྟོད་ལ་བརྩམས་ཡོད་པར་སྙམ་སྟེ།

༡) ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱི་ལོ་ ༧༦༡ ཡན་མན་ལ་མཁན་པོ་འདི་ཉིད་བོད་དུ་ཐོག་མར་གདན་དྲངས་ནས་སྐབས་དེར་ཟླ་བ་གསུམ་ཙམ་རིང་མ་གཏོགས་བཞུགས་ཐུབ་མེད་ཅིང་། བློན་པོ་ཆོས་ལ་གནག་པ་ཚོས་རྐྱེན་བྱས་ཏེ་བོད་ནས་བལ་ཡུལ་དུ་ཕྱིར་ཕེབས་དགོས་བྱུང་། དེའི་རྗེས་སློབ་དཔོན་པདྨ་འབྱུང་གནས་དང་ལྷན་སླར་ཡང་ཐེངས་གཉིས་པ་བོད་དུ་ཕེབས་ཤིང་། སྐུ་མ་གཤེགས་བར་དུ་ལོ་ངོ་དེ་ཙམ་མང་པོ་ཞིག་ཀྱང་བཞུགས་མེད་པ་ལོ་རྒྱུས་ཁག་ཏུ་གསལ་ཁ་ཡོད་པས། སྐུ་ཚེའི་སྨད་ལ་བོད་དུ་ཕེབས་ནས་བོད་རང་དུ་སྐུ་གཤེགས་པ་སོགས་ལ་དཔགས་ན། བསྟན་བཅོས་འདི་སྐུ་ཚེའི་སྟོད་ཕྱོགས་ལ་རྒྱ་གར་དུ་བརྩམས་པ་ཡིན་པར་ཚོད་དཔག་བྱེད་ཐུབ་པ་རེད་སྙམ།

༢) ཡང་སྒྲུབ་བྱེད་གཞན་ཞིག་ཡོད་པ་ནི། དེ་ཁོ་ན་ཉིད་བསྡུས་པ་དང་དེའི་དཀའ་འགྲེལ་གཉིས་ཀ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་བསྟན་པ་སྔ་དར་དུས་སུ་བསྒྱུར་ཡོད་པ་དཀར་ཆག་ལྡན་དཀར་མའི་ནང་བཀོད་ཡོད་པས། མཁན་པོ་ཡབ་སྲས་གཉིས་ཀས་དེ་སྔོན་ནས་གཞུང་འདི་དང་དཀའ་འགྲེལ་གཉིས་ཀ་བརྩམས་ཟིན་པ་ཤེས་ཡོང་།

༣) ད་དུང་ཞིབ་ཏུ་བསམ་བློ་བཏང་ན་མཁན་ཆེན་ཞི་བ་འཚོས་ཐོག་མར་དེ་ཁོ་ན་ཉིད་བསྡུས་པ་བརྩམས་ཟིན་ནས། དེའི་རྗེས་སུ་ཀ་མ་ལ་ཤཱི་ལས་གཞི་ནས་དཀའ་འགྲེལ་བརྩམས་པ་སོགས་ཀྱི་དུས་ཡུན་ལ་བལྟས་ན་མཁན་ཆེན་གྱིས་གཞུང་འདི་སྔ་ས་ནས་བརྩམས་པ་ཤེས་ཐུབ།

༤) ཁོང་རྒྱ་གར་དུ་འཚོ་བཞུགས་སྐབས་མཁས་པའི་སྙན་གྲགས་ཆེ་ཞིང་། ནཱལཱནྡཱའི་མཁན་པོ་མཛད་རྒྱུ་ཡང་ཁོང་གིས་དབུ་མ་རྒྱན་དང་གཞུང་འདི་སོགས་བརྩམས་པ་ལ་བརྟེན་ནས་བྱུང་བ་ཡིན་ཡང་སྲིད་དེ། བསྟན་བཅོས་དེ་གཉིས་ནི་དུས་མཉམ་མཉམ་ལྟ་བུ་ཞིག་ལ་མཛད་ཡོད་པར་ཤེས་ཐུབ་པ་ནི་གཞུང་གཉིས་པོའི་ཚིག་ཕན་ཚུན་ལ་འདྲ་མཚུངས་མང་པོ་ཡོད་པས་ཀྱང་དཔོག་ཐུབ་པ་རེད།

དེ་ཁོ་ན་ཉིད་བསྡུས་པ་ལ་འགྱུར་སྔ་ཕྱི་ཡོད་མེད་རྩད་གཅོད་བྱས་པ།

བསྟན་བཅོས་འདི་ལ་འགྱུར་སྔ་ཕྱི་གཉིས་ཡོད་པར་སྣང་སྟེ། རྒྱུ་མཚན་ནི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་བསྟན་བཅོས་འདིའི་མཚན་དེ་བཙན་པོའི་དུས་སྐབས་ཀྱི་བཀའ་བསྟན་འགྱུར་རོ་ཅོག་གི་དཀར་ཆག་གཉིས་ནང་དྲངས་ཡོད་དེ།

ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་གམ་དཀར་ཆག་ལྡན་དཀར་མ་ལས།1 བསྟན་བཅོས་འགྱུར་འཕྲོ་ལ། དབུ་མའི་གཞུང་ཞིབ་མོ་རྣམ་པར་འཐག་པ་རྩ་བ་དང་། འགྲེལ་པ་བཅས་གཉིས་དང་། དབུ་མའི་སྙིང་པོ་རྟོག་གེ་འབར་བ་རྩ་བ་དང་། འགྲེལ་པར་བཅས་པ་གཉིས། ཚད་མ་རྣམ་འགྲེལ། བམ་པོ་བཅུ་གཅིག རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་བརྒྱད། རྩོད་པའི་རིགས་པ། བམ་པོ་གཅིག ཚད་མ་དེ་ཁོ་ན་ཉིད་བསྡུས་པ་རྩ་བ་དང་འགྲེལ་པར་བཅས་པ་གཉིས། གསུང་རབ་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ལ་ཤློཀ་དང་། བམ་པོའི་གྲངས་གཏན་ལ་ཕབ་སྟེ་ཞུ་ཆེན་ཟིན་ཏོ་འཚལ་ཐམས་ཅད་འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་དུ་མཚན་བྱང་དཀར་ཆག་ཏུ་བཏབ་པ་རྫོགས་སོ། །ཞེས་དང་།

དཀར་ཆག་འཕང་ཐང་མ་ལས།2 བསྟན་བཅོས་ཞུ་ཆེན་མ་བགྱིས་པ། དབུ་མའི་གཞུང་ཞིབ་མོ་རྣམ་པར་འཐག་པ་རྩ་བ་དང་འགྲེལ་པར་བཅས་པ། བམ་པོ་གཉིས་ཞུ་ཆེན་མ་བགྱིས། བསྟན་བཅོས་སྒྱུར་འཕྲོ་དབུ་མའི་སྙིང་པོ་རྟོག་པ་ལ་འབར་བ། དབུ་མའི་སྙིང་པོ་རྟོག་པ་ལ་འབར་བའི་འགྲེལ་པ་སྒྱུར་འཕྲོ། བསྟན་པ་རྒྱས་པ་སྒྱུར་འཕྲོ། བམ་པོ་བཅུ་དྲུག གསང་བའི་གནས་སུ་བསྟོད་པའི་འགྲེལ་པ། བམ་པོ། ཏར་ཀའི་སྒྱུར་འཕྲོ། ཚད་མ་རྣམ་འགྲེལ་སྒྱུར་འཕྲོ། བམ་པོ་བཅུ་གཅིག བརྩད་པའི་རིགས་པ་སྒྱུར་འཕྲོ། ཤློཀ དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ། བམ་པོ། ཞེས་བསྟན་བཅོས་འདི་བསྟན་པ་སྔ་དར་དུས་སུ་སྒྱུར་འགོ་བཙུགས་ཟིན་ནའང་། སྐབས་དེར་འགྱུར་མཐར་ཕྱིན་མེད་རུང་དེའི་རྗེས་སུ་བསྒྱུར་ཡོད་ངེས་ཡིན་ཏེ།

པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཆོས་འབྱུང་གི་ནང་དུའང་བསྟན་བཅོས་འདི་དང་དཀའ་འགྲེལ་གཉིས་ཀ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ་བསྒྱུར་ནས་བསམ་ཡས་དང་ལྷ་ས་སོགས་སུ་འཆད་ཉན་ཅུང་ཙམ་དར་ཡོད་ཚུལ་གསུངས་འདུག་པ་ལས་དུས་ཕྱིས་ཡོངས་སུ་རྫོགས་པར་བསྒྱུར་ཟིན་ནས་འཆད་ཉན་ཅུང་ཙམ་དར་བ་རེད། འོན་ཀྱང་ད་ལྟ་དེའི་དཔེ་རྒྱུན་ནི་ཕལ་ཆེར་མེད་པ་འདྲ་སྟེ། སྡེ་དགེ་དང་། པེ་ཅིན། སྣར་ཐང་། ཅོ་ནེ་སོགས་ཀྱི་བསྟན་འགྱུར་ནང་བཀོད་མེད་པ་རེད།

ཡང་དུས་ཕྱིས་དུས་རབས་བཅུ་གཅིག་ནང་ཕེབས་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཀྱང་བསྒྱུར་ཡོད་དེ། ད་ལྟ་རང་རེའི་མཐོ་སློབ་ཀྱི་དགེ་སློབ་ཚོའི་ཕྱག་ཏུ་ཡོད་པའི་བསྟན་བཅོས་ཀྱི་འགྱུར་དེའི་མཇུག་བྱང་དུ། སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་ཀྱིས་མཛད་པ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་རྫོགས་སོ། །གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་ཕུན་ཚོགས་གླིང་དུ། རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ཀ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཅེས་གསུངས་འདུག

གཞན་ཡང་བུ་སྟོན་ཆོས་འབྱུང་དུའང་འདི་ལྟར་གསུངས་ཡོད་དེ།3 སློབ་དཔོན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་སྟོང་ཕྲག་བཅོ་བརྒྱད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར།

ཞེས་གསུངས་འདུག་པ་ལ་བལྟས་ན། བསྟན་བཅོས་འདི་བསྟན་པ་སྔ་དར་སྐབས་མཁན་སློབ་ཆོས་གསུམ་དུས་སུ་བསྒྱུར་ཡོད་པར་མ་ཟད། ཡང་དུས་རབས་བཅུ་གཅིག་ནང་བསྟན་པ་ཕྱི་དར་སྐབས་སུའང་བསྒྱུར་ཡོད་འདུག

དེ་ཁོ་ན་ཉིད་བསྡུས་པའི་མཚན་ལ་རྩད་གཅོད་བྱས་པ།

བསྟན་བཅོས་འདིའི་མཚན་ངོ་མ་ནི་ལེགས་སྦྱར་ཐོག་དེ་ཁོ་ན་ཉིད་བསྡུས་པ་ཞེས་པ་ཙམ་ལས་ཚད་མ་ཞེས་པའི་ཐ་སྙད་དེ་ལེགས་སྦྱར་ཡིག་ཐོག་ཏུ་མེད། བོད་སྐད་ཐོག་སྒྱུར་དུས་ཚད་མ་ཞེས་པའི་ཐ་སྙད་དེ་གསར་དུ་བསྣན་པ་རེད།

དེ་ནི་སྤྱི་ལོ་ ༨༡༢ ཡན་མན་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྐུ་དུས་སུ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། འཁོན་ཀླུའི་དབང་པོ་སོགས་ཀྱིས་མཛད་པའི་དཀར་ཆག་ལྡན་དཀར་མ་དང་། དཀར་ཆག་འཕང་ཐང་མ་གཉིས་པོའི་ནང་ཚད་མ་ཞེས་པའི་ཐ་སྙད་དེ་ཐོག་མར་སྦྱར་ཡོད་པར་གསལ་བ་ནི་གོང་ཞུས་ལྟར་ཡིན། དེས་ན་གཞུང་འདི་བསྟན་པ་སྔ་དར་དུས་སུ་བསྒྱུར་པའི་ཐོག་མ་ཉིད་ནས་ཚད་མ་ཞེས་པའི་ཐ་སྙད་སྦྱར་ཡོད་པ་རེད།

ཚད་མ་ཞེས་པའི་ཐ་སྙད་དེ་སྦྱོར་དོན་ནི་འདི་རེད་ཅེས་པའི་འགྲེལ་བཤད་ཁ་གསལ་ཞིག་ད་བར་མེད་ནའང་། འདིའི་ཐད་དུ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་འདི་ལྟར་གསུངས་ཡོད་དེ། “རྒྱ་དཔེར་དེ་ཁོ་ན་ཉིད་བསྡུས་པ་ཞེས་པ་ཙམ་ལས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞེས་མི་གསལ་ཡང་། དབུས་པ་བློ་གསལ་གྱི་གྲུབ་མཐའ་ལས། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞེས་གསལ་བ་ནི་རྣལ་འབྱོར་རྒྱུད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་དང་དབྱེ་བ་འབྱེད་ཕྱིར་གསལ་ཁ་གཏོད་པ་ཡིན་ཚུལ་གསུངས་ཡོད་”ཅེས་ཁང་དཀར་གྱིས་དེ་ལྟར་གསུངས་ནའང་། དབུས་པ་བློ་གསལ་གྱི་གྲུབ་མཐའ་དེ་ཞིབ་མོར་མཇལ་རྒྱུར་ཁོ་བོར་ཁོམ་ལོང་མ་བྱུང་།

འོན་ཀྱང་འགའ་ཞིག་གི་བསམ་ངོར་བསྟན་བཅོས་འདིའི་མཚན་ཟུར་དུ་ཚད་མ་ཞེས་སྦྱར་བ་དེ་གཞུང་འདི་ཚད་མའི་གཞུང་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྙམ་སྲིད་པ་རེད།

ཁོ་བོའི་བསམ་ཚུལ་ལྟར་ན་གཞུང་འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གཞུང་ཡིན་ཞིང་། རྩ་བའི་རབ་བྱེད་ཉེར་བདུན་ནང་དངོས་སུ་ཕྱི་དོན་མེད་པར་སྣང་བ་སེམས་སུ་བསྒྲུབས་རྗེས་མཐར་གཅིག་དུ་བྲལ་གཏན་ཚིགས་ཀྱིས་སྐྱེ་མེད་གཏན་ལ་ཕབ་པ་གཞུང་འདིའི་མཐར་ཐུག་གི་དགོངས་པ་རུ་གནས་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བསམས་ན་སྐབས་འདིའི་ཚད་མ་ཞེས་པ་དེ་ནི་ནམ་རྒྱུན་སྤྱིར་བཏང་གི་ཚད་མ་ཀུན་བཏུས་དང་། ཚད་མ་རྣམ་འགྲེལ་ཞེས་པའི་སྐབས་ཀྱི་བསྟན་བཅོས་དེ་དག་གི་མཚན་ཟུར་གྱི་ཚད་མ་དེ་ལྟ་བུ་ཙམ་ལ་གོ་རྒྱུ་མིན་པར། དེ་ལས་ཁྱབ་ཆེ་བ་དོན་དམ་འཇལ་བྱེད་ཚད་མ་སོགས་ལ་གོ་ནའང་མི་རུང་བ་མེད་སྙམ་མོ།།

