རྒྱ་བོད་གཉིས་ན་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཇི་ཡོད་ཁག་གི་རྣམ་གྲངས་ངོ་སྤྲོད།

རྩོམ་སྒྲིག་པ།

ནམོ་པུར྄ཝམ་ནཱཐ་སམནྟ་བྷདྲ་མཱཏྲ་པིཏྲ་ཨདྭཡ་མཧཱ་ཡུག་ནདྡ་ཛྙཱན་ཡ།

རྫོགས་པ་ཆེན་པོ་སྔ་འགྱུར་ཤིང་རྟ་ཆེའི།།

རྒྱུད་གསུམ་དགོངས་དོན་མ་ལུས་གསལ་བྱེད་པའི།།

དཔལ་ལྡན་རྩ་རྒྱུད་གསང་བ་སྙིང་པོ་ཡི།།

དགོངས་འགྲེལ་ཅི་མཆིས་མ་ལུས་འདིར་དགོད་བྱ།།

དེ་ཡང་སྤྱིར་ཐེག་ཆེན་མདོ་སྔགས་གཉིས་ལས་སྔགས་ཀྱི་སྐབས་འདིར་སྔགས་གཞུང་རྒྱུད་སྡེ་བཞིའམ་དྲུག་ཏུ་གནས་པ་ལས་རྣལ་འབྱོར་བླ་མེད་ནང་རྒྱུད་སྡེ་གསུམ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས་པ་ལྟར། སྤྱི་རྒྱུད་སྒྱུ་འཕྲུལ་དྲ་བ་ཆེན་པོ་གསང་བས་ཀྱང་ཆེས་གསང་བ་རྡོ་རྗེ་ཐེག་པའི་སྔགས་རྒྱུད་རྒྱ་མཚོ་ལྟ་བུ་མཐའ་དག་གི་དགོངས་པའི་གནད་གསལ་བར་བྱེད་པའི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ནང་གསེས་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། རྒྱུད་སྡེ་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པའི་ནང་གསེས་དེ་ཀུན་ཀྱི་གཞིའམ་སྙིང་པོར་གྱུར་པ་ནི། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ལ་སོགས་པའི་ཁྱད་ཆོས་ཆེ་བ་བརྒྱད་དང་ལྡན་པའི་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་པ་དེ་ཉིད་ཡིན་པས། དེའི་ནང་དུ་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་གཞི་ལམ་འབྲས་གསུམ་གྱི་དོན་མ་ལུས་པ་མཐའ་དག་བསྟན་པས། དེ་ཉིད་གཞིར་བཞག་གི་སྟེང་ནས་སྔགས་ཀྱི་ཉམས་ལེན་ཀུན་ལ་ངེས་པ་བསྐྱེད་དགོས་པ་ཡིན་པའིི་ཕྱིར། རྒྱུད་དེ་ཉིད་ལ་ཐོས་བསམ་གྱི་སྤྲོ་བས་འཇུག་པར་འདོད་པ་རྣམས་ལ། རྒྱ་བོད་གཉིས་སུ་རྒྱུད་དེ་ཉིད་ཀྱི་འགྲེལ་པ་ཇི་ཙམ་ཡོད་མེད་ཀྱི་རྣམ་གྲངས་རྣམས་དཀར་ཆག་ཕྱོགས་སྒྲིག་དག་ལ་ཡིད་རྟོན་མ་བྱས་པར་གཙོ་བོར་ཕྱག་དཔེ་གང་གི་དབུར་བཞུགས་པའི་མཚན་བྱང་རྣལ་མ་དག་ལ་ཁུངས་གཏུགས་ཀྱིས་ཞུ་བར་བྱ་སྟེ། དེ་ཡང་གཙོ་བོར་དཔལ་སྤྲུལ་གྱང་ཁང་ཐུབ་བསྟན་དཔལ་བཟང་མཆོག་གིས་བོད་དཔལ་ཡུལ་མ་དགོན་དུ་ཤིང་པར་དུ་བཞེངས་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་གླེགས་བམ་པོད་བརྒྱ་དང་བཞི་བཅུ་ཞེ་གཉིས་ཡོད་པ་ལས། མ་ཧཱ་ཡོ་གའི་ཆོས་འཁོར་རྒྱབ་ཆོས་སྐོར་གྱི་ནང་གསེས་རྩ་རྒྱུད་གསང་བ་སྙིང་པོ་ལ་རྒྱ་བོད་གཉིས་ན་འགྲེལ་པ་ཇི་ཡོད་ཀྱི་རྣམ་གྲངས་ཁག་པོད་ཚན་[1]གོ་རིམ་བཞིན་འགོད་པ་ལ། ལོ་ཆེན་དྷརྨ་ཤྲཱིས་གསང་བདག་ཞལ་ལུང་ནང་དུ་གསུངས་པའི་སྔགས་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ངོས་འཛིན་བདེ་ཆེད་ས་བཅད་བྱས་པ་དག་འདིར་ཁོག་དབུབ་པའི་ཚུལ་གྱིས་རྣམ་གྲངས་དགོད་རྒྱུ་དང་། དེའི་སྟེང་དཔལ་ཡུལ་ཤིང་པར་དུ་མ་ཚུད་པའི་ད་ལྟ་དངོས་སུ་བཞུགས་ཡོད་པ་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཁག་གི་རྣམ་གྲངས་དགོད་རྒྱུ་དང་། མཚན་བྱང་ཙམ་དུ་ལུས་པ་ལས་ཕྱག་དཔེ་དངོས་བཀའ་བསྟན་མདོ་རྒྱུད་གང་དུའང་རྙེད་སོན་མ་བྱུང་བ་ཁག་གི་རྣམ་གྲངས་དགོད་རྒྱུ་བཅས་ཀྱི་རྩ་བའི་ཆིངས་རྣམ་པ་གསུམ་གྱིས་ཞུ་བར་བྱ་བ་ལ།

དང་པོ།

བོད་དཔལ་ཡུལ་མ་དགོན་དུ་ཤིང་པར་དུ་བཞེངས་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་ནང་འཁོད་རྩ་རྒྱུད་གསང་བ་སྙིང་པོ་ལ་རྒྱ་བོད་གཉིས་ན་འགྲེལ་པ་ཇི་ཡོད་ཀྱི་རྣམ་གྲངས་ཁག་ལས།

༡༽ དཔལ་གསང་བ་སྙིང་པོའི་བརྗོད་བྱ་སྤྱིའི་འགྲེལ་པ་སྤྱི་དོན་ཚིག་དོན་བསྡུས་དོན་ཟིན་བྲིས་བརྒལ་བརྟག་ཁག

«གཙོ་བོར་ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ཏེ་རྒྱུད་དྲང་ཐད་དུ་གཏན་ལ་འབེབས་པར་བྱེད་པའི་མན་ངག»

རྒྱ་འགྲེལ་སྐོར།

{ཐུ་}པ།

༡༽ རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་སྙིང་པོའི་འགྲེལ་པ་[2]ཞེས་བྱ་བ། (སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ།)

{དུ་}པ།

༢༽ དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་བ། སློབ་དཔོན་ཉི་མའི་སེང་གེའི་འོད་ཀྱིས་མཛད་པ།

བོད་འགྲེལ་སྐོར།

{ཐུ་}པ།

༣༽ དཔལ་གསང་བའི་སྙིང་པོའི་འགྲེལ་པ་སྤར་ཁབ་ཀྱི་མཆན་འགྲེལ་ཉི་མའི་འོད་ཟེར་ཞེས་བྱ་བ། ནམ་མཁའ་དཔལ་བས་མཛད་པ།

{ནུ་}པ།

༤༽ རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་ཞེས་བྱ་བ།[3] གུ་རུ་པདྨ་རྒྱལ་པོའི་གསུང་རྒྱུན་མན་ངག་སྙན་བརྒྱུད་ཆོས་རྗེ་ཀ᫸ཐོག་པ་ཆེན་པོའི་བཤད་སྲོལ།[4] སྟོད་ཆ།

{པུ་}པ།

༤༽ རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་ཞེས་བྱ་བ།[5] གུ་རུ་པདྨ་རྒྱལ་པོའི་གསུང་རྒྱུན་མན་ངག་སྙན་བརྒྱུད་ཆོས་རྗེ་ཀ᫸ཐོག་པ་ཆེན་པོའི་བཤད་སྲོལ།[6]སྨད་ཆ།

{ཕུ་}པ།

༥༽ མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཞེས་བྱ་བ།[7]

{བུ་}པ།

༦༽ རྒྱུད་རྒྱལ་གསང་བ་སྙིང་པོའི་འགྲེལ་པ་རོང་ཟོམ་ཆོས་བཟང་གིས་མཛད་པ།[8]

{མུ་}པ།

༧༽ དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ། རྒྱལ་བ་ཀློང་ཆེན་[9]པས་མཛད་པ།

{ཙུ་}པ།

༨༽ དཔལ་གསང་བ་སྙིང་པོའི་སྤྱི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ། རྒྱལ་བ་ཀློང་ཆེན་[10]པས་མཛད་པ།

༩༽ དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་བསྡུས་པའི་དོན་མ་རིག་པའི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ་རྒྱལ་བ་ཀློང་ཆེན་[11]པས་མཛད་པ།

༡༠༽ གསང་འགྲེལ་ཕྱོགས་བཅུ་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་ཞེས་བྱ་བ། འཇམ་མགོན་མི་ཕམ་[12]པས་མཛད་པ།

{ཚུ་}པ།

༡༡༽ དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ཞེས་བྱ་བ། གཡུང་སྟོན་རྡོ་རྗེ་དཔལ་བཟང་[13]གིས་མཛད་པ།

༡༢༽ དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ཞེས་བྱ་བ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེས་[14]མཛད་པ།

{ཛུ་}པ།

༡༣༽ སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་པ་རྒྱུད་དོན་རྣམ་ངེས་[15]ཞེས་བྱ་བ། སྨན་ལུང་པ་མི་བསྐྱོད་རྡོ་རྗེས་མཛད་པ།

༡༤༽ གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་སྨན་ལུང་པ་མི་བསྐྱོད་རྡོ་རྗེས་མཛད་པ།

༡༥༽ དཔལ་གསང་བ་སྙིང་པོའི་བསྡུས་དོན་འོད་ཟེར་མཐའ་ཡས་ཞེས་བྱ་བ། སྨན་ལུང་པ་མི་བསྐྱོད་རྡོ་རྗེས་མཛད་པ།

