ལྕེ་བཙུན་སེང་གེ་དབང་ཕྱུག་གི་རྣམ་ཐཪ།

རྩོམ་སྒྲིག་པ།

ཉང་རོ་གཉན་ཚོར་བསམ་བཞིན་སྲིད་པ་བཟུང་།།

མཆིམས་ཕུའི་གནས་ནས་ཟབ་པ་པོད་བཞི་བཞེས།།

བི་མས་རྗེས་བཟུང་འོད་སྐུར་མངོན་སངས་རྒྱས།།

ལྕེ་བཙུན་སེང་གེ་དབང་ཕྱུག་གསོལ་བ་འདེབས།།

ཞེས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་ལྕེ་བཙུན་ཆེན་པོའི་གསོལ་འདེབས་ཀྱིས་སྔུན་བསུས་ཏེ་འདིར་གང་གི་རྣམ་པར་ཐར་པ་མདོ་ཙམ་ཞུ་བར་བྱ་སྟེ། དེ་ཡང་ལྕེ་བཙུན་སེང་གེ་དབང་ཕྱུག་[1]ནི། ཡུལ་མྱང་རོའི་མྱང་མཚོ་[2]བྱ་བར། ཡབ་ལྕེ་ཐུབ་པའི་དབང་པོ་དང་ཡུམ་ཁྱུང་མོ་བཟའ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་གཞོན་ནུ་ཉིད་ནས་མང་དུ་ཐོས་པའི་ཕ་རོལ་ཏུ་སོན། གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན་ལ་བཤད་རྒྱུད་ཡང་དག་པ་སྙིང་ཐིག་གི་མན་ངག་སྟོན་ཅིང་འཇོག་སའི་སྣོད་ལྡན་གྱི་སྐྱེས་བུ་མ་རྙེད་ནས་འཚོལ་དུ་ཕེབས་པ་དང་ལྕེ་བཙུན་མང་ཡུལ་དུ་བྱོན་པ་གཉིས་གཙང་གི་རི་གཟར་རྒོད་པོའི་ལུང་དུ་མཇལ། ལྡང་མས་ཀྱང་མན་ངག་འཇོག་སའི་སྣོད་ལྕེ་བཙུན་བཟང་བར་གཟིགས་ནས་ངས་སྙིང་ཐིག་གསང་བའི་མན་ངག་རྣམས་ཁྱོད་ལ་སྦྱིན་གྱིས་འོ་སྐོལ་གཉིས་འགྲོགས་ལ་འདོང་ཟེར་བས། ལྕེ་བཙུན་གྱིས་བདག་བླ་མ་གཅིག་གི་ཚོད་[3]ལ་མཆིས་པས་དེ་ནས་ལོག་པ་དང་ཞུ་འཚལ་གསུངས་པ་དང་། འོ་ན་དུས་ནམ་ཙམ་བྱ་གསུངས་པས་ཉ་དྲུག་གི་ཟླ་བའི་ཉའི་ཉི་མ་ལ་ཁ་རག་རྩར་བལ་པོ་སྒོམ་ཆུང་བྱ་བ་སྒོམ་ཆེན་ཤིན་ཏུ་བཟང་བ་ཞིག་ཡོད་པར་འདུག་པས་དེའི་སར་དུས་བགྱིའོ་གསུངས་པས་གཉིས་མཐུན་ནས་དུས་བྱས་སོ།།

དེ་ནས་ལྕེ་བཙུན་མང་ཡུལ་ནས་ལོག་འགྲོ་བར་བརྩམས་ཏེ། ལྡང་མ་ཉའི་ཉི་མ་རང་ལ་བྱོན། བལ་པོ་སྒོམ་ཆུང་ན་སོ་གཞོན་པ་གཅིག་གིས་སྒོམ་གྱིན་འདུག་པས། ལྡང་མས་ཇོ་བོ་དེ་ལྟར་བྱས་པས་སངས་མི་རྒྱ་བྱས་པས། བལ་པོས་ཐབས་ཇི་ལྟར་ཡོད་དྲིས་པས། དཔེ་འདི་ལ་གཟིགས་དང་ཞེས་ལྕེ་བཙུན་ཞག་གསུམ་དུ་མ་བྱུང་བས་ལྟ་རྟོག་བྱས་པས་བལ་པོ་ཡང་དེ་ཀས་གྲོལ། དེ་ནས་ཚེས་བཅོ་བརྒྱད་ཀྱི་ཉིན་མོར་ལྕེ་བཙུན་སླེབས་ནས་བྱུང་བས་ལྡང་མས་ངའི་དཔེ་འདི་དག་ལེགས་པར་བྲིས་ལ་ཆ་བསྐྱེད་མ་བུའི་ཡི་གེ་རྣམས་ལྷག་མ་མ་ལུས་པར་བཤུས་ནས་ཁྲའི་ཟླ་བ་ལ་སྐྱོལ་ཅིག མན་ངག་འདི་རང་གིས་ཤེས་པ་ལ་གཞན་མེད་གསུངས་ནས་དེ་ལྟར་བྱས།