ལེགས་སྦྱར་ཐོག་ཡོད་པའི་བསྟན་བཅོས་འདིའི་མིང་སྟེ་དེ་ཁོ་ན་ཉིད་བསྡུ་བ་ཞེས་པའི་མཚན་དེ་འདོགས་དོན་ནི། ཀ་མ་ལ་ཤཱི་ལའི་དཀའ་འགྲེལ་ལས།4 དེ་ལྟ་བས་ན་གང་ཐུན་མོང་མ་ཡིན་པའི་བྱ་བ་དེ་བསྟན་པར་བྱའོ། །དེ་ཁོ་ན་ཉིད་བསྡུ་བའི་མཚན་ཉིད་དེ་ཡང་བསྟན་བཅོས་འདི་ལ་ཡོད་པ་ཉིད་ཡིན་ནོ། །གང་གི་ཕྱིར་བསྟན་བཅོས་འདིས་དེ་ཁོ་ན་ཉིད་དེ་དག་དེ་དང་དེར་འཐོར་བ་རྣམས་ཉན་པ་པོའི་བློ་གཅིག་ལ་འགོད་པའི་མཚན་ཉིད་ཀྱི་བསྡུ་བ་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ཉིད་བསྡུ་བའི་སྒྲས་བསྟན་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་བྱ་བ་འདིའི་འབྲས་བུ་ནི་བསྟན་པར་བྱ་བའི་རྒྱུད་དུ་གཏོགས་པའི་དེ་ཁོ་ན་ཉིད་བདེ་བླག་ཏུ་རྟོགས་པ་ཡིན་ཏེ། དེ་ཡང་བསྡུས་པའི་སྒྲས་གསལ་བར་བྱས་པ་ཉིད་ཡིན་ནོ། །ཞེས་དང་། 5ཇི་སྐད་དུ་བཤད་པའི་ཁྱད་པར་དུ་བྱས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ན་ཉིད་དེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །དེ་དག་དེ་དང་དེར་རྣམ་པར་འཐོར་བ་རྣམས་གཅིག་ཏུ་སྡུད་པ་ནི་དོན་བསྡུས་པ་སྟེ། དོན་དེ་བསྟན་པར་བྱེད་པའི་ཕྱིར་གཞུང་ལ་ཡང་དེ་སྐད་དུ་བསྟན་ཏེ། སཱའི་ཏ་ཕྲོགས་པའི་སྙན་དངགས་བཞིན་ནོ། །ཡང་ན་ཡང་དག་པར་རམ་ཀུན་ནས་དེ་ཁོ་ན་ཉིད་རྣམས་འདིས་སྡུད་པར་བྱེད་པས་གཞུང་ཉིད་ལས་བསྡུས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་དེ་ཁོ་ན་ཉིད་ཅེས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་དེ་དག་འཐོར་བ་རྣམས་གཞུང་འདིར་བསྡུས་ནས་བསྟན་པ་ཡིན་ཚུལ་གསུངས་འདུག

དེ་བཞིན་སློབ་དཔོན་སེམས་དཔའ་རྡོ་རྗེ་མཆོག་གིས་དེ་ཁོ་ན་ཉིད་བསྡུ་བའི་འགྲེལ་བ་དཔལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མའི་གླེང་བརྗོད་དུ་འདི་ལྟར་གསུངས་ཡོད་དེ། “དེ་ཁོ་ན་ཉིད་བསྡུ་བ། བསྟན་བཅོས་འདི་ལ་དེ་ཁོ་ན་ཉིད་བསྡུ་བ་ཞེས་པའི་དོན་ནི་གོང་སྨོས་ལྟར་“ཇམབུདྭིཔ་སྟེ།” གཙོ་བོར་རྒྱ་གར་ལ་དར་བའི་ནང་རིག་པའི་ལྟ་གྲུབ་དང་འབྲེལ་བའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། དེ་དག་རེ་རེ་ནས་གྲོལ་བ་དོན་གཉེར་གྱི་ལམ་གྱི་དམིགས་པར་འཐད་མིན་བརྟག་པར་བྱེད་པའི་བསྟན་བཅོས་ཡིན་པས་ན། འདི་ལ་དེ་ཁོ་ན་ཉིད་བསྡུ་བ་ཞེས་པ་ཡིན་ནོ།།” ཞེས་གསུངས་པ་ལྟར་འགྲེལ་པའི་ཚིག་དེ་དག་ལ་བལྟས་ན་དེ་ཁོ་ན་ཉིད་བསྡུ་བ་ཞེས་པའི་དོན་དེ་རོབ་ཙམ་ཞིག་ང་ཚོའི་བློ་ངོར་འཁོར་འོང་བ་ཡིན་ནོ།།

དེ་ཁོ་ན་ཉིད་བསྡུས་པའི་རབ་བྱེད་ཀྱི་གྲངས་ལ་རྩད་གཅོད་བྱས་པ།

དེ་ཁོ་ན་ཉིད་བསྡུས་པའི་བསྟན་བཅོས་འདི་བསྟན་པ་སྔ་དར་དུས་སུ་བསྒྱུར་ནའང་། དེའི་དཔེ་ནི་ད་ལྟ་ང་ཚོའི་མཐོང་ཡུལ་དུ་གྱུར་མེད་སྟབས། རབ་བྱེད་ཀྱི་གྲངས་ཇི་ཙམ་དུ་ཕྱེ་ནས་བསྒྱུར་ཡོད་མེད་ཀྱང་ཆ་མ་འཚལ།

འོན་ཀྱང་ད་ལྟ་ང་ཚོས་ལག་པ་འཆང་བཞིན་པ་འདི་ནི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དུས་རབས་བཅུ་གཅིག་ནང་བསྒྱུར་པའི་དཔེ་དེ་ཡིན་པས། འགྱུར་དེའི་ནང་རབ་བྱེད་གྲངས་སུམ་ཅུ་རུ་ཕྱེ་ནས་ཡོད། འོན་ཀྱང་བསྟན་བཅོས་འདིའི་རྒྱ་དཔེའི་ཐོག་རབ་བྱེད་གྲངས་ཉེར་དྲུག་ལས་མེད་ཚུལ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་དང་སློབ་དཔོན་སེམས་དཔའ་རྡོ་རྗེ་གཉིས་ཀྱིས་གསུངས་ཡོད།

ལེགས་སྦྱར་གྱི་རྒྱ་དཔེའི་ཐོག་གི་རབ་བྱེད་ཀྱི་གྲངས་འདི་ལྟར་བརྩིས་ཡོད་དེ།

༡ རང་བཞིན་བརྟག་པ། ༢ དབང་ཕྱུག་བརྟག་པ། ༣ གཉིས་ཀ་བརྟག་པ། ༤ འགྲོ་བ་རང་བཞིན་དུ་སྨྲ་བ་བརྟག་པ། ༥ སྒྲའི་ཚངས་པ་བརྟག་པ། ༦ སྐྱེས་བུ་བརྟག་པ། ༧ བདག་བརྟག་པ། ༨ བརྟན་པའི་དངོས་པོ་བརྟག་པ། ༩ ལས་དང་འབྲས་བུའི་འབྲེལ་བ་བརྟག་པ། ༡༠ རྫས་ཀྱི་ཚིག་གི་དོན་བརྟག་པ། ༡༡ ཡོན་ཏན་གྱི་ཚིག་གི་དོན་བརྟག་པ། ༡༢ ལས་ཀྱི་ཚིག་གི་དོན་བརྟག་པ། ༡༣ སྤྱི་ཡི་ཚིག་གི་དོན་བརྟག་པ། ༡༤ བྱེ་བྲག་གི་ཚིག་གི་དོན་བརྟག་པ། ༡༥ འདུ་བའི་ཚིག་གི་དོན་བརྟག་པ། ༡༦ སྒྲའི་དོན་བརྟག་པ། ༡༧ མངོན་སུམ་གྱི་མཚན་ཉིད་བརྟག་པ། ༡༨ རྗེས་དཔག་བརྟག་པ། ༡༩ ཚད་མ་གཞན་འདུ་ཚུལ་བརྟག་པ། ༢༠ འགྱུར་བ་སྨྲ་བ་བརྟག་པ། ༢༡ དུས་གསུམ་བརྟག་པ། ༢༢ རྒྱང་འཕེན་བརྟག་པ། ༢༣ ཕྱི་དོན་བརྟག་པ། ༢༤ ཐོས་པ་བརྟག་པ། ༢༥ རང་ལས་ཚད་མ་བརྟག་པ། ༢༦ དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་གྱི་སྐྱེས་བུ་བརྟག་པ་བཅས་ཉེར་དྲུག་གོ།