{ཝུ་}པ། [ཨེ་]རྟགས་ཅན།

༡༦༽ གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། སྔགས་འཆང་ནམ་མཁའ་རིན་ཆེན་གྱིས་མཛད་པ། སྟོད་ཆ།

{ཞུ་}པ། [ཝཾ་]རྟགས་ཅན།

༡༦༽ གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། སྔགས་འཆང་ནམ་མཁའ་རིན་ཆེན་གྱིས་མཛད་པ། སྨད་ཆ།

{ཟུ་}པ། [ཨེ་]རྟགས་ཅན།

༡༧༽ དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་ཞེས་བྱ་བ། ལོ་ཆེན་དྷརྨ་ཤྲཱིས་[16]མཛད་པ། སྟོད་ཆ།

{འུ་}པ། [ཝཾ་]རྟགས་ཅན།

༡༧༽ དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་ཞེས་བྱ་བ། ལོ་ཆེན་དྷརྨ་ཤྲཱིས་[17]མཛད་པ། སྨད་ཆ།

{ཡུ་}པ།

༡༨༽ དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན་ཞེས་བྱ་བ། ལོ་ཆེན་དྷརྨ་ཤྲཱིས་[18]མཛད་པ།

༡༩༽ དཔལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་བླ་མའི་མན་ངག་རིན་ཆེན་ཕྲེང་བ་ཞེས་བྱ་བ། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་པས་[19]མཛད་པ།

{རུ་}པ།

༢༠༽ གསང་བ་སྙིང་པོའི་སྤྱི་དོན་མཐོང་བས་དོན་རྟོགས་ཞེས་བྱ་བ། སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་[20]མཛད་པ།

༢༡༽ དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེའུ་མིག་ཅེས་བྱ་བ། རྡོ་གྲུབ་ཆེན་མདོ་སྔགས་བསྟན་པའི་ཉི་མས་[21]མཛད་པ།

༢༢༽ གསང་བ་སྙིང་པོའི་དཀའ་གནད་རྡོ་རྗེའི་མདུད་པ་བཀྲལ་བའི་མེ་ལོང་ཞེས་བྱ་བ་མཁན་པོ་ཚེ་དབང་བསོད་ནམས་ཀྱིས་མཛད་པ།

{ལུ་}པ།

༢༣༽ རྩ་རྒྱུད་གསང་བ་སྙིང་པོའི་དཀའ་གནས་ལ་དོགས་པ་གཅོད་པའི་ལུང་རིགས་རྡོ་རྗེའི་རོལ་རྩེད་ཅེས་བྱ་བ་དང་།

༢༤༽ དཔལ་གསང་བ་སྙིང་པོའི་སྤྱི་དོན་གཏན་ལ་འབེབས་པའི་ཐལ་འགྱུར་རིག་པའི་སྒོ་འབྱེད་ཅེས་བྱ་བ། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་པས་[22]མཛད་པ།

༢༥༽ གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་སྣང་བ་ལྷར་བསྒྲུབ་པ་རོང་ཟོམ་ཆོས་བཟང་གིས་[23]མཛད་པ།

༢༦༽ སྒྱུ་འཕྲུལ་གྱི་དཀའ་བའི་གནས་སྣང་བ་ལྷར་བསྒྲུབ་པ་ལ་དོགས་པ་གཅོད་པ་ལུང་རིགས་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ། ཀ᫸ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་[24]མཛད་པ།

༢༧༽ སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནས་བསྡུས་དོན་བླ་མའི་ཞལ་ལུང་ཞེས་བྱ་བ། སྔགས་རམས་པ་བསོད་ཆོས་པས་མཛད་པ།

༢༨༽ གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ། ཀ᫸ཐོག་དགེ་རྩེ་འགྱུར་མེད་བསྟན་པའི་རྣམ་རྒྱལ་[25]གྱིས་མཛད་པ།

༢༩༽ དཔལ་ལྡན་གསང་བ་སྙིང་པོའི་ཁོག་དབུབ་ས་བཅད་ཀྱི་རིམ་པ་ཉུང་ངུ་འཁོར་འདས་བར་གྱི་ལོ་ཙཱ་ཞེས་བྱ་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་[26]གྱིས་མཛད་པ།

༣༠༽ སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་མཆན་འགྲེལ་ཉི་ཟླའི་སྙིང་པོ་ཞེས་བྱ་བ། རྫོགས་ཆེན་མཁན་པོ་གཞན་ཕན་སྣང་བས་[27]མཛད་པ།

{ཤུ་}པ།

༣༡༽ དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཟབ་དོན་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ། སྔགས་བཙུན་འགྱུར་མེད་ཕན་བདེའི་འོད་ཟེར་གྱིས་མཛད་པ།

{སུ་}པ། [ཨ໋་]རྟགས་ཅན།

༣༢༽ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་འགྲེལ་བཤད་དང་སྒྲུབ་ཐབས་ཕྲ་མོ་རྣམས་ཀྱི་དཀར་ཆག་གསལ་བྱེད་སྣང་བ་ཞེས་བྱ་བ། བནྡེ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་མཛད་པ།

༣༣༽ སྔ་འགྱུར་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་ཞེས་བྱ་བ། ལོ་ཆེན་དྷརྨ་ཤྲཱིས་[28]མཛད་པ།

ཡང་རྒྱ་འགྲེལ་སྐོར།

༣༤༽ པཎྜི་ཏ་བི་མ་ལས་མཛད་པའི་གསང་བ་སྙིང་པོའི་འགྲེལ་ཆུང་པིཎྜཱརྠ་[29]ཞེས་བྱ་བ།

༣༥༽ ཐབས་ཀྱི་ཞགས་པ་པདྨོའི་འཕྲེང་བའི་འགྲེལ་པ་ཞེས་བྱ་བ། མཛད་བྱང་མེད།

༣༦༽ རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་ཞེས་བྱ་བའི་སྤྱན་འགྲེལ་ཞེས་བྱ་བ།[30]མཛད་བྱང་མེད།

༣༧༽ ཁོག་གཞུང་གསལ་སྒྲོན་ཞེས་བྱ་བ་སློབ་དཔོན་བི་མ་ལས་མཛད་པ་བཅས།

རྒྱ་འགྲེལ་བཞི་པོ་འདི་དག་སྒྱུ་འཕྲུལ་ཕྲ་མོའི་ཁོང་གཏོགས་རྩི་མི་རྩི་སོགས་མཁས་པ་སོ་སོའི་དགོངས་བཞེད་ཅི་རིགས་ཡོད་མོད་ཀྱང་སྐབས་འདིར་སྨིན་གླིང་ལོ་ཆེན་ཉིད་ཀྱི་དགོངས་པ་དབང་བཙན་དུ་བྱས་ནས་རྩ་རྒྱུད་སྤྱིའི་འགྲེལ་པའི་གྲལ་དུ་བརྩིས་པ་ཡིན།

དེ་ལྟར་གསང་སྙིང་སྤྱིའི་འགྲེལ་པ་ལ་རྒྱ་འགྲེལ་རྣམ་པ་དྲུག་དང་། བོད་འགྲེལ་སུམ་ཅུ་སོ་གཅིག་ཏུ་ཡོད་པས་ཁྱོན་སོ་བདུན་དུ་མཆིས་སོ།།

༢༽ དཔལ་གསང་བ་སྙིང་པོའི་བརྗོད་བྱ་བྱེ་བྲག་པ་རྒྱུད་ཀྱི་དངོས་པོ་བཅུ་ཡི་འགྲེལ་པ་དང་སྟོང་ཐུན་ཁག

གཙོ་བོར་སྒོམ་པའི་ཤེས་རབ་ལ་བརྟེན་ནས་རྒྱུད་མངོན་རྟོགས་སུ་བསླབ་ཅིང་ཉམས་སུ་ལེན་པའི་མན་ངག་སྟེ།

ཡོངས་ཤེས་ཀྱི་དངོས་པོ་ཁ་ཡར་བ་སྟོན་པ་འགྲེལ་བཤད་དང་སྒྲུབ་ཐབས་ཕྲ་མོའི་སྐོར།

ལྟ་བའི་སྐོར།

{ཧུ་}པ། [ཨཿ]རྟགས་ཅན།

༡༽ སྒྱུ་འཕྲུལ་དྲྭ་བ་རིན་པོ་ཆེའི་འོད་སྣང་ཞེས་བྱ་བ། མཛད་བྱང་མི་གསལ།

༢༽ སློབ་དཔོན་བཞད་པ་རྡོ་རྗེའི་ལ་ཤན་ལྟ་བའི་སྒྲོན་མེ་ཞེས་བྱ་བ།

༣༽ ལ་ཤན་ལྟ་བའི་སྒྲོན་མེའི་བསྡུས་དོན།

༤༽ བཞད་པ་རྡོ་རྗེས་མཛད་པའི་ལ་ཤན་ལྟ་བའི་སྒྲོན་མེའི་འགྲེལ་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཕྱི་མས་མཛད་པ།

༥༽ གཡུའི་ཐང་མ་སྐས་དགུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ།

༦༽ མཚན་ཉིད་སྒྲོན་མ་ཞེས་བྱ་བ་བི་མ་ལས་མཛད་པ།

༧༽ རྣལ་འབྱོར་ཆེན་པོ་ཤེས་རབ་སྤྱན་འབྱེད་ཀྱི་མན་ངག་ཅེས་བྱ་བ།[31]བི་མ་ལས་མཛད་པ།

༨༽ སློབ་དཔོན་ཤྲཱི་སེངྷས་མཛད་པའི་ཐུགས་ཀྱི་སྒོ་ལྕགས།

དཀྱིལ་འཁོར་གྱི་སྐོར།

༩༽ དཀྱིལ་འཁོར་གྱི་ཆོས་དོན་མདོར་བསྡུས་པ་ཞེས་བྱ་བ། སློབ་དཔོན་སངས་རྒྱས་གསང་བས་མཛད་པ།

༡༠༽ ཐིག་གི་པིཎྜཱརྠ་[32]ཞེས་བྱ་བ། སངས་རྒྱས་གསང་བས་མཛད་པ།

དབང་གི་སྐོར།

༡༡༽ སེམས་བསྐྱེད་ཀྱི་ཆོ་ག ཛི་ན་མི་ཏྲས་མཛད་པ།

ཕྲིན་ལས་ཀྱི་སྐོར།

༡༢༽ བསྲེ་བའི་ཐོ་བྱང་། སློབ་དཔོན་བི་མ་ལས་མཛད་པ།

༡༣༽ སྒྱུ་འཕྲུལ་དྲྭ་བ་རྡོ་རྗེའི་ལས་ཀྱི་རིམ་པ། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ།

