པ་སངས་ཚེ་རིང་། འཛིན་རིམ་གསུམ་པ།
ཨ་སྔོན་ལགས།
ཁྱོད་ནི།
སྔོ་ཞིང་ཡངས་ལ་སྣུམ་ཞིང་དྭངས།
འཇམ་ཞིང་མཉེན་ལ་ལྷིང་ཞིང་འཇགས།
ཁྱོད་ནི།
འཇའ་ཚོན་གྱི་གུར་ཁྱིམ་དང་།
སྦྲང་ཆར་གྱི་མྱོས་བུམ།
ཁྱེད་ལ་རྒྱང་ནས་བལྟས་ན།
ལག་གིས་བསྙབ་རྒྱུ་འདུག་ལ།
མིག་གིས་གཟིར་ནས་བལྟས་ན།
གྲོང་མཐའ་ལ་ཟུག་ནས་འདུག
མ་ཟད་གམ་ནས་བལྟས་ན།
གཡུ་ཡི་གུར་ཆེན་ལ།
སྒྱུ་སྐར་གྱི་ཕྲ་དང་།
གཞོན་ཆགས་ཀྱི་འཇའ་རིས།
ད་དུང་། རང་དབང་གི་རོལ་དབྱངས་ཀྱང་སྙན་གྱི།
ངོ་མ་ཁྱོད་ནི།
མདའ་ཡིས་དབུག་རྒྱུ་འདུག་ལ།
ཤེལ་ལྟར་དགས་རྒྱུའང་ཡོད་པར་སྣང་།
འོན་ཀྱང་ནམ་འཕང་ལགས།
ང་ཇི་ཙམ་གམ་དུ་བཅར་བ།
ཁྱོད་དེ་ཙམ་རྒྱང་ནས་འདུག་ལ།
ང་ཇི་ཙམ་མཁའ་ལ་ལྡིང་ཡང་།
ཁྱོད་དེ་ཙམ་མཐོ་ནས་འདུག
དགུང་སྔོན་ལགས།
ངས་ཁྱོད་རང་བཙལ་ཡིན།
ཁྱོད་ལ་ལག་གིས་བསྲིངས་ཡིན།
འོན་ཀྱང་ང་རང་བོར་སོང་།
ད་དུང་ཁྱོད་རང་རྙེད་མ་སོང་།
ངོ་མ་ང་།
ཉིན་མོ་ཟླ་བར་འཁེལ་བཞིན།
ཟླ་བ་ལོ་ཚིགས་ལ་བཀལ་ཏེ།
ད་དུང་ཁྱེད་ཀྱི་ངོ་རིས་ལ།
གཉེར་མའི་པ་ཏྲ་འབྲི་དོན་ཅི་ཡིན་ནམ།