ད་ཡོད་ཀྱི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བོད་འགྱུར་མ་དེའི་ནང་བརྟག་པ་བདུན་པ་བདག་བརྟག་པའི་ནང་གསེས་དྲུག་ཏུ་ཕྱེས་ཡོད་དེ། ༡ བྱེ་བྲག་པ་དང་། རིགས་པ་ཅན་པས་ཀུན་བརྟགས་པའི་བདག་བརྟག་པ། ༢ དཔྱོད་པ་བས་བརྟགས་པའི་བདག་བརྟག་པ། ༣ སེར་སྐྱ་པས་ཀུན་ཏུ་བརྟགས་པའི་བདག་བརྟག་པ། ༤ ནམ་མཁའི་གོས་ཅན་པས་བརྟགས་པའི་བདག་བརྟག་པ། ༥ ཨཽཔནིཥཏས་བརྟགས་པའི་བདག་བརྟག་པ། ༦ གནས་མའི་བུས་བརྟགས་པའི་བདག་བརྟག་པ་བཅས་དྲུག་ཏུ་ཕྱེས་ཤིང་། ལེགས་སྦྱར་གྱི་རྒྱ་དཔེའི་ཐོག་གོང་གི་རབ་བྱེད་ཉེར་དྲུག་ལས། བཅུ་གསུམ་པ་སྤྱི་ཡི་ཚིག་དོན་བརྟག་པ་དང་། བཅུ་བཞི་པ་བྱེ་བྲག་གི་ཚིག་གི་དོན་བརྟག་པ་གཉིས་པོ་སོ་སོར་བགྲངས་ཡོད་ནའང་། ད་ཡོད་ཀྱི་བོད་འགྱུར་མའི་ནང་རབ་བྱེད་དེ་གཉིས་གཅིག་ཏུ་བསྡོམས་ནས་བསྒྱུར་སྟབས་བརྟག་པ་སུམ་ཅུ་རུ་བྱས་ཡོད་པས། ད་ཡོད་ཀྱི་ལེགས་སྦྱར་རྒྱ་དཔེ་ཐོག་གི་རབ་བྱེད་ཀྱི་གྲངས་དང་། ད་ལྟ་ང་ཚོའི་ལག་ཏུ་ཡོད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་འགྱུར་གཉིས་ལ་རབ་བྱེད་གྲངས་འབྱེད་ཚུལ་མི་མཐུན་པ་དང་གྲངས་མང་ཉུང་ཤོར་ཡོད་པ་རེད།

དེ་ཁོ་ན་ཉིད་བསྡུས་པ་དབུ་ཚད་གང་གི་གཞུང་དུ་གནས་མིན་རྩད་གཅོད་བྱས་པ།

གཞུང་འདི་དབུ་ཚད་གང་གི་གཞུང་ཡིན་མིན་དེ་གཞུང་གི་བརྗོད་བྱ་ལ་བལྟས་ནས་སྐད་ཆ་ཤོད་དགོས་པ་ཞིག་ཡིན་སྟབས། ཐོག་མར་གཞུང་འདིའི་བརྗོད་བྱ་ལ་རོབ་ལྟ་ཞིག་བྱ་རྒྱུ་ཡིན།

རྩ་བའི་འགྱུར་ལས།6 རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །གང་གིས་གསུངས་པ་སྨྲ་བའི་མཆོག །ཀུན་མཁྱེན་དེ་ལ་ཕྱག་འཚལ་ནས། །དེ་ཉིད་རྣམས་ནི་བསྡུ་བར་བྱ། །ཞེས་གསུངས་པ་ལྟར་དང་། དཀའ་འགྲེལ་ལས།7 དེ་ཁོ་ན་ཉིད་བསྡུ་བར་བྱ། །ཞེས་པ་འདིས་ནི་བརྗོད་པར་བྱ་བ་དང་། དགོས་པ་གཉིས་བསྟན་ཏེ། འདི་ལྟར་བསྟན་བཅོས་འདིའི་བརྗོད་པར་བྱ་བ་ནི་རང་བཞིན་ལ་སོགས་པའི་བྱེད་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁྱད་པར་གྱི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པའི་བྱེད་པ་དང་བྲལ་བ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་གཞུང་འདིའི་བརྗོད་བྱ་དང་དགོས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དེ་ཁོ་ན་ཉིད་ཡིན་པར་གསུངས་ཡོད་པ་དང་། གཞན་ཡང་རྩ་འགྱུར་ལས།8 རང་བཞིན་དབང་ལྡན་གཉིས་ཀ་དང་། །བདག་སོགས་བྱེད་དང་བྲལ་གཡོ་བ། །ཞེས་པ་ནས། ཆ་ཤས་ཤིན་ཏུ་ཕྲ་བས་ཀྱང་། །འདྲེས་པ་གཞན་གྱི་བདག་ཉིད་མིན། །མི་འཕོ་ཐོག་མཐའ་མེད་པ་ཅན། །གཟུགས་བརྙན་ལ་སོགས་དག་དང་འདྲ། །སྤྲོས་པ་ཀུན་གྱི་ཚོགས་དང་བྲལ། །ཞེས་གསུངས་པ་ལྟར། དེའི་ཐད་དུ་དཀའ་འགྲེལ་ལས།9 དེའི་ཕྱིར་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་སྐད་དུ་བཤད་པའི་དོན་མེད་པའི་རྟོག་པའི་དྲ་བ་དང་བྲལ་བ་ཉིད་བསྟན་ནས། མཇུག་བསྡུ་བའི་ཕྱིར་སྤྲོས་པའི་ཚོགས་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་རང་བཞིན་གྱི་རྒྱུ་ཅན་ཡིན་པ་ཉིད་ལ་སོགས་སྤྲོས་པ་ཐམས་ཅད་ཀྱི་ཚོགས་ནི་འདུས་པ་སྟེ་དེ་ལས་གྲོལ་བའོ། །ཞེས་དང་། ཕྱི་རོལ་གྱི་དོན་བརྟག་པ་སྟེ་ཉི་ཤུ་བརྒྱད་པ་ལས།10 འཇིག་རྟེན་དང་བསྟན་བཅོས་སུ་རྣམ་པ་ཇི་ལྟ་བུའི་དམིགས་པའི་རྐྱེན་མངོན་པར་འདོད་པ་དེ་ལྟར་ཀུན་རྫོབ་ཏུ་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོོན་དམ་པར་ནི་ཤེས་པ་ཐམས་ཅད་དམིགས་པ་མེད་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་ཕྱི་རོལ་གྱི་དོན་བརྟག་པ་སྟེ་ཉི་ཤུ་བརྒྱད་པའོ། །ཞེས་གསུངས་པ་ལྟར། གཞུང་འདིའི་རྩ་བའི་ལུས་མདོར་བསྟན་སྟོན་སྐབས་ཐོག་མར་གྲུབ་མཐའ་གཞན་གྱིས་འདོད་པའི་རབ་བྱེད་རྣམས་རེ་རེ་བཀོད་ནས། མཐར་ཕྱི་དོན་བརྟག་པའི་རབ་བྱེད་འགོད་སྐབས། གཟུགས་བརྙན་ལ་སོགས་དག་དང་འདྲ། །ཞེས་གོང་དུ་བཀོད་པའི་གྲུབ་མཐའི་འདོད་པ་ཐམས་ཅད་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ཚེ་རང་བཞིན་མ་གྲུབ་པ་དཔེར་ན་གཟུགས་བརྙན་བཞིན་བཀོད་ནས། མཇུག་ཏུ་འདི་ལྟར་གསུངས་ཡོད་དེ། སྤྲོས་པ་ཀུན་གྱི་ཚོགས་དང་བྲལ། །ཞེས་དོན་ལ་ངོ་བོ་སྐྱེ་བ་མེད་པ་ཅི་ཡང་མ་གྲུབ་པར་བསྟན་ཡོད།