དབང་གི་སྐོར།

༡༤༽ སྒྱུ་འཕྲུལ་ཁྲོ་བོའི་དབང་སྒྲུབ་རྡོ་རྗེའི་ལས་ཀྱི་རིམ་པ། སློབ་དཔོན་སངས་རྒྱས་གསང་བས་མཛད།

༡༥༽ དབང་ཆོག་ཆེ་བའི་དཀྱིལ་འཁོར་ཚོན་ཐོབ། མཛད་བྱང་མི་གསལ།

༡༦༽ དབང་དོན་ངེས་འབྱེད་སློབ་དཔོན་སངས་རྒྱས་གསང་བས་མཛད་པ།

༡༧༽ སྒྱུ་འཕྲུལ་དྲྭ་བ་དབང་གི་གལ་པོ། མཛད་བྱང་མེད།

༡༨༽ ཞི་ཁྲོའི་གཏོར་དབང་། མཛད་བྱང་མི་གསལ།

སྟོང་ཐུན་གྱི་སྐོར།

{ཨུ་}པ། [ཧཱུྃ་]རྟགས་ཅན།

༡༩༽ སྒྱུ་འཕྲུལ་ལྷན་སྐྱེས་ཡེ་ཤེས་སྣང་བ། སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ།

༢༠༽ སྒྱུ་འཕྲུལ་དྲ་བ་ཐུགས་ཀྱི་ཐིགས་པ་ཞེས་བྱ་བ། སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ།

༢༡༽ སྒྱུ་འཕྲུལ་འཇམ་ཐིགས། སློབ་དཔོན་བི་མ་ལས་མཛད་པ།

༢༢༽ གསང་བའི་ཐིགས་པའི་མན་ངག སློབ་དཔོན་བི་མ་ལས་མཛད་པ།

༢༣༽ གསང་བའི་ཐིགས་པའི་མན་ངག་གི་འགྲེལ་པ། སློབ་དཔོན་བི་མ་ལས་མཛད་པ།

༢༤༽ དབང་ཅིག་ཅར་དུ་འཇུག་པའི་མན་ངག སློབ་དཔོན་བི་མ་ལས་མཛད་པ།

༢༥༽ བདེ་བ་ཆེན་པོའི་ཕྱག་རྒྱའི་མན་ངག་ཅེས་བྱ་བ། སློབ་དཔོན་བི་མ་ལས་མཛད་པ།

དམ་ཚིག་གི་སྐོར།

༢༦༽ རྡོ་རྗེ་དཔལ་ཆེན་ཁྲོ་རྒྱལ་ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་བཤགས་པ། གྲུབ་ཐོབ་དཔལ་དབྱངས་ཀྱིས་མཛད་པ།

༢༧༽ དམ་ཚིག་ཉི་ཤུ་རྩ་བརྒྱད་པ་དང་རྡོ་རྗེ་རྒྱལ་མོའི་བཤགས་པ་བཅས། གནུབས་ཆེན་གྱིས་མཛད་པ།

ཡང་ཕྲིན་ལས་ཀྱི་སྐོར།

༢༨༽ དཔེ་ཆུང་རང་གནས་ཞེས་བྱ་བ། སློབ་དཔོན་ཆེན་པོ་དུར་ཁྲོད་བདེ་བ་གསལ་མཛད་ཀྱིས་མཛད་པ།

༢༩༽ ལུང་བཞིའི་རྩ་བ་ཚིག་ལེའུར་བྱས་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ།

༣༠༽ གནས་ལུང་ཆེན་པོའི་ཐོ་ཡིག པཎྜིཏ་བི་མ་ལས་མཛད་པ།

༣༡༽ གནས་ལུང་གི་དཀྱིལ་འཁོར་འབྲི་ལུགས། (བི་མ་ལས་མཛད་པ།)

༣༢༽ གནས་ལུང་གི་མན་ངག་བསྡུས་པ་གནས་མཆོག་ལས་ཕྲེང་ཞེས་བྱ་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ།

༣༣༽ མན་ངག་གི་རིམ་པ་མདོར་བསྡུས་ཞེས་བྱ་བ། སློབ་དཔོན་པདྨས་མཛད་པ།

༣༤༽ གནས་ཀྱི་ལུང་ཕྲན་བཅུ་དྲུག་ཅེས་བྱ་བ། སློབ་དཔོན་བི་མ་ལས་མཛད་པ།

༣༥༽ སྦྱིན་སྲེག་གལ་འགགས་ཞེས་བྱ་བ། (སློབ་དཔོན་བི་མ་ལས་མཛད་པ།)

༣༦༽ སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ།

༣༧༽ སྦྱིན་སྲེག་གི་མན་ངག་ཁོང་དོན་བཀྲོལ་བ་ནོར་བུ་ལུགས་ཞེས་བྱ་བ།[33] སློབ་དཔོན་བི་མ་ལས་མཛད་པ།

༣༨༽ གསང་བ་ཐིགས་པའི་མན་ངག་རོ་སྲེག་གི་ལས་ཕྲེང་།[34]སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ།

༣༩༽ སྐུ་གདུང་ལས་ཀྱི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་བི་མ་ལས་མཛད་པ།

༤༠༽ རབ་གནས་དང་། ཧ໋། ལུ་གུ་རྒྱུད། རྫས་སོགས་ལ་འཇུག་པའི་ལས་རིམ། སློབ་དཔོན་བི་མ་ལས་མཛད་པ།

༤༡༽ རབ་གནས་ཀྱི་ཆོ་ག་རྣམ་པར་བསྲེས་པ་གསུམ་དང་སྦྱར་བ་ཞེས་བྱ་བ། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ།

༤༢༽ གནས་ཀྱི་གེགས་སེལ་གཟེར་བཅོ་བརྒྱད་པ། སློབ་དཔོན་དྲི་མེད་ཟླ་ཤར་གྱིས་མཛད་པ།

༤༣༽ ཞི་ཁྲོ་ལས་ཀྱི་གལ་ཕྲེང་ཞེས་བྱ་བ། སློབ་དཔོན་ནམ་མཁའི་སྙིང་པོས་མཛད་པ།

སྒྲུབ་པའི་སྐོར་ལས།[35]ལམ་ངེས་རྫོགས་ཀྱི་མན་ངག་ཁག

༤༤༽ མན་ངག་རྣམ་པར་བཀོད་པ་ཞེས་བྱ་བ།[36]ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ་ཛས་མཛད་པ།

༤༥༽ རིམ་པ་དྲུག་པ་ཞེས་བྱ་བ། སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ།

༤༦༽ རིམ་པ་དྲུག་པའི་འགྲེལ་པ་རིན་པོ་ཆེའི་ཕྲ་བཀོད་ཅེས་བྱ་བ། པཎྜི་ཏ་བི་མ་ལས་མཛད་པ།

༤༧༽ སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་པ་གསུམ་པ། (བི་མ་ལས་མཛད་པ།)

༤༨༽ རིམ་པ་གཉིས་པ་ཞེས་བྱ་བ། ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ་ཛས་མཛད་པ།

༤༩༽ སྒྱུ་འཕྲུལ་མེ་ལོང་འོད་ཕྲེེང་ཞེས་བྱ་བ་བི་མ་ལས་མཛད་པ།

༥༠༽ སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུ་།

༥༡༽ སྒྱུ་འཕྲུལ་དྲྭ་བའི་ལམ་དེ་ཁོ་ན་ཉིད་ངེས་པར་བསྡུས་པ་ཞེས་བྱ་བ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ།

{ཀེ་}པ། [ཨེ་]རྟགས་ཅན།

༥༢༽ པདྨའི་ལམ་རིམ་གྱི་ལོ་རྒྱུས་ཞེས་བྱ་བ། མཛད་བྱང་མེད།

༥༣༽ གསང་སྔགས་ལམ་རིམ་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ།

༥༤༽ སློབ་དཔོན་པདྨའི་གསུང་བཀའ་གཏེར་གཉིས་ལྡན་མ།

༥༥༽ ཕྱི་ཆོས་མདོ་སྔགས་ཐུན་མོང་གི་ལམ་རིམ་རིན་ཆེན་སྤུངས་པ་ཞེས་བྱ་བ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་མཛད་པ།

སྒྲུབ་པའི་སྐོར་འདི་དག་བསྐྱེད་རྫོགས་གཉིས་ཀ་སྟོན་པའི་གཞུང་ཡིན།

ཡང་ཕྲིན་ལས་ཀྱི་སྐོར།

༥༦༽ མ་མོ་གསང་བ་ལས་ཀྱི་ཐིག་ལེ་ཞེས་བྱ་བ་སློབ་དཔོན་པདྨ་སཾ་བྷ་ཝའི་ཐུགས་དམ་མངའ་བདག་བཙན་པོ་ལ་གནང་བ།

༥༧༽ ཞི་བ་ལྷ་རྒྱུད་ཅེས་བྱ་བ། སློབ་དཔོན་བི་མ་ལ་མི་ཏྲས་ཞང་ཛྙཱ་ན་ལ་གནང་བ།

༥༨༽ ཞི་རྒྱུད་དང་ཁྲོ་རྒྱུད་ཅེས་བྱ་བ། (སློབ་དཔོན་པདྨས་མཛད་པ།)

༥༩༽ ཞི་བའི་ལྷ་རྒྱུད་ཀྱི་འགྲེལ་པ། སློབ་དཔོན་བི་མ་ལས་མཛད་པ།

༦༠༽ ཁྲོ་བོ་རྟོག་པ་ལྷ་རྒྱུད་ཀྱི་འགྲེལ་པ། སློབ་དཔོན་བི་མ་ལས་མཛད་པ།

སྒྲུབ་པའི་སྐོར་ལས། ལམ་མོས་སྒོམ་གྱི་མན་ངག་ཁག

{ཁེ་}པ། [ཝཾ་]རྟགས་ཅན།

༦༡༽ སྒྱུ་འཕྲུལ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ་ཞེས་བྱ་བ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ།[37]

༦༢༽ སྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་བ་ཞེས་བྱ་བ། མཛད་བྱང་མེད།

༦༣༽ སྒྱུ་འཕྲུལ་དྲྭ་བ་མེ་ལོང་ལྟ་བུའི་སྒྲུབ་ཐབས། རྒྱ་གར་གྱི་སློབ་དཔོན་ཛྙཱ་ན་ཛ་ཡས་མཛད་པ།