དེ་ནས་ལྡང་མ་དབུ་རུར་བཞུད། ལྕེ་བཙུན་གྱིས་གནུབས་ཡུལ་རོང་གི་ལང་གྲོ་ཤུག་པ་ཅན་དུ། ལང་གྲོ་སྨ་ར་ཅན་གྱི་དཔེ་རྣམས་བྲིས།  གསང་བ་བླ་ན་མེད་པའི་རྒྱུད་ལུང་མན་ངག་གི་ཡི་གེ་རྣམས་གཡས་བན་སྐྱབས་སེས་བྲིས། ལྷག་མ་འོ་ཡུག་ལུ་མར་དབྱར་ཆོས་ཤེས་རབ་ཀྱིས་བྲིས། སྐོར་གསུམ་གྱི་ལྷག་མ་རྣམས་ཚུར་ལེགས་པ་དང་། སོ་དཔའ་ལེགས་ཀྱིས་བྲིས། དེ་ནས་དཔེ་རྣམས་ཚར་ནས་ཞུ་ཏིག་ལན་དྲུག་ཏུ་ཉང་དཔལ་གྱི་འབྱུང་གནས་དང་ལྕེ་བཙུན་གཉིས་ཀྱིས་མཛད་ནས། ཁྲའི་ཟླ་བའི་དུས་སུ་འབུམ་བཅུ་གཉིས་གདུམ་གཅིག་དང་། ལྟང་ཚེ་སུམ་ཅུ་རྩ་ལྔ། རྟ་གསུམ། ཁྲབ་དགུ་ཁྱེར་ནས་དཔེ་རྣམས་སྐྱེལ་དུ་བྱོན་པས། དབུ་རུ་སྙེ་ཐང་དུ་སླེབས་ཙ་ན། བཙུན་པ་ལྡོམ་བུ་བ་གཅིག་ན་རེ། ཇོ་བོ་རྗེ་ཁྱོད་གར་འགྲོ་ཟེར། ལྕེ་བཙུན་གྱིས་བདག་ལྡང་མ་ལྷུན་གྲུབ་རྒྱལ་མཚན་བྱ་བ་སྐུ་དྲིན་ཅན་ཞིག་ལ་ཞབས་ཏོག་སྐྱེལ་བར་འགྲོ་བྱས་པས། བཙུན་པས་ལྡང་མ་ཁ་སང་བར་གྱི་ཟླ་བ་སྔ་མ་དེའི་ཉ་ལ་སྐུ་གཤེགས་ནས། གཞན་རྣམས་ཆོས་པ་བཟང་པོ་ཙམ་དུ་མི་བྱེད་པར་འདུག གནས་བརྟན་ཡིན་ཟེར་བ་ལས་རྟགས་བཟང་པོ་ངོ་མཚར་ཅན་མང་པོ་ཡང་བྱོན། འཆི་བའི་དུས་ཀྱང་ཟིན་པར་གདའ། ཁྱེད་ལ་ཁོང་གི་གདམ་ངག་བདོག་གམ་སྨྲས། ལྕེ་བཙུན་གྱིས་བླ་མ་གཤེགས་ཀྱང་རྫས་འདི་རྣམས་འདིར་གནས་གཞི་ཡང་འདུག་པས་འདིར་ཚོགས་གསོག་བྱ་དགོས་བླ་མ་ལ་བསྡོས་པ་ཡིན་པས། བླ་མའི་དོན་དུ་གཏང་བར་བྱ་སྙམ་ནས་དེར་གཞི་ཕབ། དེར་བཙུན་པ་དེས་བདག་མལ་གྲོ་བའི་མྱང་བཀའ་གདམས་བྱ་བ་ཡིན་པས། ལྡང་མ་དེ་གདམས་པ་ཆེ་བའི་རྟགས་སུ་འདུག་པས། ཁྱེད་ལ་ཁོང་གི་གདམས་པ་ཚང་བར་བཞུགས་ཀྱིན་གདའ་བས། བདག་ལ་ཐུགས་སུ་གདགས་པར་ཞུ་ཞེས་ཞུ་བ་ཕུལ་བས། དེ་ཉིད་མན་ངག་བསྟན་དུ་རུང་བའི་སྣོད་དུ་གཟིགས་ནས་གསང་བའི་མན་ངག་སེམས་ལུང་མན་ངག་སྒོམ་ཁྲིད་གནང་། དེ་རྣམས་ཀྱི་རྫས་དང་ཡོ་བྱད་རྣམས་དགེ་འདུན་སྙེ་ཐང་པ་དང་། དུས་དེ་ཙམ་ན་ཐོད་པ་ལོ་ཙཱ་བ་དང་། ཇོ་བོ་འབྲོག་མི་ལོ་ཙཱ་བ་གཉིས་བཞུགས་པ་ལ་ཞབས་ཏོག་མཛད།