དེས་ན་གཞུང་འདིའི་ནང་ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་མང་པོ་ཞིག་འགོག་བྱེད་རིགས་པ་དང་བཅས་བསྟན་ཡོད་པ་ཐམས་ཅད་མཐར་དེད་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་གསལ་པོར་སྟོན་པའི་ཆེད་དུ་བསྟན་པས། གཞུང་འདིའི་བརྗོད་བྱའི་སྙིང་པོ་ཡང་དེ་ཉིད་ཡིན་ཕྱིར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གཞུང་དུ་འདོད་དགོས་པར་སྙམ།

འདིའི་ཐད་དུ་སློབ་དཔོན་སེམས་དཔའ་རྡོ་རྗེས་འདི་ལྟར་གསུངས་ཡོད་དེ། མཁན་ཆེན་ཞི་བ་འཚོས་མཛད་པ་དེ་ཁོ་ན་ཉིད་བསྡུ་བའི་འགྲེལ་བ་དཔལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མའི་གླེང་བརྗོད་ལས། བསྟན་བཅོས་འདིའི་ལྟ་བ། བསྟན་བཅོས་འདིར་གྲངས་ཅན་ལ་སོགས་པའི་གཞུང་ལུགས་གཞན་དང་བགྲོ་གླེང་བྱེད་སྐབས། རང་ལུགས་ཀྱི་ལྟ་བའི་རྣམ་གཞག་ཟུར་དུ་གསལ་ཁ་མེད་ཀྱང་། རང་ལུགས་ལྟ་བའི་གླེང་གཞི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཉིད་དུ་གནས་སོ། །འདིའི་རྣམ་གཞག་བརྟག་པ་ཉེར་གསུམ་པ་ཕྱི་དོན་བརྟག་པར་གསལ་བར་གསུངས་སོ། །ཞེས་གསུངས་པ་དེ་དག་ལ་དཔགས་ན་རོབ་ཙམ་ཞིག་རྟོགས་ཐུབ་སྙམ་མོ།།

འོན་ཀྱང་སྐབས་འདིར་དོགས་པ་ཞིག་ཟ་འོས་པ་ནི། སྡེ་དགེ་དང་། ཅོ་ནེ། སྣར་ཐང་། པེ་ཅིང་སོགས་ཀྱི་བསྟན་འགྱུར་ནང་སྔོན་གྱི་མཁས་པ་ཚོས་ཚད་གཞུང་གི་སྡེ་ཚན་དུ་འཇོག་རྐྱང་བྱས་འདུག གོང་ཞུས་ཀྱི་བསྟན་འགྱུར་ཕལ་ཆེ་བའི་ནང་ཕྱོགས་གླང་ཆོས་གྲགས་སོགས་ཀྱི་རྗེས་འབྲངས་དང་བཅས་པའི་ཚད་གཞུང་རྣམས་སྔོན་དུ་བཞག་ཅིང་། ཞི་འཚོ་ཡབ་སྲས་ཀྱི་དེ་ཁོ་ན་ཉིད་བསྡུས་པ་དང་དེའི་དཀའ་འགྲེལ་རྣམས་མཇུག་ཏུ་བཀོད་འདུག་ལ། དེང་སང་གི་ཉམས་ཞིབ་པ་མང་པོ་ཞིག་གིས་ཀྱང་ཚད་གཞུང་ཞིག་ཡིན་པར་གཞིར་བཞག་ནས་ཞིབ་འཇུག་དང་། ཚད་གཞུང་གཞན་དང་གཤིབ་སྡུར་ཡང་བྱས་ཡོད་པ་རེད།

དེ་ཁོ་ན་ཉིད་བསྡུས་པའི་ལྗིད་ཚད་ལ་རྩད་གཅོད་བྱས་པ།

བསྟན་བཅོས་འདིའི་ལྗིད་ཚད་དང་རིན་ཐང་ནི་བརྗོད་བྱ་དོན་གྱི་ངོས་ནས་གླེང་དགོས་པ་ཡིན་སྟབས། སྔོན་གྱི་མཁས་པ་དང་དེང་གི་ཉམས་ཞིབ་པ་ཚོས་འདི་ལྟར་གསུངས་ཡོད་དེ།

ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྟན་བཅོས་འདིའི་འགྱུར་བྱང་དུ་འདི་ལྟར་གསུངས་ཏེ། གྲངས་ཅན་གཅེར་བུ་བྱེ་བྲག་པ་དང་རྒྱང་ཕན་རིག་པ་ཅན་དང་སངས་རྒྱས་དེ་དག་གི་ཕྱོགས་ནི། །ཆུ་ཀླུང་པ་དང་ཙ་ར་ཀ་དང་དུས་སྨྲ་སྤྱོད་པ་བརྡ་སྤྲོད་ཞི་བ་ཚངས་དང་སྣ་ཚོགས་ཚལ། །སྒྲ་ཡི་ཚངས་པ་རིག་བྱེད་མཐའ་དང་བྱེ་བྲག་སྨྲ་དང་མདོ་སྡེ་སེམས་ཙམ་དབུ་མ་དེ་དག་གི །བྱེ་བྲག་ལུང་བཅས་ཤེས་པའི་སྤྱོད་ཡུལ་གང་ཡིན་འདི་ནི་རྟོགས་ནས་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྱུར། །ཞེས་གསུངས་ཡོད་པ་དང་།

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་ལས།11 ཕྱི་ནང་གི་གྲུབ་མཐའི་འདོད་པ་ཟབ་ཅིང་རྒྱས་པར་བཀོད། ལྷག་པར་འདིར་བཀོད་པའི་ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག་མང་པོ་ཞིག་དེ་ལྟར་སྟོན་པའི་བསྟན་བཅོས་ད་ལྟ་མ་བཞུགས་པས་ན་ཤིན་ཏུ་གལ་ཆེ། ཞེས་གསུངས་ཡོད་ཅིང་།

སློབ་དཔོན་སེམས་དཔའ་རྡོ་རྗེས། གཙོ་བོར་རྒྱ་གར་ལ་དར་བའི་ནང་རིག་པའི་ལྟ་གྲུབ་དང་འབྲེལ་བའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། དེ་དག་རེ་རེ་ནས་གྲོལ་བ་དོན་གཉེར་གྱི་ལམ་གྱི་དམིགས་པར་འཐད་མིན་བརྟག་པར་བྱེད་པའི་བསྟན་བཅོས་ཡིན་པས། འདི་ལ་དེ་ཁོ་ན་ཉིད་བསྡུ་བ་ཞེས་པ་ཡིན་ནོ། །ཞེས་གོང་དུ་བཀོད་པའི་མཁས་པ་རྣམས་ཀྱི་གསུང་ཚུལ་ལ་བལྟས་ན་བསྟན་བཅོས་གཞན་དང་མི་འདྲ་བར་གཞུང་འདིའི་ནང་ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག་གི་གྲངས་མང་ཞིང་། ཧ་ཅང་གིས་གསལ་ཞིང་རྒྱས་པར་བཀོད་ཡོད་པ་དང་། མ་ཟད་རབ་བྱེད་གྲངས་ལས་ཀྱང་ཕྱོགས་ཙམ་ཞིག་ང་ཚོས་དཔོག་ཐུབ་པས། གཞུང་འདི་ལྟ་བུ་རེ་གཉིས་ལས་མེད་པར་སྣང་ངོ་།།

བསྟན་བཅོས་འདི་ནི་ད་ལྟ་ལེགས་སྦྱར་སྐད་ཡིག་ཐོག་རྒྱ་དཔེ་ཉར་ཚགས་བྱས་ཡོད་པ་མ་ཟད། པར་སྐྲུན་ཡང་ཐེངས་ཁ་ཤས་བྱས་ཡོད་ཚུལ་འདུག་ཅིང་། མ་ཟད་རྒྱ་གར་གྱི་མཐོ་སློབ་ཁག་ཏུའང་འདི་ལ་སློབ་སྦྱོང་བྱེད་ཀྱི་ཡོད་སྐད་འདུག་པས། དེ་ཙམ་གྱིས་ཀྱང་གཞུང་འདི་ལ་རིན་ཐང་དམིགས་བསལ་བ་ཞིག་ཡོད་པའི་སྒྲུབ་བྱེེད་ཅིག་རེད།