༦༤༽ སྒྲུབ་ཐབས་རིན་ཆེན་དྲྭ་བ་བསྡུས་པ། སློབ་དཔོན་སངས་རྒྱས་གསང་བས་མཛད་པ།

༦༥༽ དངོས་གྲུབ་འགྲུབ་པའི་སྒྲུབ་ཐབས། སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ།

༦༦༽ སྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་ཧེ་རུ་ཀའི་གལ་ཕྲེང་། (སློབ་དཔོན་བི་མ་ལས་མཛད་པ།)

༦༧༽ ཁྲོ་བོ་ཡང་དག་སྒྲོན་མ་སློབ་དཔོན་བི་མ་ལས་མཛད་པ།

༦༨༽ སྒྱུ་འཕྲུལ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་དེ་ཉིད་ལས་སྣང་བ་དམ་པ་རྒྱན་ཞེས་བྱ་བ། སློབ་དཔོན་སངས་རྒྱས་གསང་བས་མཛད་པ།

༦༩༽ སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་པ། (སློབ་དཔོན་བི་མ་ལས་མཛད་པ།)

ཏིང་ངེ་འཛིན་གྱི་སྐོར།

༧༠༽ ཕྱག་རྒྱ་བསམ་གཏན་སློབ་དཔོན་བི་མ་ལས་མཛད་པ།

༧༡༽ རིན་ཆེན་དྲྭ་བ་མངོན་རྫོགས་ཞེས་བྱ་བ་མཛད་བྱང་མེད་པ།

༧༢༽ སྒྱུ་འཕྲུལ་མན་ངག་གསལ་བའི་སྒྲོན་མེ་ཞེས་བྱ་བ་མཛད་བྱང་མེད་པ།

མཆོད་པའི་སྐོར།

༧༣༽ གཏོར་མའི་ལུང་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ།

༧༤༽ ཆ་གསུམ་གྱི་སྒོམ་ཕྲེང་རུ་ཁུ་གྲོང་དཔལ་འབྱོར་གྱིས་མཛད་པ།

ཡང་ལྟ་བའི་སྐོར།

༧༥༽ བསྟན་པའི་སྙིང་པོ་རིག་པའི་སྒྲོན་མེ་ཞེས་བྱ་བ།[38] བཻ་རོ་ཙ་ནས་མཛད་པ།

༧༦༽ ལྟ་བའི་རིམ་པ་བཤད་པ།[39] ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིིས་མཛད་པ།

༧༧༽ འཕྲུལ་གྱི་མེ་ལོང་དགུ་སྐོར་ཞེས་བྱ་བ། གཉགས་ཛྙཱ་ན་ཀུ་མཱ་རས་མཛད་པ།

༧༨༽ འཕྲུལ་གྱི་མེ་ལོང་དགུ་སྐོར་གྱི་འགྲེལ་པ། གཉགས་ཛྙཱ་ན་ཀུ་མཱ་རས་མཛད་པ།

༧༩༽ ཐུགས་ཀྱི་སྒྲོན་མ། གཉན་དཔལ་དབྱངས་ཀྱིས་མཛད་པ།

༨༠༽ ལྟ་བ་ཡང་དག་སྒྲོན་མ། སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པ།

༨༡༽ རྣལ་འབྱོོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས་ཀྱི་སྒྲོན་མ། གཉན་དཔལ་དབྱངས་ཀྱིས་མཛད་པ།

༨༢༽ རང་གནས་རྒྱལ་པོའི་འགྲེལ་པ་ཞེས་བྱ་བ། སློབ་དཔོན་བི་མ་ལས་མཛད་པ།

སྒྲུབ་པའི་སྐོར་ལས། ཡང་ལམ་ངེས་རྫོགས་ཀྱི་མན་ངག་ཁག

{གེ་}པ།

༨༣༽ སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ལམ་རིམ་ཆེན་མོ།[40]

༨༤༽ རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་དཔལ་ལམ་གྱི་རིམ་པ་ཞེས་བྱ་བའི་དཀའ་བ་རྣམ་པར་འགྲེལ་བ་ལམ་མཆོག་གསལ་བའི་སྒྲོན་མེ་ཞེས་བྱ་བ། རོག་བན་དེ་ཤེས་རབ་འོད་ཀྱིས་མཛད་པ།

༨༥༽ ལམ་རིམ་ཆེན་མོའི་འགྲེལ་པ། སྣར་སྟོན་པ་སེང་གེ་འོད་[41]ཀྱིས་མཛད་པ།

༨༦༽ རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་སྣང་བའི་རྒྱན་ཞེས་བྱ་བ།[42] ཇོ་སྲས་བསོད་ནམས་དཔལ་གྱིས་མཛད་པ།

{ངེ་}པ།

༨༧༽ སྒྱུ་འཕྲུལ་ལམ་གྱི་རིམ་པའི་འགྲེལ་པ་མུ་ཏིག་ཕྲེང་བ། ཀུ་སུ་ལུ་པ་ཡེ་ཤེས་རྒྱལ་མཚན་[43]གྱིས་མཛད་པ།

{ཅེ་}པ།

༨༨༽ སྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པའི་འགྲེལ་བཤད་རིན་པོ་ཆེའི་ཆུ་དྭངས་ཞེས་བྱ་བ།[44] ནམ་མཁའ་དཔལ་གྱིས་མཛད་པ།

{ཆེ་}པ།

༨༩༽ གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ། འབྲུ་དཀའི་དོན་བཀྲོལ་གསལ་བྱེད་མེ་ལོང་རྟོགས་ལྡན་ཤཱཀྱ་བཛྲས་མཛད་པ།

༩༠༽ སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བརྒྱ་པའི་རྒྱུད་ལས་བཅུད་བསྡུས་མན་ངག་ལམ་རིམ་དོན་འབྱེད་ཅེས་བྱ་བ།[45]ཤཱཀྱ་བཛྲས་མཛད་པ།

༩༡༽ ལམ་རིམ་ཟུར་མཆན་མཛད་བྱང་མེད་པ།

༩༢༽ ལྡེམ་དགོངས་བརྒྱད་ཀྱི་ལྷན་ཐབས། ནམ་མཁའ་དཔལ་གྱིས་མཛད་པ།

༩༣༽ སྒྱུ་འཕྲུལ་ལམ་རིམ་གྱི་བསྡུས་དོན་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། ཤཱཀྱའི་དགེ་བསྙེན་སེང་གེའི་འོད་ཀྱིས་མཛད་པ།

༩༤༽ གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པའི་འབྲུ་འགྲེལ་འགྲོ་བློའི་མུན་སེལ་ཞེས་བྱ་བ། རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པ།

༩༥༽ སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ། རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པ།

ཡང་སྟོང་ཐུན་གྱི་སྐོར།

{ཇེ་}པ།

༩༦༽ ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ་བ། (སློབ་དཔོན་སངས་རྒྱས་གསང་བས་མཛད་པ།)

༩༧༽ མན་ངག་ཐུགས་ཀྱི་ཐིགས་པའི་འགྲེལ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ། ཤཱཀྱའི་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས་མཛད་པ།

༩༨༽ ཐུགས་ཀྱི་ཐིགས་པའི་འགྲེལ་བཤད་རིན་ཆེན་སྒྲོན་མ་ཞེས་བྱ་བ། ཤཱཀྱའི་དགེ་སློང་ནམ་མཁའ་དཔལ་གྱིས་མཛད་པ།

༩༩༽ ཐུགས་ཀྱི་ཐིགས་པའི་བསྡུས་དོན། ཤཱཀྱའི་དགེ་སློང་ནམ་མཁའ་དཔལ་གྱིས་མཛད་པ།

ཡང་ལྟ་བའི་སྐོར།

{ཉེ་}པ།

༡༠༠༽ མན་ངག་ལྟ་བའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ།

༡༠༡༽ མན་ངག་ལྟ་ཕྲེང་གི་འགྲེལ་པ། རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོས་མཛད་པ།

༡༠༢༽ མན་ངག་ལྟ་བའི་ཕྲེང་བའི་བཤད་པ་རྒྱུད་དོན་རིན་པོ་ཆེ་སྣང་བྱེད་ཅེས་བྱ་བ། གཙང་སྟོན་རྡོ་རྗེ་རྒྱལ་མཚན་[46]གྱིས་མཛད་པ།

༡༠༣༽ མན་ངག་ལྟ་བའི་ཕྲེང་བའི་ཚིག་དོན་གྱི་འགྲེལ་ཟིན་མདོར་བསྡུས་པ་ཟབ་དོན་པད་ཚལ་འབྱེད་པའི་ཉི་འོད་ཅེས་བྱ་བ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་[47]པས་མཛད་པ།

༡༠༤༽ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མན་ངག་ལྟ་བའི་མཆན་འགྲེལ་ནོར་བུའི་བང་མཛོད་ཅེས་བྱ་བ། འཇམ་མགོན་མི་ཕམ་རྣམ་རྒྱལ་[48]གྱིས་མཛད་པ།

ཡང་དམ་ཚིག་གི་སྐོར།

{ཏེ་}པ།

༡༠༥༽ དམ་ཚིག་གསལ་བཀྲ་ཞེས་བྱ་བ། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ།

༡༠༦༽ དམ་ཚིག་གསལ་བཀྲའི་འགྲེལ་རྣལ་འབྱོར་མིག་གི་སྒྲོན་མེ་ཞེས་བྱ་བ། ཀ᫸ཐོག་པ་ཆོས་རྗེ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་[49]རིན་པོ་ཆེའི་གསུང་།

༡༠༧༽ དམ་ཚིག་གསལ་བཀྲའི་བསྡུས་དོན་གསལ་བྱེད་མེ་ལོང་ཞེས་བྱ་བ། ཤཱཀྱ་སེང་གེས་མཛད་པ།

༡༠༨༽ དམ་ཚིག་གསལ་བཀྲའི་འགྲེལ་པ་དག་ལྡན་གསལ་བའི་མེེ་ལོང་ཞེས་བྱ་བ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་[50]གྱིས་མཛད་པ།

༡༠༩༽ གསང་བ་སྔགས་ཀྱི་དམ་ཚིག་གི་རིམ་པ་མདོར་བསྡུས་པ་ཆོས་རྗེ་གཙང་སྟོན་པ་རྡོ་རྗེ་རྒྱལ་མཚན་[51]པས་མཛད་པ།

༡༡༠༽ རྡོ་རྗེའི་དམ་ཚིག་གི་རྣམ་བཞག་གོ་བདེར་བརྗོད་པ་སྤང་ལེན་གསལ་བའི་མེ་ལོང་ཞེས་བྱ་བ་འཕྲིན་ལས་བསྟན་འཛིན་པས་མཛད།