དེ་ནས་ལྕེ་བཙུན་གནུབས་ཡུལ་རོང་དུ་བྱོན། མྱང་བཀའ་གདམས་པ་བྱ་བ་དེ་ཏི་སྒྲོའི་བྲག་དཀར་པོ་བྱ་བ་ལ་སྒོམ་པར་དམ་བཅས་ནས་སྒོམ་དུ་སོང་། དཔོན་སློབ་གཉིས་ཀྱིས་སངས་རྒྱས་ཀྱི་འབྲས་བུ་སྔོན་ལ་སུས་ཐོབ་འགྲན་པར་བྱས་ནས་གྱེས། དེ་ནས་ལྕེ་བཙུན་དཔའ་གོར་གཙང་ལུང་དབེན་རྩར་བྱོན། ལོ་བཅུའི་བར་དུ་མན་ངག་གསང་བའི་སྐོར་བཞི་པོ་འདི་དག་འཇོག་སའི་གནས་བཙལ་བས་མ་རྙེད། དེ་ནས་སྐོར་གསུམ་གྱི་མན་ངག་རྒྱུད་དང་བཅས་པ། ལང་གྲོ་འཆད་པ་སྟག་འདྲའི་ཆུ་མིག་གི་རྩ་བ་དང་། འུ་[4]ཡུག་དང་། བྱར་གྱི་ཕུ་བཅས་སུ་ཀླུ་བཙན་རྡོ་རྗེ་བདེ་འབར་ལ་གཏད་ནས་ཕྱི་རབས་སྐལ་ལྡན་རྣམས་ཀྱིས་རྙེད་པར་ཤོག་ཅེས་སྨོན་ལམ་བཏབ་ནས་གཏེར་དུ་སྦས། འུ་ཡུག་ནས་ཤང་མན་ཆད་ཀྱི་རི་བརྒྱུད་རྣམས་ལ་འཕོ་ཞིང་སྒོམ་པའི་ཚེ། མཚན་མོའི་མནལ་ལམ་དུ་རྒྱ་གར་གྱི་ཨ་ཙ་ར་སྔོ་སངས་ཤིན་ཏུ་འཇིགས་པ་ཞིག་བྱུང་སྟེ། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། །སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན། །མཆིམས་ཕུ་བྲག་དམར་དགེ་གོང་ཡར་འདབས་ལ། །གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད། །དེ་དག་ཁྱེར་ལ་འོ་ཡུག་ཕྱི་གོང་དུ། །སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། །ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། །ཞེས་ལུང་བསྟན་པས་མཆིམས་ཕུར་འགྲོ་བའི་བསྡོགས་བྱས་ནས་ཞག་གསུམ་ལོན་པའི་ཉི་མ་འཆར་ཀར། འུ་ཡུག་ཕུག་སྟེང་གི་གྲོག་པོར་མཇལ། ཕྱག་དང་སྐོར་བ་བྱས་ཏེ་འུ་ཡུག་ལུང་པའི་ནགས་ཀྱི་དཀྱིལ་དུ་ཟླ་བ་ཕྱེད་རྗེས་ལ་གདམས་པ་ཞུས་ནས་ཞུན་ཐར་བཅད། བི་མ་ལས་ང་ཧོར་གྱི་ཡུལ་དུ་འགྲོ་བས་ཧོར་གྱི་རྒྱལ་པོ་ལྡེ་མིག་ཙན་ཏྲ་[5]བྱ་བ་སེམས་ཅན་དམྱལ་བའི་གནས་སུ་འགྲོ་བ་ཞིག་ཡོད་པས། དེ་འཁོོར་བ་ལས་སྒྲོལ་བར་བྱེད་པས་དེའི་བར་ཁྱོད་ནུབ་ཀྱི་རི་ལ་སྡོད་ལ་མཆིམས་ཕུར་མ་འགྲོ་གསུངས་ནས་རྫུ་འཕྲུལ་གྱིས་གཤེགས།