དེ་ཁོ་ན་ཉིད་བསྡུས་པ་དང་དབུ་མ་རྒྱན་གཉིས་ལ་མཚུངས་ཆོས་ཡོད་མེད་རྩད་གཅོད་བྱས་པ།

དེ་ཁོོ་ན་ཉིད་བསྡུས་པ་དང་དབུ་མ་རྒྱན་གཉིས་གང་ཟག་གཅིག་གིས་མཛད་པ་ཡིན་སྟབས་བརྩམས་ཆོས་གཉིས་པོའི་དབར་ཚིག་དོན་གང་གི་ཆ་ནས་ཀྱང་འདྲ་མཚུངས་རེ་ཡོད་པ་སྨོས་མི་དགོས་པ་བཞིན། འདིར་ཡང་གཞུང་དེ་གཉིས་དབར་བརྗོད་བྱ་དོན་གྱི་ཆ་ནས་འདྲ་ས་ཡོད་ནའང་། དེ་དག་གི་དོན་ནི་གཏིང་ཟབ་མོ་ཡིན་སྟབས་ཁོ་བོའི་རྣམ་དཔྱོད་ཀྱིས་མི་ལྕོགས་པས། འདིར་ཡང་གཙོ་བོ་དེང་རབས་ཞིབ་འཇུག་གི་འགྲོས་དང་མཐུན་པར་གཙོ་ཆེར་ཚིག་གི་སྒོ་ནས་འདྲ་མཚུངས་ཡོད་མེད་ལ་རྩད་ཞིབ་བྱ་རྒྱུ་ཡིན།

དེ་ཁོ་ན་ཉིད་བསྡུས་པའི་ཚིག་རེ་རེ་ནས་བཀླགས་ཡོང་སྐབས་ཁོང་གིས་མཛད་པའི་དབུ་མ་རྒྱན་གྱི་ཚིག་དང་གཅིག་མཚུངས་མང་པོ་ཞིག་ཐོན་ཡོང་བ་གཤམ་གསལ་ལྟར་ཏེ།

རབ་བྱེད་ཉེར་གཅིག་པ་མངོན་སུམ་གྱི་མཚན་ཉིད་བརྟག་པ་ལས།12 ང་རྒྱལ་ཅི་ཕྱིར་འབྱུང་མི་འགྱུར། །ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་། །ཞེས་དང་། དེ་ཕྱིར་ཡུལ་རྣམས་ཐམས་ཅད་ལ། །རིམ་གྱིས་འཛིན་པར་མི་འགྱུར་གྱི། །ཞེས་དང་། གསལ་བར་སོ་སོར་སྣང་བའི་ཕྱིར། །མཐོང་བས་མཚམས་སྦྱོར་མ་ཡིན་ནོ། །འདི་ལྟར་མཚམས་རྣམས་སྦྱོར་བ་ནི། །དྲན་པར་བྱེད་པས་སྦྱོར་ཡིན་གྱི། །མཐོང་བས་མིན་ཏེ་འདས་པ་ཡི། །ཡུལ་དང་འཛིན་པ་མིན་ཕྱིར་རོ། །འདི་ཡི་ཡུལ་དུ་གང་གྱུར་པ། །དེ་ནི་ཞིག་པར་གསལ་མ་ཡིན། །དེ་ཕྱིར་འཁོར་ལོར་སྣང་བ་འདི། །གསལ་བ་མིན་པར་འགྱུར་བའི་ཕྱིར། །ཞེས་དང་། ཤེས་པ་རྣམ་བཅས་ཕྱོགས་ལ་ཡང་། །ཞེས་དང་།

རབ་བྱེད་ཉེར་བདུན་པ་ཕྱི་རོལ་གྱི་དོན་བརྟག་པ་ལས།13 བར་མེད་རྣམ་པར་གནས་ཀྱང་རུང་། །དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟས་པ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཞེས་དང་། རྡུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །ཞེས་དང། 14རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདིའི་བདག་ཉིད་ཤེས་པ་ཡིན། །གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །འདི་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་ངོ་བོར་སྨིན། །དེ་ཕྱིར་འདི་ནི་ཤེས་པ་ཡི། །རང་བཞིན་ཡིན་པས་བདག་ཤེས་རུང་། །ཞེས་དང་། དེ་ཡིས་ཇི་ལྟར་ཤེས་པར་འགྱུར། །དེ་ཡི་རང་བཞིན་གཞན་ལ་མེད། །གང་གིས་དེ་ཤེས་གཞན་ཡང་ཤེས། །ཞེས་དང་། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་ཉིད་ཐ་དད་ཀྱང་། །དེ་ཡང་གཟུགས་བརྙན་འདྲ་བས་ན། །གདགས་པ་ཙམ་གྱིས་ཚོར་བར་རུང་། །དོན་གྱིས་རྣམ་པ་བསྒྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །དེ་ལ་ཕྱི་རོལ་རིག་པ་ཡི། །རྣམ་པ་འདི་ཡང་ཡོད་མ་ཡིན། །ཞེས་གོང་དུ་བཀོད་པའི་དེ་ཁོ་ན་ཉིད་བསྡུས་པའི་ཚིག་རྣམས་ནི་དབུ་མ་རྒྱན་གྱི་ཚིག་དང་གཅིག་མཚུངས་སུ་འདུག་པས་ཚིག་གི་ཆ་ནས་འདྲ་མཚུངས་མང་པོ་ཡོད་པ་ཡིན།

གཞུང་གི་ལྟ་བ་མཐར་ཐུག་གཏན་ལ་འབེབས་བྱེད་རིགས་པའི་དབང་དུ་བཏང་ནའང་། དབུ་མ་རྒྱན་དང་མཚུངས་པར་གཅིག་དུ་བྲལ་གཏན་ཚིགས་ཀྱིས་དོན་དམ་པར་སྤྲོས་པའི་མཐའ་ཀུན་དང་བྲལ་བར་གཏན་ལ་ཕབ་ཡོད་པར་སྣང་སྟེ།

གཞུང་འདིའི་རྩ་བའི་རབ་བྱེད་ཉེར་བདུན་པའི་ནང་ཐོག་མར་ལྷན་ཅིག་དམིགས་ངེས་དང་སྐྱེ་ལ་འདྲ་བ་འགོག་པའི་རིགས་པ། མྱོང་བ་གསལ་རིག་གི་རྟགས་སོགས་ཀྱིས་ཕྱི་དོན་མེད་པར་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་བསྒྲུབས་ནས་མཐར་དོན་དམ་པར་སྤྲོས་པའི་མཐའ་ཀུན་དང་བྲལ་བ་གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱིས་བསྒྲུབས་ཡོད་ཚུལ་ནི་གཞུང་འདི་དབུ་ཚད་གང་གི་གཞུང་ཡིན་མིན་དཔྱོད་པའི་སྐབས་སུ་རོབ་ཙམ་ཞུས་པ་དེས་འཐུས་པར་བྱས་སོ།།

