རིག་པའི་ཁུག་མདུད་འགྲོལ་བའི་གབ་ལན་ཚིགས་སུ་བཅད་པ། «སྤྱི་ལོ་ ༢༠༡༨ ལོའི་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་གབ་ལན།»

ལོ་རིམ་ལྔ་པའི་སློབ་གཉེར་བ། ལྷག་པ་རྡོ་རྗེ།


མ་བོས་ཀུན་ཁྱབ་དཔལ་མོའི་མགྲོན་པོ་མིན།།
མེ་ཏོག་ཀུ་མུད་འབྱེད་མཁན་དེ་བས་མིན།།
དག་དང་མ་དག་ཆོས་ཀུན་མངོན་སུམ་དུ།།
གསལ་བའི་འོད་ཀྱི་གོང་བུ་བློ་གྲོས་ཡིན།།


མདོ་སྔགས་རིག་པའི་གནས་ལ་མ་སྦྱངས་ཀྱང་།།
མཁས་པའི་བྱ་བ་རྩོམ་པར་མི་སྐྲག་མཁན།།
རི་ཁྲོད་འགྲིམ་པའི་རྟོགས་ལྡན་མིན་ན་ཡང་།།
རྐང་རྗེས་འཇོག་པའི་གྲུབ་ཐོབ་སྨྱུ་གུ་རེད།།


བཀྲེས་སྐོམ་སེལ་བར་རླན་གཤེར་ལོངས་སུ་སྤྱོད།།
འགྲུལ་བཞུད་མི་ཉིད་མཁོ་བའི་རྒྱབ་ཁུར་བ།།
སུག་བཞི་ཅན་གྱི་རྭ་ཅོ་མེད་པའི་གཡག།
ཚན་རྩལ་མཁས་པའི་ལག་རྗེས་རླངས་འཁོར་ཡིན།།


ཀུན་ཀྱིས་ཐོས་པར་མི་འདོད་རྣ་འགེབས་ཤིང་།།
དུག་དང་འདྲེས་པའི་ཟས་ལྟར་བརྩིས་བཞག་པའི།།
བྱེད་པོས་བྱས་མིན་སྤུ་གྲི་ངར་མའི་སོ།།
མི་དགེ་བཅུ་པོའི་སྤུན་ཟླ་ཚིག་རྩུབ་རེད།།


ཕན་གནོད་མཉམ་པ་གཉིས་སུ་མེད་པ་ཡི།།
རྒྱ་ནག་ཡུལ་ནས་འོངས་པའི་སྤུན་ཟླ་གཉིས།།
འགུལ་སྐྱོད་བྱ་བ་སྒོར་མོར་རག་ལུས་པའི།།
ཕོ་ཉ་མོ་ཡི་མིང་ལ་འཕྲིན་ཕྲན་ཟེར།།


བྱ་རེད་ཟེར་ན་གསལ་ཞིང་རིག་པས་དབེན།།
མ་རེད་ཟེར་ན་མཁར་ལྡིང་རོལ་རྩེད་མཚུངས།།
ཉིན་མཚན་ཁོར་མོ་ཡུག་ཏུ་འཁོར་ན་ཡང་།།
རང་སར་ལུས་པའི་བྱ་ལ་རླུང་འཁོར་ཟེར།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།