འདིར་མ་འཁོད་པའི་སྤྱོད་པའི་སྐོར་རྣམས་སྤྱིར་ཡོད་པར་གསུངས་ཀྱང་དཔེ་རྙེད་མ་བྱུང་བ་ཁག་གཤམ་དུ་གསལ་བཤད་བྱས་ཡོད་ལ། སྔགས་དང་ཕྱག་རྒྱའི་སྐོར་རྣམས་ལ་ནི་དམིགས་བསལ་ཡི་གེ་ཟུར་པ་ཞིག་མེད་པས་སྒྲུབ་ཐབས་ཀྱི་ཁོངས་ནས་སྟོན་པ་ཡིན་ཞེས་ལོ་ཆེན་དྷརྨ་ཤྲཱིས་གསང་བདག་ཞལ་ལུང་དུ་གསུངས།

དེ་ལྟར་གསང་བ་སྙིང་པོའི་བརྗོད་བྱ་བྱེ་བྲག་པ་རྒྱུད་ཀྱི་དངོས་པོ་བཅུའི་འགྲེལ་པ་དང་སྟོང་ཐུན་ལ་པོད་ཚན་{ཧུ་}པ་ནས་{ཏེ་}པའི་བར་གྱི་གླེགས་བམ་བཅུ་གཅིག་གི་ནང་དུ་ཁྱོན་ཆོས་ཚན་གྱི་རྣམ་གྲངས་བརྒྱ་དང་བཅུར་མཆིས་སོ།།

མདོར་ན་དཔལ་ཡུལ་ཤིང་པར་དུ་བཞུགས་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་ནང་འཁོད་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ལ། པོད་ཚན་གྱི་སྒོ་ནས་གླེགས་བམ་སུམ་ཅུ་ཐམ་པ་ཡོད་པ་དང་། ཆོས་ཚན་གྱི་ཐད་ནས་བརྒྱ་དང་བཞི་བཅུ་ཞེ་གཅིག་ཏུ་ངེས་སོ།།

གཉིས་པ།

དཔལ་ཡུལ་ཤིང་པར་དུ་མ་ཚུད་པའི་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཁག་ལས།

༡༽ སྔ་འགྱུར་སྨིན་གླིང་དཔེ་ཚོགས་[52]དེབ་གཟུགས་ཅན་གྱི་ནང་འཁོད་རྩ་རྒྱུད་གསང་བ་སྙིང་པོའི་བརྗོད་བྱ་སྤྱི་དང་བྱེ་བྲག་གི་འགྲེལ་པ་དང་ཟིན་བྲིས་བརྒལ་བརྟག་ཁག

པོད་ {༡༥} པའི་ནང་བཞུགས།

༡༽ རྩ་རྒྱུད་གསང་བ་སྙིང་པོའི་བཤད་པའི་འགོ་རྒྱན་གྱི་དཔེར་བརྗོད་ལས་དང་པོ་པ་ལ་ཕན་པ་ཞེས་བྱ་བ་ལོ་ཆེན་ཆོས་དཔལ་རྒྱ་མཚོས་[53]མཛད་པ།

པོད་ {༡༩} པའི་ནང་བཞུགས།

༢༽ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྤྱིི་དོན་གྱི་སྒོ་ནས་རྣམ་པར་བཤད་པ་རྒྱུད་དོན་གསལ་བྱེད་ལེགས་བཤད་སྙིང་པོའི་སྣང་བ་ཞེས་བྱ་བ། འགྱུར་མེད་ཀུན་བཟང་པདྨ་བསྟན་འཛིན་[54]གྱིས་མཛད་པ།

༣༽ དཔལ་གསང་བ་སྙིང་པོའི་རྒྱུད་འགྲེལ་གསེར་གྱི་ལྡེ་མིག་གི་ཟབ་མོའི་སྒོ་བརྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་བྱ་ཞེས་བྱ་བ། གཅུང་འགྱུར་མེད་ངག་དབང་ཆོས་གྲགས་[55]ཀྱིས་མཛད་པ།

པོད་ {༢༠} པའི་ནང་བཞུགས།

༤༽ རྒྱུད་རྒྱལ་གསང་བ་སྙིང་པོའི་གཞུང་འགྲེལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་ལེགས་པར་བཤད་པ་བུང་བའི་དབྱངས་སྙན་མཐོང་བས་དོན་རྟོགས་ཞེས་བྱ་བ། སྔགས་བཙུན་འགྱུར་མེད་ནོར་བུས་མཛད་པ།

༥༽ དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་མཆན་འགྲེལ་འཛམ་གླིང་ཉི་མ་ཞེས་བྱ་བ། མཁན་ཆེན་མཁྱེན་བརྩེ་ནོར་བུས་[56]མཛད་པ།

༦༽ དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའ་ཞེས་བྱ་བ་ལོ་ཆེན་ཆོས་དཔལ་རྒྱ་མཚོས་[57]མཛད་པ།

༧༽ སྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་གཞག་གསལ་སྒྲོན་ཞེས་བྱ་བ་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་[58]མཛད་པ་བཅས་བདུན་དུ་ཡོད།

༢༽ སྡེ་དགེ་བསྟན་འགྱུར་སོགས་བསྟན་འགྱུར་ཕལ་ཆེ་བའི་ནང་འཁོད་རྩ་རྒྱུད་གསང་བ་སྙིང་པོའི་

བརྗོད་བྱ་བྱེ་བྲག་པའི་འགྲེལ་པ་དང་ཟིན་ཐུན་ཁག

༡༽ དམ་ཚིག་ཕྲ་རྒྱས་བསྟན་པ།

༢༽ རྒྱུན་བཤགས། སྒེག་པ་རྡོ་རྗེས་མཛད་པ།

༣༽ ཚིགས་རྐང་བཅུ་དགུ་པ། སློབ་དཔོན་བི་མ་ལས་མཛད་པ།

༤༽ སྒྱུ་འཕྲུལ་དྲ་བ་རབ་ཏུ་གནས་པའི་ཆོ་གའི་རིམ་པ་ཞེས་བྱ་བ། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ།

༥༽ ལྷའི་སྐུ་སྒོམ་པའི་མན་ངག སློབ་དཔོན་བི་མ་ལས་མཛད་པ།

༦༽ ཕྱག་རྒྱ་བཞི་པའི་བསམ་གཏན།

༨༽ ཁྲོ་བོ་ཕྱག་རྒྱ་གཅིག་པ།

༩༽ སྤྱོད་ཡུལ་སྦྱོང་བའི་བསམ་གཏན་ཞེས་བྱ་བ། རྩ་བ་སློབ་དཔོན་བི་མ་ལས་མཛད་པ་དང་། དེ་ལ་མཆན་རྨ་རིན་ཆེན་མཆོག་གིས་མཛད་པ།

༡༠༽ སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་པ།

༡༡༽ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་འོད་ཀྱི་ཕྱག་རྒྱ་ཞེས་བྱ་བ། སློབ་དཔོན་བི་མ་ལའི་སློབ་མ་རྒྱལ་བ་བཟང་པོ་དཔལ་སྦས་པས་མཛད་པ།

འདི་དག་ལས་དམ་ཚིག་ཕྲ་རྒྱས་བསྟན་པ་དང་། ཕྱག་རྒྱ་བཞི་པའི་བསམ་གཏན། སྤྱོད་ཡུལ་སྦྱོང་བའི་བསམ་གཏན་སོགས་གསུམ་ནི་ལོ་ཆེན་དྷརྨ་ཤྲཱིའི་གསང་བདག་ཞལ་ལུང་དུ་རྩ་རྒྱུད་གསང་བ་སྙིང་པོའི་བརྗོད་བྱ་བྱེ་བྲག་པའི་འགྲེལ་པ་ཡིན་པར་གསུངས་ཡོད་པས་དེར་ཁུངས་བྱས་ནས་གཞན་དེ་མུར་མཐར་ཆགས་སུ་གནས་པ་རྣམས་ཀྱང་དེ་ལྟར་ཡིན་ཚོད་ཀྱིས་བཀོད་པ་ཡིན་པས་དཔྱོད་ལྡན་ཡིད་ཅན་རྣམས་ཀྱིས་གཞིག་པར་བྱ་བར་འོས་སོ།།

༣༽ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་[59]ཀྱི་དྲ་ཚོམས་བརྒྱུད་ལམ་ནས་རྙེད་སོན་བྱུང་བའི་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་དང་ཟིན་ཐུན་ཁག

༡༽ དཔལ་གསང་བ་སྙིང་པོའི་ཟིན་བྲིས་གསང་བའི་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ། གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི་གསུང་འབུམ་པོད་གསུམ་པར་བཞུགས།

༢༽ གསང་བ་སྙིང་པོའི་སྤྱི་དོན་གྱི་བཤད་པའི་ཟིན་བྲིས་དང་། གསང་བ་སྙིང་པོའི་སྤྱི་དོན་གྱི་ས་བཅད་ཆེད་དུ་བརྗོད་པ་ཐོས་པའི་ས་བོན། ཀ᫸ཐོག་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་གསུང་འབུམ་ཀ་པར་བཞུགས།

༣༽ གསང་བ་སྙིང་པོའི་རྒྱུད་ཀྱི་འབྲུ་འགྲེལ། དབང་གྲགས་རྡོ་རྗེ་བྱ་བས་མཛད་པ་དབུ་མེད་ཕྱག་བྲིས་མ།

༤༽ དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་མཆན་འགྲེལ་ནོར་བུའི་སྒྲོན་མེ། ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བས་མཛད་པ། འབྲུག་སྤ་རོར་བཞུགས་པའི་དབུ་ཅན་ཕྱག་བྲིས་མ།

༥༽ རྒྱུད་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང་། གླག་བླ་བསོད་ནམས་ཆོས་གྲུབ་ཀྱིས་མཛད་པའི་གསུང་འབུམ་པོད་ག་པར་བཞུགས།

༦༽ ངག་དབང་ཆོས་ཀྱི་གྲགས་པས་མཛད་པའི་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོའི་བརྒལ་ལན། དབུ་མེད་འཁྱུག་ཡིག་ཕྱག་བྲིས་མ།

༧༽ སྒྱུ་འཕྲུལ་གསང་བ་སྙིང་པོའི་སྤྱི་དོན་གྱི་ཚོགས་བཤད་ནོར་བུའི་ཕྲེང་བ། སྨིན་གླིང་རྒྱལ་སྲས་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པ།