དེ་ནས་ལྕེ་བཙུན་ཉིད་ནུབ་ཏུ་ལོ་གསུམ་འདུག་པའི་རྗེས་སུ་བི་མ་ལ་བྱོན་ནས་ཡང་མན་ངག་རྣམས་ལ་ཞུ་ཏིག་བྱས་ཤིང་ལྷག་མ་མ་ལུས་པར་གནང་། དེ་ལྟར་རེས་མཇལ་རེས་མི་མཇལ་བར་ལོ་བདུན་ལྷན་ཅིག་མོས་གུས་བྱས། དེ་ནས་བི་མ་ལ་ལི་ཡུལ་དུ་མཁའ་འགྲོ་མ་བརྩེ་བས་རོལ་པ་ཞེས་བྱ་བས་སྤྱན་དྲངས་ནས་གཤེགས། ལྕེ་བཙུན་མཆིམས་ཕུར་བྱོན་ནས་སྙིང་ཏིག་མན་ངག་བཙལ་བས་མ་རྙེད་དེ། ཞག་གསུམ་གྱི་ཉི་མ་ཕྱེད་ཙམ་ལ་བུད་མེད་སོ་དུང་སོ་འཁོར་མ་ཡོད་པ་སྨིན་མ་ཟངས་སུ་འདུག་པ། དཔྲལ་བའི་དཀྱིལ་ན་གསེར་གྱི་ཟླ་ཕྱེད་རྡོ་རྗེས་མཚན་པ། ལག་པ་དང་རྐང་པ་རྣམས་ཆུ་བྱའི་སྡེར་མོ་ལྟར་སྦྲེལ་བ། ནུ་མ་ལས་སེང་གེའི་ཕྲུ་གུ་འཕྱང་བ་ཞིག་བྱུང་ནས། འོ་སྔོན་གྱི་སྐལ་ལྡན་མན་ངག་གི་བདག་པོ་བྱུང་ཟེར་ནས། བྲག་མེ་ལོང་འདྲ་བའི་དཀྱིལ་ནས་པོ་ཏི་སྨུག་ཆུང་བཏོན་ཏེ་ལྕེ་བཙུན་ལ་གཏད་ནས་འོ་ཡུག་ཕྱི་གོང་རྫའི་ར་བར་སོང་ཞིག་གསུངས་ནས་གཏད་དོ།།

དེ་ནས་ལོག་སྟེ་གནུབས་ཀྱི་གསེག་མ་ལུང་དུ་འོངས་ནས་ལྕེ་བཙུན་གྱི་དགོངས་པ་ལ་བཀའ་བརྒྱུད་ཟབ་མོ་འདི་ཀུན་ལ་འཇོག་སའི་གནས་མི་འདུག་པས། འོ་ཡུག་ནུབ་མའི་བྲག་སེང་གེ་དང་འདྲ་བ་ལ་སྦའོ་སྙམ་ནས་འབྲུག་ལོའི་དགུན་ཟླ་ར་བའི་དུས་ཚོད་སྟོད་སེར་ཁ་ཉི་མ་བྱི་བའི་ཉི་མ་སྐར་མ་རྒྱལ་གྱི་དུས་ཚོད་ཉི་མ་ཤར་བའི་ཚེ། གནམ་སྟོང་གི་ཉིན་པར་རྡོ་རྗེ་ལེགས་པ་དང་། དཔལ་སྔགས་ཀྱི་སྲུང་མ་ནག་མོ་ཁྲོས་མ་སྨུག་ནག་རག་གདོང་མ་རྣམས་ལ་གཏད་ནས་ཕྱི་རབས་ཀྱི་དོན་དུ་སྨོན་ལམ་བཏབ་ནས་མི་སྣང་བར་མཛད། འུ་ཡུག་གི་ཕྱི་གོང་དུ་སྙིང་ཐིག་གསང་བའི་མན་ངག་གི་པོ་ཏི་ཆུང་བ་རྣམས་ཁྱེར་ནས་སུས་ཀྱང་མཐོང་བ་མེད་པར་ལོ་བདུན་ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས་ནས་ཆོས་ཉིད་ཟད་པའི་སྣང་བ་མཐོང་། སྙིང་ཐིག་གསང་བའི་པོ་ཏི་རྣམས་བྱར་གྱི་ཕུའི་བྲག་དཀར་པོ་ཐེམ་པ་དང་འདྲ་བ་དང་། སྔོན་གྱི་སྐོར་གསུམ་གྱི་ཕྱི་མོ་རྣམས་སླེ་ཚན་གསུམ་གྱི་རི་ལ་སྦས།  ཡང་དམ་པ་དང་བྱར་གྱི་ལུང་ལན་གཅིག་མཇལ་ནས་རྒྱ་ནག་པོའི་ཡུལ་དུ་གཤེགས་པ་ལ་བདག་གིས་མཆིམས་ཕུར་བསྐྱལ་ནས་དམ་པ་རྫུ་འཕྲུལ་གྱིས་གཤེགས།

