དཀོན་མཆོག་བསམ་གཏན། འཛིན་རིམ་དྲུག་པ།
ཆར་པ་ཤག་ཤག་འཇོ་བའི་ནམ་གྱི་སྟོད་ལ།།
ཟླ་བའི་ལྷ་མོ་སྒུག་མཁན་རྣམ་ཤེས་ཁེར་འགྲོ།།
ཆར་རླུང་སྤྲིན་པའི་གསེབ་ན་གཅིག་པུར་རྒྱུ་དུས།།
སེམས་མེད་བེམ་གཟུགས་ཤིག་གི་ཚུགས་ཀ་མངོན་བྱུང་།།
མུན་པའི་ཡོལ་བ་ནག་པོ་ཚུར་ཚུར་ཡོང་དུས།།
དགུང་གི་ཟླ་བ་འདི་ལ་གསལ་ཆ་མེད་ཀྱང་།།
གློག་འོད་ཆེམ་ཆེམ་འཕྲོ་བའི་གྲོང་གི་མཐའ་ལ།།
ཁ་ཤ་ལྷགས་པས་བརྡབས་ནས་ཁྱེད་རང་བསྒུགས་ཡོད།།
ཇ་ཤིང་ཁ་བས་གཡོགས་པའི་ནམ་ཟླ་ཞིག་ལ།།
བདག་སེམས་ཁྱེད་ལ་འཕྱུར་བའི་གདུང་བའི་གཟུགས་རིས།།
ཤོག་ལྷེ་དཀར་པོའི་ངོགས་ལ་ལྟེབ་ཚིགས་བརྒྱབས་ཏེ།།
ཁྱེད་ཀྱི་ཕྱོགས་སུ་ཆས་པའི་མི་ལ་བསྐུར་ཡོད།།
བུ་ཡུག་ཆེས་ཆེར་འཚུབ་པའི་ས་སྲོད་མ་ལ།།
རྐང་ལམ་ཕྲ་མོ་དེད་ནས་འཚོལ་བར་བསྙེགས་ཀྱང་།།
ལ་རྩེའི་དར་ལྕོག་དེ་ཡི་འགུལ་ལུགས་བལྟས་ན།།
ཁྱེད་རང་བདེ་པོ་ཡིན་པའི་ཚོར་སྣང་བྱིན་བྱུང་།།
མི་ཚེ་ཟློས་གར་འདི་ལ་འགྱུར་བ་མང་རུང་།།
ཤ་རུས་ཁྲག་ལ་ཐིམ་པའི་སེམས་ནང་འོད་དཀར།།
ལོ་དང་ཞག་མའི་བང་རིམ་ཇི་ཙམ་བརྩེགས་ཀྱང་།།
ཡ་ཆུང་མིག་ངོ་འདི་ན་ཁྱེད་རང་འཁྱིལ་ཡོད།།