༨༽ རྒྱུད་སྒྱུ་འཕྲུལ་དྲྭ་བ་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཀུན་བཟང་ཐུགས་ཀྱི་ཏི་ཀ རྫོགས་ཆེན་མཁན་ཆེན་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་མཛད་པ།[60]

༩༽ རྒྱུད་གསང་བ་སྙིང་པོའི་འཆད་ཐབས་བརྒྱུད་པ་གསུམ་གྱི་ལོ་རྒྱུས། དཔལ་སྤྲུལ་ཆོས་ཀྱི་དབང་པོས་མཛད་པའི་གསུང་འབུམ་ཁ་པར་བཞུགས།

༡༠༽ སྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ། དྷརྨ་ཤྲཱིའི་གསུང་།

༡༡༽ དཔལ་གསང་བ་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་འཆད་ཐབས་ཀྱི་ཆོ་གའི་རིམ་པ། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་གྱི་གསུང་།

༡༢༽ དཔལ་གསང་བ་སྙིང་པོའི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེའུ་མིག་ཅེས་བྱ་བ།[61]མཛད་བྱང་མེད་ཅིང་དབུ་མེད་འཁྱུག་ཡིག་ཕྱག་བྲིས་མ་གསལ་ཁ་དེ་ཙམ་མེད་པ་ཞིག

༡༣༽ སྒྱུ་འཕྲུལ་གསང་བའི་སྙིང་པོ་ལས་ཕྲིན་ལས་ཉུང་ངུར་བསྡུས་པ། པདྨ་ཕྲིན་ལས་སྙིང་པོས་[62]མཛད་པའི་གསུང་འབུམ་པོད་ཨ໋་ནང་དུ་བཞུགས་པ།

༡༤༽ རྒྱུད་ཀྱི་སྦས་བཤད་ཁྱབ་བདག་རྡོ་རྗེ་སེམས་དཔའི་གསང་ཚིག པདྨ་ཕྲིན་ལས་སྙིང་པོས་[63]མཛད་པའི་གསུང་འབུམ་ཧཱུྃ་ནང་དུ་བཞུགས་པ།

༡༥༽ དཔལ་ལྡན་གསང་བ་སྙིང་པོའི་སྤྱི་དོན་གྱི་བཤད་པའི་ཟིན་བྲིས་བླ་མའི་མན་ངག་དོན་གསལ་སྙིང་པོ་ལེགས་བཤད་རོལ་མཚོ། ཀ᫸ཐོག་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་གྱིས་མཛད་པ།

གསེར་ལྗོངས་བླ་མ་རུང་གི་ལྔ་རིག་ནང་བསྟན་སློབ་གླིང་ནས་པར་དུ་བསྐྲུན་པའི་༼གསང་སྙིང་སྤྱི་དོན་རིན་ཆེན་མཛོད་ལྡེའི་ཟིན་བྲིས་སོགས།༽ཞེས་པའི་དེབ་ཚན་གཉིས་ནང་གསལ་བ་ལྟར་ན།

༡༦༽ མན་ངག་ལྟ་ཕྲེང་གི་བསྡུས་འགྲེལ་མཚོ་སྐྱེས་བླ་མ་དགྱེས་པའི་མཆོད་སྤྲིན། རྡོ་གྲུབ་བསྟན་པའི་ཉི་མས་མཛད་པ།

༡༧༽ སྤྱི་དོན་རིན་ཆེན་མཛོད་ལྡེའི་ཟིན་བྲིས། རྡོ་གྲུབ་འཇིགས་མེད་བསྟན་ཉིའི་དངོས་སློབ་དྷཱི᫸མདའ་དབོན་པོ་པདྨ་བསམ་གྲུབ་པས་མཛད་པ།

༡༨༽ སྤྱི་དོན་རིན་ཆེན་མཛོད་ཀྱི་ལྡེ་མིག་སློབ་བཤད་སྐབས་ཀྱི་ཞལ་རྒྱུན་ཟིན་བྲིས་འཇིགས་མེད་བླ་མའི་ཞལ་ལུང་།

༡༩༽ སྤྱི་དོན་རིན་ཆེན་མཛོད་ལྡེའི་ཟིན་བྲིས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ།

༢༠༽ སྤྱི་དོན་རིན་ཆེན་མཛོད་ལྡེའི་ཟིན་བྲིས་བླ་མའི་ཞལ་གསུང་དོན་གསལ་སྒྲོན་མེ། ཤུགས་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོའི་ཞལ་རྒྱུན་ཉག་མཚོ་ཁ་དགོན་གྱི་བླ་མ་ཨ་པད་ཀྱིས་བཀོད་པ།

༢༡༽ དཔལ་གསང་བའི་སྙིང་པོའི་སྤྱི་དོན་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་ལྷན་ཐབས་དམ་པའི་ཞལ་ལུང་། རྡོ་གྲུབ་ཆེན་དགོན་གྱི་ཀླུ་ཤུལ་མཁན་པོ་དཀོན་མཆོག་སྒྲོན་མེས་མཛད་པ།

༢༢༽ རྒྱུད་གསང་བ་སྙིང་པོའི་སྤྱི་དོན་རིན་ཆེན་མཛོད་ཀྱི་ཐོག་མའི་ཚིགས་བཅད་གསུམ་གྱི་འབྲུ་འགྲེལ་ཡང་ཟབ་དོན་གསལ་སྙིང་པོ། རྡོ་གྲུབ་གསུམ་པའི་དངོས་སློབ་ཨ་སྐྱབས་སྐུ་ཆེན་བཤད་སྒྲུབ་བསྟན་པའི་ཉི་མས་མཛད་པ།

༢༣༽ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན་ཞེས་བྱ་བ། རྡོ་གྲུབ་མདོ་སྔགས་བསྟན་པའི་ཉི་མས་[64]མཛད་པའི་གསུང་འབུམ་པོད་ལྔར་ཡོད་པའི་མཐའ་མར་བཞུགས། བདུད་འཇོམས་རིན་པོ་ཆེའི་དཔེ་མཛོད་ཁང་བཞུགས་དབུ་མེད་ལག་བྲིས་མ།

༢༤༽ གསང་སྙིང་སྤྱི་དོན་ཉུང་གསལ། རག་མགོ་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་གསུང་འབུམ་བཞི་ལས་གསུམ་པར་བཞུགས་པ་བཅས།

དེ་ལྟར་ཁྱོན་ཆོས་ཚན་ཉི་ཤུ་རྩ་བཞིར་ཡོད་པ་ཡིན། གཞན་ཡང་དཔལ་ལྡན་རྩ་རྒྱུད་གསང་བ་སྙིང་པོའི་བཤད་སྒྲུབ་ཀྱི་བསྟན་པ་ལ་ལྷག་པར་གཅེས་པའི་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དག་གི་གསུང་འབུམ་གྱི་ཁྲོད་དུ་རྩ་རྒྱུད་ཉིད་ཀྱི་བརྗོད་བྱ་སྤྱི་བྱེ་ཁྱད་པར་དང་བཅས་པ་དག་ལ་བརྒལ་བརྟག་དང་ཟིན་ཐུན་དང་སྒྲུབ་ཐབས་མཛད་པ་སོགས། རང་རང་གི་གདུལ་བྱའི་སྐལ་བ་དང་མཚམས་པར་ཆོས་ཚན་ཐོར་བུའི་རིགས་དུ་མ་ཞིག་མཆིས་སྙམ་སྟེ། དེ་དག་ཐམས་ཅད་འདིར་འགོད་པ་ལ་ཆུང་ས་ནས་ཡིག་ཚོགས་ཀྱིས་འཇིགས་ཤིང་ཆེ་ས་ནས་མ་དཔེ་འཚོལ་སྡུད་ཀྱི་ཐད་ལའང་གདོང་ལེན་མི་ཟད་པ་ཞིག་བྱ་དགོས་པའི་ཚོད་དུ་མཐོང་བས། རེ་ཞིག་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ།།

གསུམ་པ།

མཚན་བྱང་ཙམ་དུ་ལུས་པ་ལས་ཕྱག་དཔེ་དངོས་རྒྱལ་བའི་བཀའ་བསྟན་མདོ་རྒྱུད་གང་དུའང་རྙེད་སོན་མ་བྱུང་བ་ཁག

ལོ་ཆེན་དྷརྨ་ཤྲཱིས་གསང་བདག་ཞལ་ལུང་དུ་གསུངས་པའི་སྒྱུ་འཕྲུལ་ཕྲ་མོའི་སྐོར་ལས། རྩེ་གཅིག་བསྡུས་པ་དང་། སྤྱོད་ཡུལ་ཞི་བའི་བསམ་གཏན་སོགས་ཏིང་ངེ་འཛིན་གྱི་སྐོར་དང་། ངེས་འབྱེད་ཆེ་ཆུང་དང་། ཐེག་པ་གསུམ་སོགས་དབང་གི་སྐོར་དང་། སྤྱོད་བསྡུས་སྒྲོན་མ་དང་། རྡོ་རྗེ་འཇམ་མགོན་སོགས་སྤྱོད་པའི་སྐོར་དང་། ཧེ་ཆེན། ཧེ་ཆུང་། གཡོས་ཡིག་ཆེ་ཆུང་། བི་མ་ལ་ཡི་ཐབས་མཆོག་དཔག་གིས་མི་ལང་བ། དབྱིག་གི་སྒྲོན་མ་སོགས་མཆོད་པའི་སྐོར་བཅས་དང་། ལོ་ཆེན་དྷརྨ་ཤྲཱིའི་གསང་བདག་ཞལ་ལུང་དང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་ཀུན་ཁྱབ་སོགས་སུ། པདྨའི་རྣམ་བཤད་འགྲེལ་དང་། ཙནྡྲ་གོ་མིའི་རྒྱ་མདུད་འགྲེལ་སོགས་ཡོད་པར་གསུངས་ལ། གཞན་ཡང་བོད་ཀྱི་ནང་བསྟན་དཔེ་ཚོགས་[65]ཀྱི་དྲ་ཚོམས་ན། དགེ་སློང་ཆོས་ཀྱི་སྡོང་པོའམ་དཀོན་མཆོག་རིན་ཆེན་གྱིས་མཛད་པའི་གསང་བ་སྙིང་པོའི་དོན་གསལ་བར་བྱེད་པ་རིན་པོ་ཆེའི་གསེར་གྱི་ཕྲེང་བ། འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མས་མཛད་པའི་རྩ་རྒྱུད་གསང་བ་སྙིང་པོའི་སྦས་དོན་རིག་པའི་དགའ་སྟོན། མཁན་པོ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་རྒྱུད་གསང་སྙིང་གི་འགྲེལ་པ་རིག་འཛིན་དགྱེས་པའི་ཞལ་ལུང་བཅས་པ་ལ་སོགས་པ་ཡོད་དོ།།