དེ་ཁོ་ན་ཉིད་བསྡུས་པ་བོད་དུ་འཆད་ཉན་ཇི་ལྟར་བྱུང་ཡོད་མེད་ལ་རྩད་གཅོད་བྱས་པ།

བསྟན་བཅོས་འདི་ཉིད་བསྟན་པ་སྔ་དར་དུས་སུ་བསྒྱུར་ནས་འཆད་ཉན་ཇི་ལྟར་བྱུང་ཡོད་མེད་ཐད་ནས་ལོ་རྒྱུས་ཆོས་འབྱུང་ཁག་ལས་ཆེར་མི་འབྱུང་ཡང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་བྱུང་བའི་ཚུལ་གཏམ་དུ་བྱ་བ་ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་མཐའ་དག་དགའ་བར་བྱེད་པ་ལས།15 ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ (༧༤༢-༧༩༧) གྱི་དུས་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། ཀ་མ་ལ་ཤཱི་ལའི་དེའི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ་དང་། སྡེ་བདུན་ཕྱི་མའི་རྩ་འགྲེལ་གྱི་ཆ་ཤས་ཡེ་ཤེས་སྡེ་སོགས་ཀྱི་འགྱུར་ལ་བརྟེན་ནས་ལྷ་ས་དང་བསམ་ཡས་སོགས་སུ་ཚད་མའི་བསྟན་བཅོས་ཀྱི་འཆད་ཉན་ཆ་ཤས་ཙམ་བྱུང་བར་གྲགས་ཀྱང་རྐང་ཚུགས་པ་རྒྱུན་ཆགས་སུ་མ་བྱུང་། ཞེས་གསུངས་པ་ལ་གཞིགས་ན་བསྟན་པ་སྔ་དར་དུས་སུ་དངོས་སུ་འཆད་ཉན་ཅུང་ཙམ་བྱུང་ཡོད་ཚོད་འདུག འོན་ཀྱང་དེའི་རྗེས་ནས་ཉེ་བའི་དུས་རབས་ཉི་ཤུའི་ཡན་བར་འཆད་ཉན་མ་བྱུང་བར་མ་ཟད། བསྟན་བཅོས་འདི་ལ་བོད་འགྲེལ་ཞིག་ཀྱང་བྱུང་མེད་པ་ནི་བློ་ཕམ་གྱི་གནས་སུ་གྱུར་པ་ཞིག་ཡིན་ནའང་། སྔོན་གྱི་མཁས་པ་ཚོས་བསྟན་བཅོས་འདི་ལ་ཁུངས་གཏུགས་ནས་ལུང་འདྲེན་ནི་མང་ཙམ་བྱས་ཡོད་པར་སྣང་སྟེ།

དཔེར་ན་དབུས་པ་བློ་གསལ་རྩོད་པའི་སེང་གེས་མཛད་པའི་གྲུབ་པའི་མཐའ་རྣམ་པར་བཤད་པའི་མཛོད་དུ་འདི་ལྟར་གསལ་ཏེ། སློབ་དཔོན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས། ཀུན་གྱིས་མ་མཐོང་ཐེ་ཚོམ་མེད། །ཅེས་ལུང་འདྲེན་གནང་ཡོད་པ་དང་། ཡང་དེ་ཉིད་ལས། འདི་དག་རྒྱས་པར་སློབ་དཔོན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། དེའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ལས་ཤེས་པར་བྱ་འདིར་མངས་པའི་འཇིགས་པས་མ་བྲིས་སོ། །ཞེས་གསུངས་པས་མཚོན་གཞན་ཡང་མཁས་པ་ཚོས་གཞན་སེལ་འཆད་པའི་སྐབས། ནམ་རྒྱུན་ཡོངས་གྲགས་ཀྱི་ཚིག་སྟེ། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་དགག་དང་མེད་པའོ། །མ་ཡིན་དགག་པའང་རྣམ་གཉིས་ཏེ། །བློ་དང་དོན་གྱིས་དབྱེ་བས་སོ། །ཞེས་པའི་ལུང་དེ་འདྲེན་ཤག་ཤག་བྱེད་པ་ཡིན་ནོ།།

དེ་ཁོ་ན་ཉིད་བསྡུས་པའི་རྒྱ་དཔེ་ཇི་ལྟར་ཡོད་མེད་རྩད་གཅོད་བྱས་པ།

འདིའི་ཐད་ནས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་སུ་འདི་ལྟར་གསུངས་ཡོད་དེ།

“དེ་ཁོ་ན་ཉིད་བསྡུས་པའི་རྒྱ་དཔེར་བྲིས་མ་གཉིས་བཞུགས་ཤིང་གཉིས་ཀ་གཅེར་བུ་པའི་དགོན་པ་ནས་རྙེད། ཅིག་ཤོས་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་རྒྱ་དཔེ་བྲིས་མ་ལྔ་བཞུགས། དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་གྱི་རྒྱ་དཔེར་ཞུ་ཆེན་ལན་གཉིས་གནང་ཡོད་ཅིང་གཉིས་ཀ་ཡང་རྩ་འགྲེལ་སྦྲགས་ནས་བཀོད་འདུག པཎྜི་ཏ་ཀྲི་ཤན་མ་ཆརྱ་ཡིས་རྩ་འགྲེལ་གཉིས་ཀ་རྒྱ་དཔེ་བྲིས་མ་རེ་རེ་ལས་ཁུངས་བཅོལ་ནས་ཞུ་ཆེན་དང་། དེ་རྗེས་པཎྜིཏ་ཤཱསྟྲིས་རྒྱ་དཔེར་ཞུ་ཆེན་གནང་བར་རྗེས་སུ་ཡི་རང་གི་གནས་ལོས་ཡིན་མོད། འོན་ཀྱང་ཚད་ལྡན་ལོ་པཎ་ཟུང་འབྲེལ་ཐོག་ནས་བསྒྱུར་པའི་དཔྱད་གཞིར་མེད་ཐབས་མེད་པའི་བོད་འགྱུར་དང་མ་བསྡུར་བའི་རྒྱུ་མཚན་གྱིས་གོང་གི་ཞུ་ཆེན་གཉིས་ཀར་ཞུས་དག་ངེས་ཤེས་འདྲོངས་མ་ཐུབ་པར་མཁས་པས་ཐུན་མོང་དུ་གླེང་བཞིན་པ་འདི་ལགས།” ཞེས་གསུངས་ཡོད།

དེ་ཁོ་ན་ཉིད་བསྡུས་པ་སྐད་ཡིག་གཞན་གྱི་ཐོག་ཡོད་མེད་ལ་རྩད་གཅོད་བྱས་པ།

འདིའི་ཐད་ནས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་སུ་འདི་ལྟར་གསུངས་ཡོད་དེ། “གཞན་ཡང་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་གྱི་བརྟན་པའི་དངོས་པོ་བརྟག་པའི་ལེའུར་གོང་ཞུས་ཕྱི་མོ་གཉིས་ལ་ཆ་16གཞི་བཅོལ་ཏེ་ཞུ་ཆེན་དང་སྦྲགས་དབྱིན་འགྱུར་དང་། བོད་འགྱུར་རྗེས་དཔག་བརྟག་པའི་ལེའུ་ཡི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་གྱི་ཞུ་ཆེན་དང་། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་གྱི་ལེའུ་བཅུ་དྲུག་བར་བོད་འགྱུར་ལེགས་སྦྱར་ཉི་ཧོང་བཅས་ཀྱི་ཚིག་བྱང་ཡང་བཟོས་འདུག་ཅེས་དང་།

དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་ལ་དེང་རབས་མཁས་པའི་ཉམས་ཞིབ་ཤིན་ཏུ་མང་བའི་ནང་ནས་རེ་གཉིས་ཞུས་ན། མཁས་པ་གངྒ་ན་ཐ་ཛྷ་ཡིས་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་གཉིས་ཀ་དབྱིན་འགྱུར་གནང་འདུག ལེའུ་དང་པོའི་རང་བཞིན་བརྟག་པའི་རྩ་འགྲེལ་འཇར་མན་འགྱུར་དང་། ལེའུ་དང་པོ་ནས་གསུམ་པ་བར་དང་ལྔ་པ་ནས་བདུན་པ་བར་དགུ་པ་ནས་བཅུ་པ་བར་གྱི་ཉི་ཧོང་འགྱུར་དང་། གཞན་ཡང་ཉི་ཧོང་མཁས་པས་ལེའུ་དང་པོ་ནས་ཉེར་དྲུག་པ་བར་ལ་ཉམས་ཞིབ་དང་ཆ་ཤས་འགྱུར་མང་པོ་འདུག ལྷག་པར་དུ་དེ་ཁོ་ན་ཉིད་བསྡུས་པའི་རྩ་བ་དང་དཔྱོད་པ་པའི་སློབ་དཔོན་གཞོན་ནུ་མ་ལེན་གྱི་ཤོ་ལོ་ཀ་རྣམ་འགྲེལ་གཉིས་ཕན་ཚུན་བསྡུར་བའི་ཞིབ་དཔྱོད་ཀྱང་ཡོད།” ཅེས་གསུངས་འདུག་པས། ད་ལྟ་ང་ཚོའི་བསམ་བློར་བསྟན་བཅོས་འདི་ལ་ཐོས་བསམ་བྱེད་མཁན་ནི་ང་ཚོ་བོད་བརྒྱུད་ནང་བསྟན་པ་ཙམ་ལས་མེད་སྙམ་བཞིན་ཡོད་ནའང་། དོན་དངོས་པོའི་གནས་ཚུལ་ལ་བལྟས་ན་རྦད་དེ་ནོར་འདུག་སྙམ། མི་ཚོས་སྔ་ས་ནས་ཞིབ་འཇུག་བྱས་ཟིན་འདུག

