ལོ་རིམ་གཉིས་པའི་སློབ་གཉེར་བ། སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།
རིན་ཆེན་གླིང་ནས་ནོར་བུ་བླངས་པ་མིན།།
ནོར་ལྷ་རྣམས་ཀྱིས་གསོལ་རས་བྱིན་པ་མིན།།
འདི་ནི་གངས་ཅན་བོད་ཀྱི་ཁྱད་ནོར་ཞིག།
སྦྲང་དཀར་རྩམ་པ་ཆང་བུའི་གཟུགས་སུ་སྤྲུལ།།
དགུན་གྱི་དུས་སུ་སྲོག་ལྡན་ཡིན་ན་ཡང་།།
ཚེ་སྔོན་ལས་འབྲས་བསམ་གྱིས་མི་ཁྱབ་ཕྱིར།།
དབྱར་དུས་རྩྭ་རུ་གྱུར་ནས་འཆི་དགོས་འདི།།
དབྱར་རྩྭ་དགུན་འབུའི་ཚེ་ཡི་འགྲོ་སྟངས་ཡིན།།
མཁས་པའི་ཤེས་རྩལ་ངོམ་ས་ཟེར་ཡང་ཆོག།
བླུན་པོའི་ལྐུགས་རྟགས་སྟོན་ས་ཟེར་ཡང་ཆོག།
ཡག་ན་ཡག་ལ་སྡུག་ན་སྡུག་ཚད་མེད།།
ངོ་དེབ་མཛད་ཕྲིན་ཆེ་འོ་དེང་གི་དུས།།
གོ་ས་མཐོན་པོ་དགོས་ན་ཁྱོད་ཀྱིས་སྟེར།།
མཛའ་གྲོགས་མང་པོ་དགོས་ན་ཁྱོད་ཀྱིས་སྟེར།།
ཁྱོད་ནི་གང་ལ་གང་དགོས་སྟེར་ནུས་པའི།།
ཀུན་ཀྱིས་ཡང་ཡང་བསྔགས་པའི་སྒོར་མོ་རེད།།
རང་བཞིན་ཅི་ཡོད་བརྟག་ལ་ཁོམ་དུས་མེད།།
གཉིད་ཀྱི་དགྲ་རུ་ལྡང་མིན་ངས་མི་ཤེས།།
འོན་ཀྱང་ཚིག་ཇ་ཟེར་བ་གོ་ཙམ་གྱིས།།
ཞི་འཚོ་ཇ་ཁང་ཡིད་ལ་ལྷང་ལྷང་ཤར།།
འགའ་ཞིག་རིགས་ལམ་མེད་ན་ཐབས་ཆག་ཟེར།།
འགའ་ཞིག་རིགས་ལམ་གོ་བ་སྒྲིབ་བྱེད་ཟེར།།
ཀ་བ་བུམ་པའི་སྐོར་ལ་རྩོད་རྙོག་འདི།།
ཕྱྭ་པ་ཆོས་སེང་ཞབས་ཀྱི་མཛད་ཕྲིན་ཡིན།།