ད་ནི་མཐའ་མའི་གསལ་བཤད་ཀྱིས་མཇུག་བསྡུ་བར་བྱ་སྟེ།

དེ་ཡང་སྤྱིར་གསང་སྙིང་གི་འགྲེལ་པ་ལ་བརྗོད་བྱ་སྤྱི་བྱེའི་ཁྱད་པར་གྱི་རྣམ་པ་སྣ་ཚོགས་པ་ཡོད་མོད་ཀྱང་། སྐབས་འདིར་བརྗོད་བྱ་སྤྱིའི་འགྲེལ་པ་ཇི་ཙམ་ཞིག་ཡོད་མེད་སྐོར་བསྡོམས་རྒྱག་པར་འདོད་དེ། དཔལ་ཡུལ་ཤིང་པར་དུ་བཞུགས་པའི་གསང་བ་སྙིང་པོའི་བརྗོད་བྱ་སྤྱིའི་འགྲེལ་པ་ལ་རྒྱ་འགྲེལ་རྣམ་པ་དྲུག་དང་བོད་འགྲེལ་རྣམ་པ་སུམ་ཅུ་སོ་གཅིག་བཅས་ཁྱོན་སུམ་ཅུ་སོ་བདུན་ཡོད་པ་དང་། སྔ་འགྱུར་སྨིན་གླིང་དཔེ་ཚོགས་ཀྱི་ཁྲོད་ན་བཞི་ཐམ་པ་དང་། དེ་དག་ལས་གཞན་པ་བོད་ཀྱི་ནང་བསྟན་དཔེ་ཚོགས་ཀྱི་དྲ་ཚོམས་ན་ཉི་ཤུ་རྩ་བཞི་ཡོད་པ་བཅས། དེ་ལྟར་ཁྱོན་བསྡོམས་པས་དྲུག་ཅུ་རེ་ལྔ་མཆིས་པར་འདོད་དོ།།

ལར་ནས་འདི་ལྟ་བུའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་རྩ་རྒྱུད་གསང་བ་སྙིང་པོ་ལ་འགྲེལ་པ་ཇི་ཡོད་ཀྱི་རྣམ་གྲངས་ཤིག་དགོད་པ་ལ། རྒྱ་བལ་བོད་འབྲུག་སོགས་ས་སྟེང་ན་བཞུགས་པའི་ཆོས་མཛོད་ཅི་རིགས་ལ་དོ་སྣང་དང་འབྲེལ་བ་གཟབ་ནན་གྱིས། དཀར་ཆག་འཚོལ་སྡུད་སོགས་ཀྱི་ཆེད་དུས་ཚོད་མི་ཉུང་བ་ཞིག་བཙལ་ནས་འབད་རྩོལ་ཡང་དགའ་རབ་ཅིག་བསྟེན་དགོས་འདུག་པར་སྨྲོས་ཅི་དགོས་ཏེ། འོན་ཀྱང་དེང་སང་རིག་ཚན་འཕྲུལ་ལས་དྲ་རྒྱའི་མཐུན་རྐྱེན་སོགས་ཀྱི་བཀའ་དྲིན་སྤྱི་དང་། ཁྱད་པར་བོད་ཀྱི་ནང་བསྟན་དཔེ་ཚོགས་དྲ་ཚོམས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འདིར་འཁོད་རྣམ་གྲངས་དག་སྒྲིག་ཐུབ་ཙམ་བྱུང་བ་ཡིན། ད་དུང་ཡང་ཞིབ་ཆ་ནས་བསམས་ན་སྔ་འགྱུར་བཀའ་མ་རྒྱས་འབྲིང་བསྡུས་གསུམ་སོགས་ཕྱོགས་སྒྲིག་བྱེད་ཚུལ་ཐད་སྒྲིག་ཐེངས་ཀྱི་རིམ་པ་ལྔའམ་དྲུག་ཙམ་བྱུང་ཡོད་པ་དང་། དེ་དག་སྒྲིག་རིམ་བཞིན་སྔ་དཔེ་ཕྱི་འཇོག་དང་སྔར་མེད་གསར་སྣོན་སོགས་ཇི་ལྟར་གནང་ཡོད་མེད་བཅས་ལའང་དོ་སྣང་གིས་གསལ་བཤད་བྱ་དགོས་པར་འདུག་སྟེ། རེ་ཞིག་དེའི་སྐོར་གལ་འགངས་དེ་ཙམ་མེད་པ་དང་། དམིགས་བསལ་དུས་ཁོམས་སོགས་ཀྱིས་ཀྱང་དབེན་པས་དེ་ལྟའི་སྤྲོས་པ་མཐར་ཕྱུང་ནས་མཉམ་པར་གཞག་པར་བྱ་འདོད། འདི་ནས་རྣམ་གྲངས་འགོད་ཚུལ་སོགས་ཀྱི་གང་ཅིའི་ཐད་འཆུགས་སྐྱོན་ཡོད་ངེས་པས། ནོངས་པ་ཅི་མཆིས་ལ་ཡོ་བསྲང་སོགས་ཀྱི་བཀའ་དྲིན་སྐྱོང་གནང་ཡོང་བར་འཚལ་ལོ།།

རྒྱལ་བའི་བཀའ་བསྟན་མདོ་རྒྱུད་ཡོངས་བསྟན་པའི།།

རྒྱལ་དང་དེ་སྲས་གསུང་གི་ཉིང་ཁུའི་མཆོག།

རྒྱལ་བའི་ལམ་བཟང་བླ་མེད་སྙིང་པོའི་དོན།།

རྩ་རྒྱུད་གསང་སྙིང་བཤད་སྒྲུབ་དར་རྒྱས་ཤོག།

འགྲུབ་པར་གྱུར་ཅིག དགེའོ། །དགེའོ། །དགེའོ།།


[1]  འདིར་གསལ་བཤད་ཞུ་རྒྱུ་གཅིག་ལ། འོག་ཏུ་དཔེ་ཚན་འགོད་སྐབས། ཤད་གུག་{ }འདིའི་རིགས་ནི་དཔལ་ཡུལ་ཤིང་པར་དུ་བསྒྲིགས་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་པོད་ཚན་གོ་རིམ་མཚོན་བྱེད་ཡིན་ལ། ཡང་[ ]འདིའི་རིགས་ནི་ཨེ་ཝྃ་གཉིས་ཏེ་སྟོད་ཆ་དང་སྨད་ཆ་མཚོན་བྱེད་དང་། ཨ་ཨ᫸ཧཱུྃ་གསུམ་སྟེ་སྟོད་སྨད་བར་གསུམ་གྱི་མཚོན་བྱེད་ཡིན་ཞིང་། །གཞན་ཡང་( )འདི་རིགས་ནི་གཞུང་སོ་སོ་ན་དམིགས་བསལ་མཛད་བྱང་མེད་ཀྱང་། ཕྱག་དཔེའི་རྒྱབ་ཀྱི་གཡོན་ཟུར་དུ་མཛད་བྱང་བཀོད་ཡོད་པ་དག་གི་མཚོན་བྱེད་དུ་མཁྱེན་པར་བྱའོ།།

[2]  མཇུག་བྱང་དུ། (རིན་པོ་ཆེའི་སྤར་ཁབ་) ཅེས་གསལ་ལ། ཡོངས་གྲགས་སུའང་སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པའི་གསང་སྙིང་འགྲེལ་པ་སྤར་ཁབ་ཅེས་པ་འདི་ཉིད་ཡིན།

[3]  དཀར་ཆག་ཏུ། (བཀའ་མཆིམས་ཕུ་མར་གྲགས་པ་) ཞེས་གསལ།

[4]  དཀར་ཆག་ཏུ། (གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཡི་གེར་བཀོད་པ་) ཞེས་གསལ།

[5]  དཀར་ཆག་ཏུ། (བཀའ་མཆིམས་ཕུ་མར་གྲགས་པ་) ཞེས་གསལ།

[6]  དཀར་ཆག་ཏུ། གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཡི་གེར་བཀོད་པ། ཞེས་གསལ།

[7]  དཀར་ཆག་ཏུ། འབེའི་སྟོན་པ་ཡེ་ཤེས་རྡོ་རྗེའི་གསང་སྙིང་མཆན་འགྲེལ། ཞེས་གསལ།

[8]  དཀར་ཆག་ཏུ། རོང་ཟོམ་མ་ཧཱ་པཎྜི་ཏའི་གསང་སྙིང་འགྲེལ་དཀོན་མཆོག་འགྲེལ་ཞེས་གྲགས་པ། ཞེས་གསལ་ལ། ཡོངས་གྲགས་སུའང་དཀོན་མཆོག་འགྲེལ་ཞེས་པ་འདི་ཉིད་རང་ཡིན།

[9]  རྒྱལ་བ་ཀློང་ཆེན། (སྤྱི་ལོ་ ༡༣༠༨-༡༣༦༣)

[10]  རྒྱལ་བ་ཀློང་ཆེན། (སྤྱི་ལོ་ ༡༣༠༨-༡༣༦༣)

[11]  རྒྱལ་བ་ཀློང་ཆེན། (སྤྱི་ལོ་ ༡༣༠༨-༡༣༦༣)

[12]  འཇམ་མགོན་མི་ཕམ། (སྤྱི་ལོ་ ༡༨༤༦-༡༩༡༢)

[13]  གཡུང་སྟོན་རྡོ་རྗེ་དཔལ་བཟང་། (སྤྱི་ལོ་ ༡༢༨༤-༡༣༦༥)

[14]  སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། (སྤྱི་ལོ་ ༡༢༩༥-༡༣༧༦)

[15]  མཇུག་བྱང་དུ། སྒྱུ་འཕྲུལ་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ་རྒྱུད་དོན་རྣམ་པར་ངེས་པ། ཞེས་ཀྱང་གསལ།

[16]  ལོ་ཆེན་དྷརྨ་ཤྲཱི། (སྤྱི་ལོ་ ༡༦༥༤-༡༧༡༨)

[17]  ལོ་ཆེན་དྷརྨ་ཤྲཱི། (སྤྱི་ལོ་ ༡༦༥༤-༡༧༡༨)

[18]  ལོ་ཆེན་དྷརྨ་ཤྲཱི། (སྤྱི་ལོ་ ༡༦༥༤-༡༧༡༨)

[19]  སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། (སྤྱི་ལོ་ ༡༦༧༦-༡༧༣༨)