མཇུག་གི་སྐད་ཆ་ཚིག་གསུམ།

ང་ཚོས་ནམ་རྒྱུན་འདི་ལྟར་བཤད་མྱོང་སྟེ། ང་ཚོ་ནི་མཁན་སློབ་ཆོས་གསུམ་གྱི་རྗེས་འཇུག་ཡིན། ང་ཚོ་ནི་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་དྲི་མ་མེད་པར་སྐྱོང་མཁན་ཡིན་ཞེས་ཡང་ཡང་ཁ་ཕོ་དུང་ཆེན་ལྟར་བུས་མྱོང་ནའང་། དོན་ངོ་མར་ཇི་ལྟར་ཡིན་མིན་སྔ་འགྱུར་བས་རང་རིག་ཁས་ལེན་པ་ཡིན་ཕྱིར་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད།

དེས་ན་གསང་སྔགས་སྔ་འགྱུར་བ་ཚོས་རྫོགས་ཆེན་གཅིག་པུར་མཐོ་སྙོབ་བྱ་རྒྱུ་མིན་པར་ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ལྟ་བུ་གཞུང་འདི་འདྲའི་ཚད་ལྡན་དག་ལའང་དགོངས་པ་བཞེས་དགོས་འདུག་སྙམ་སྟེ། བསྟན་བཅོས་འདིའི་རྒྱ་དཔེ་ད་ལྟ་ལེགས་སྦྱར་སྐད་ཐོག་བཞུགས་ཡོད་པས་ཁུངས་བཙུན་ཞིང་། ཕྱི་ནང་གི་མཁས་པ་མང་པོས་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད། ཁོང་ཚོས་ཡིག་རིགས་གཞན་གྱི་ཐོག་ཏུ་བསྒྱུར་པ་དང་ཉམས་ཞིབ་ཀྱང་མང་ཐག་ཆོད་ཅིག་བྱས་ཟིན་པ་ཡིན་པས། ཁོང་ཚོར་ལྟོས་ན་ང་ཚོར་བོད་འགྲེལ་ཞིག་དང་། ཡང་ན་དེ་དང་འབྲེལ་བའི་དཔྱད་རྩོམ་རྐང་ཁ་ཤས་ཤིག་ཀྱང་མེད་པ་ནི་བོད་བརྒྱུད་ནང་བསྟན་པ་སྤྱི་དང་། མཁན་སློབ་ཆོས་གསུམ་རིང་ལུགས་པ་ཚོ་རྒྱུ་མཚན་ཅི་ཞིག་གིས་ལྷག་སོང་བ་ཡིན་ནམ།

ཡང་ཕྱོགས་གཞན་ཞིག་ནས་བསམས་ན་གཞུང་འདི་ནི་སྔ་འགྱུར་བ་ལ་ཐུན་མིན་གྱི་བཀའ་བབ་ཅིག་ཀྱང་ཡིན་པས། ༸གོང་ས་མཆོག་གིས་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་ཚན་དུ་འཇོག་དགོས་པར་བཀའ་ཕེབས་པ་ནི་ཆེས་དགའ་འོས་པ་ཞིག་ཡིན། གཞུང་འདིར་ཞིབ་ཏུ་གཟིགས་ན་དེ་འདྲའི་གཉན་པོ་གསང་བ་ཞིག་ཀྱང་མིན་པར་སྙམ་སྟེ། རྣམ་འགྲེལ་གྱི་རང་འགྲེལ་དང་འཇུག་པ་རང་འགྲེལ་སོགས་གོ་ཐུབ་ན་གཞུང་འདིའི་དཀའ་འགྲེལ་སོགས་གོ་མི་ཐུབ་པ་ཡིན་རྒྱུ་མ་རེད་སྙམ། དེས་ན་སྔ་འགྱུར་བ་ཚོས་གཞུང་འདི་ལ་སློབ་སྦྱོང་བྱ་རྒྱུ་ནི་གཞན་ལ་མེད་པའི་བློ་སྐྱེད་ཅིག་ཡིན་པ་ལས་སྡུག་བསྔལ་གཏན་ནས་མིན་སྙམ་མོ།།

ད་ལན་ཁོ་བོས་དེ་ཁོ་ན་ཉིད་བསྡུས་པའི་སྐོར་ལ་ཟིན་བྲིས་བཟོ་འདྲ་ཐར་ཐོར་ཞིག་འབྲི་བའི་ཁུལ་བྱས་ནའང་། མཐོང་ཐོས་ཀྱི་ནམ་མཁའ་རྒྱ་ཆུང་ཞིང་། དུས་ཚོད་ཀྱིས་ཁོ་བོར་ནམ་ཡང་སྒུག་པར་མི་བྱེད་པས་རེ་ཞིག་འདི་ཙམ་མོ།།

དཔྱད་གཞིའི་ཡིག་ཆ།

༡. རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།

༢. དེ་ཁོ་ན་ཉིད་བསྡུ་བའི་འགྲེལ་བ་དཔལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ།

༣. དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།

༤. དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།

༥. གྲུབ་པའི་མཐའ་རྣམ་པར་བཤད་པའི་མཛོད།

༦. བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད།

༨. ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག

༩. དཀར་ཆག་འཕང་ཐང་མ།

༡༠. ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་བྱུང་བའི་ཚུལ་གཏམ་དུ་བྱ་བ་ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་མཐའ་དག་དགའ་བར་བྱེད་པ།

༡༡. བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ།


  1. ཡེ་ཤེས་སྡེའི་པར་མ། དེབ་གྲངས། ༡༣༠ ཤོག་གྲངས། ༤༢ ནས་ ༤༣ བར་གསལ།
  2. ཡེ་ཤེས་སྡེའི་པར་མ། དེབ་གྲངས། ༡༣༠ ཤོག་གྲངས། ༨༢ ནས་ ༨༣ བར་གསལ།
  3. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བུ་སྟོན་ཆོས་འབྱུང་། དེབ་གཟུགས། ཤོག་གྲངས། ༢༥༡ པར་གསལ།
  4. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༣༦༩ པར་གསལ།
  5. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ།  དེབ་གྲངས། ༡༠༧ ཤོག་གྲངས། ༡༣༨ པར་གསལ།
  6. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༤ པར་གསལ།
  7. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༣༦༦ ནས་ ༣༦༧ བར་གསལ།
  8. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༣ པར་གསལ།
  9. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༣༨༣ པར་གསལ།
  10. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༡༣༠༦ པར་གསལ།
  11. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། གསུང་འབུམ་དེབ་གཟུགས་པོད། ༡ ཤོག་གྲངས། ༢༣༧ པར་གསལ།
  12. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༡༡༤ པར་གསལ།
  13. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༡༧༩ པར་གསལ།
  14. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༡༠༧ ཤོག་གྲངས། ༡༨༠ པར་གསལ།
  15. ས་སྐྱའི་ཆོས་འབྱུང་གཅེས་བཏུས། དེབ་ཕྲེང་། ༦ ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཨུ་ཡོན་ལྷན་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས།
  16. གཅེར་བུའི་དགོན་པ་ནས་རྙེད་པའི་དེ་ཁོ་ན་ཉིད་བསྡུས་པའི་རྒྱ་དཔེ་བྲིས་མ་དང་། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་རྒྱ་དཔེ་བྲིས་མ་གཉིས་ལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།