[20]  སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། (སྤྱི་ལོ་ ༡༦༨༦-༡༧༡༨)

[21]  རྡོ་གྲུབ་ཆེན་མདོ་སྔགས་བསྟན་པའི་ཉི་མ། (སྤྱི་ལོ་ ༡༨༦༥-༡༩༢༦)

[22]  སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། (སྤྱི་ལོ་ ༡༦༧༦-༡༧༣༨)

[23]  རོང་ཟོམ་ཆོས་བཟང་། (སྤྱི་ལོ་ ༡༠༤༢-༡༡༣༦)

[24]  ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། (སྤྱི་ལོ་ ༡༨༨༠-༡༩༢༥)

[25]  ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པའི་རྣམ་རྒྱལ། (སྤྱི་ལོ་ ༡༨༨༦-༡༩༥༢)

[26]  རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར། (སྤྱི་ལོ་ ༡༨༠༠-༡༨༥༥)

[27]  རྫོགས་ཆེན་མཁན་པོ་གཞན་ཕན་ཆོས་ཀྱི་སྣང་བ། (སྤྱི་ལོ་ ༡༨༧༡-༡༩༢༧)

[28]  ལོ་ཆེན་དྷརྨ་ཤྲཱི། (སྤྱི་ལོ་ ༡༦༥༤-༡༧༡༨)

[29]  པིཎྜཱརྠ།: པིཎྜ་ཞེས་པ་བསྡུས་པའི་དོན་དང་། ཨརྠ་ཞེས་པ་དོན་ཏེ། དེ་གཉིས་སྦྱར་བས་དོན་བསྡུས་ཞེས་པའི་དོན་ཡིན་ལ། འགྲེལ་པ་དག་ཏུ་བི་མ་ལ་ཡི་འགྲེལ་ཆུང་དོན་བསྡུས་ཞེས་པའང་འདི་ཉིད་ཡིན། འདི་ལ་པིན་ཏར་ཏ་དང་། པིན་ཏརྠ། པཎྜིརྠ་སོགས་འབྲི་ཚུལ་སྣ་ཚོགས་སྣང་ཡང་དེ་དག་ནོར་སྐྱོན་དུ་མཐོང་ངོ་།།

[30]  ཡོངས་གྲགས་སུ་སློབ་དཔོན་སངས་རྒྱས་གསང་བས་མཛད་པར་གྲགས་ལ། ཡང་༼སངས་རྒྱས་གསང་བའི་རྣམ་དབྱེ་འགྲེལ་༽ཞེས་པ་ཞིག་ཐར་པ་ལོ་ཙཱ་བའི་གསང་བ་སྙིང་པོའི་འགྱུར་བྱང་དང་གཞན་ཡང་ལོ་ཆེན་དྷརྨ་ཤྲཱིའི་གསང་བདག་ཞལ་ལུང་སོགས་གཞུང་འགྲེལ་དག་ན་ཡོད་པར་བཞེད་པ་དེ་ཡང་འདི་ཉིད་རང་ཡིན་འདུག་པར་འགྲེལ་པ་དེ་ཉིད་ཀྱི་མཚམས་སྦྱོར་དག་ལས་ཤེས་སོ།།

[31]  མཇུག་བྱང་དུ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་བཤེས་པའི་མཚན་ཉིད་བཤད་པ་ཤེས་རབ་སྤྱན་འབྱེད་ཅེས་བྱ་བ། ཞེས་གསལ།

[32]  ལོ་ཆེན་དྷརྨ་ཤྲཱིའི་གསང་བདག་ཞལ་ལུང་དུ། བི་མ་ལ་ཡི་ཐུགས་ཐིག་གི་པིན་ཏརྠ། ཞེས་གསལ།

[33]  མཛད་བྱང་དུ། སྒྱུ་འཕྲུལ་སྦྱིན་སྲེག་གི་དོན་འགྲེལ། ཞེས་གསལ།

[34]  མཛད་བྱང་དུ། སྒྱུ་འཕྲུལ་དྲྭ་བ་རོ་སྲེག་ལས་ཀྱི་ཕྲེང་བ། ཞེས་གསལ།

[35]  ཐུན་མོང་གི་སྒྲུབ་པའི་སྐོར་རྣམས་རྒྱུད་ལས་མང་དུ་གསུངས་མོད་ཀྱང་དེ་དག་ལ་མན་ངག་གི་ཡི་གེ་ཟུར་བཀོལ་བ་མེད་པས་ན། འདིར་བཀོད་སྒྲུབ་པ་དག་མཆོག་གི་སྒྲུབ་པ་ཁོ་ནར་ངེས་པར་ལོ་ཆེན་དྷརྨ་ཤྲཱིས་གསང་བདག་ཞལ་ལུང་དུ་གསུངས།

[36]  ཡོངས་གྲགས་སུ་སྒྱུ་འཕྲུལ་ལམ་རྣམ་བཀོད་ཅེས་བྱ་བ་དེ་འདི་ཉིད་ཡིན་སྙམ།

[37] སྡེ་དགེ་བསྟན་འགྱུར་པར་མར། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་འོད་ཀྱི་རིམ་པ་ཞེས་བྱ་བའི་མཚན་གྱི་མཛད་བྱང་དུ་སློབ་དཔོན་སངས་རྒྱས་གསང་བས་མཛད་པར་གསལ།

[38]  མཛད་བྱང་དུ། བསྟན་པ་མཐའ་དག་གི་དོན་མདོར་བསྡུས་པའི་སྐྱུད་བྱང་བསྟན་པའི་སྙིང་པོ་ཞེས་བྱ་བ་བཻ་རོ་ཙ་ནས་མཛད་པ། ཞེས་གསལ།

[39]  མཛད་བྱང་དུ། ལྟ་བའི་རིམ་པའི་མན་ངག་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་སྣང་བ་བཅུ་བདུན། ཞེས་གསལ།

[40]  མཇུག་བྱང་དུ། ལམ་རྣམ་པར་བཀོད་པ་སངས་རྒྱས་གསང་བའི་མན་ངག ཅེས་གསལ།

[41]  སྣར་སྟོན་པ་སེང་གེ་འོད། (སྤྱི་ལོ་ ༡༡༦༦-༡༢༤༤)

[42]  མཇུག་བྱང་དུ། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་དོན་བསྡུས་པའི་མན་ངག ཅེས་གསལ།

[43]  ཀུ་སུ་ལུ་པ་ཡེ་ཤེས་རྒྱལ་མཚན། (སྤྱི་ལོ་ ༡༣༩༥-༝༝༝༝)

[44]  གསལ་བཤད། འདི་ཉིད་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ལམ་རིམ་གྱི་འགྲེལ་པ་ཡིན།

[45]  མཛད་བྱང་དུ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་མན་ངག་ལམ་རིམ་གྱི་བསྡུས་དོན་རྣལ་འབྱོར་གྱི་བསྡུས་དོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་འཛིན་པ་ཤཱཀྱ་བཛྲས་མཛད་པ། ཞེས་གསལ།

[46]  གཙང་སྟོན་རྡོ་རྗེ་རྒྱལ་མཚན། (སྤྱི་ལོ་ ༡༡༣༧-༡༢༢༦)

[47]  འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། (སྤྱི་ལོ་ ༡༨༡༣-༡༨༩༠)

[48]  འཇམ་མགོན་མི་ཕམ་རྣམ་རྒྱལ། (སྤྱི་ལོ་ ༡༨༤༦-༡༩༡༢)

[49]  གཙང་སྟོན་པ་རྡོ་རྗེ་རྒྱལ་མཚན། (སྤྱི་ལོ་ ༡༡༣༧-༡༢༢༦)

[50]  མཁས་གྲུབ་ཡེ་ཤེས་རྒྱལ་མཚན། (སྤྱི་ལོ་ ༡༣༩༥-༝༝༝༝)

[51]  གཙང་སྟོན་པ་རྡོ་རྗེ་རྒྱལ་མཚན། (སྤྱི་ལོ་ ༡༡༣༧-༡༢༢༦)

[52]  སྨིན་གླིང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས་ཤིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བ།

[53]  ལོ་ཆེན་ཆོས་དཔལ་རྒྱ་མཚོ། (སྤྱི་ལོ་ ༡༦༥༤-༡༧༡༨) ལོ་ཆེན་དྷརྨ་ཤྲཱིའི་མཚན་གྱི་རྣམ་གྲངས།

[54]  འགྱུར་མེད་ཀུན་བཟང་པདྨ་བསྟན་འཛིན། (སྤྱི་ལོ་ ༡༧༣༦-༝༝༝༝)

[55]  འགྱུར་མེད་ངག་དབང་ཆོས་གྲགས། (སྤྱི་ལོ་ ༡༩༠༨-༡༩༨༠)

[56]  མཁན་ཆེན་མཁྱེན་བརྩེ་ནོར་བུ། (སྤྱི་ལོ་ ༡༩༠༥-༡༩༦༨)

[57]  ལོ་ཆེན་ཆོས་དཔལ་རྒྱ་མཚོ། (སྤྱི་ལོ་ ༡༦༥༤-༡༧༡༨) ལོ་ཆེན་དྷརྨ་ཤྲཱིའི་མཚན་གྱི་རྣམ་གྲངས།

[58]  སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། (སྤྱི་ལོ་ ༡༦༨༦-༡༧༡༨)

[59]  Tibetan Buddhist Resource Centre (TBRC/BDRC) Web: www.tbrc.org Mobile app: BDRC Lib

[60]  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བ།

[61]  མཚན་བྱང་འདི་རྡོ་གྲུབ་ཆེན་མདོ་སྔགས་བསྟན་པའི་ཉི་མས་མཛད་པའི་གསང་སྙིང་སྤྱི་དོན་དང་འདྲ་བཟོ་འདུག་ཀྱང་། ནང་གི་རྗོད་བྱེད་ཀྱི་རྣམ་པ་ཐམས་ཅད་ཁ་ཁར་འདུག

[62]  པདྨ་ཕྲིན་ལས་སྙིང་པོ། (སྤྱི་ལོ་ ༡༩༠༣-༡༩༦༠)

[63]  པདྨ་ཕྲིན་ལས་སྙིང་པོ། (སྤྱི་ལོ་ ༡༩༠༣-༡༩༦༠)

[64]  རྡོ་གྲུབ་མདོ་སྔགས་བསྟན་པའི་ཉི་མ། (སྤྱི་ལོ་ ༡༨༦༥-༡༩༢༦)

[65]  Tibetan Buddhist Resource Centre (TBRC/BDRC) Web: www.tbrc.org Mobile app: BDRC Lib

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།