དེ་ནས་ལྕེ་བཙུན་ལོག་ནས་སྔར་བཞིན་མི་ཡུལ་དུ་ལོ་མང་བཞུགས་ཏེ། ཤངས་དང་རྟ་ནག་གི་བར་གྱི་སྤོ་མཐོན་རི་ནས། སློབ་དཔོན་པདྨའི་ཆོས་དང་སྒྲུབ་ཡིག་བཏོན་ནས་གཙང་ལུང་དབེན་རྩར་སྦས། ཆ་ལུང་གི་ཁྱི་རྟགས་དབེན་རྩ་ནས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་སྦས་མ་ཐག་པའི་གནུབས་ཀྱི་ངན་སྔགས་བརྒྱ་དང་བཅུ་བཏོན་ནས་གནུབས་ཀྱི་ཕུང་པོ་རི་བོ་ཆེ་ལ་སླར་སྦས། དེ་ལྟར་དམ་པ་དང་ལན་གསུམ་མཇལ་ནས་བཀའ་སྲོལ་མི་ཉམས་པའི་ཕྱིར་སྙན་བརྒྱུད་མན་ངག་རིགས་མི་འདྲ་བ་བདུན་མཆན་དུ་བཏབ། སྤྲུལ་པའི་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་བྱིན་ནས། ལོ་བརྒྱ་དང་ཉི་ཤུ་རྩ་ལྔར་ཕེབས་པ་ན་གཟུགས་སྐུ་མི་སྣང་བར་འཇའ་འོད་ཀྱི་ཕུང་པོར་གཤེགས། ཞལ་ཆེམས་གསང་བའི་གནད་གསུམ་བྱ་བ་བབས་པ་མཁའ་འགྲོ་མ་རྣམས་ཀྱིས་ཨོ་རྒྱན་གྱི་ཡུལ་དུ་གདན་དྲངས། གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་སྣང་མདའ་ལྕེ་སྒོམ་ནག་པོས་འགའ་ཤས་བཏོན་ནས་རང་གིས་ཉམས་སུ་བླངས་ཤིང་གཞན་ལས་ཅན་མང་པོ་ལའང་བཤད། དེ་བཞིན་དུ་ལང་གྲོ་འཆད་པ་སྟག་འདྲ་ནས་ཤངས་པ་རས་པ་ཞེས་བྱ་བས་ཀྱང་བཏོན་ནས་དར་ཞིང་རྒྱས་པར་གྱུར་ཏོ།།

དཔྱད་གཞིའི་ཡིག་ཆ།

གནས་འབྱེད་བདུན་པ། ཀློང་ཆེན་རབ་འབྱམས།་

བདུད་འཇོམས་ཆོས་འབྱུང་།

གཏེར་སྟོན་བརྒྱ་རྩའི་རྣམ་ཐར།

རྫོགས་པ་ཆེན་པོའི་རྣམ་གཞག་མཐོང་གྲོལ་བྱིན་རླབས་འབར་བ། (རེབ་གོང་རྡོ་རྗེ་མཁར།)


[1]  རང་བྱུང་ཡེ་ཤེས་དབྱིན་བོད་ཤན་སྦྱར་ཚིག་མཛོད་དུ་དུས་རབས་ ༡༡ ནས་ ༡༢ མཚམས་སུ་བྱོན་པར་བཀོད་འདུག (རྩོམ་སྒྲིག་པའི་མཆན།)

[2]  གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ནང་། ཉང་རོ་གཉན་ཚོ་ཞེས་འཁོད་འདུག (རྩོམ་སྒྲིག་པའི་མཆན།)

[3]  ཚོད་ཡིན་ནམ་འཚོལ་ཡིན་གང་ལྟར་ཐག་མ་ཆོད། (རྩོམ་སྒྲིག་པའི་མཆན།)

[4]  འདི་ལ་འོ་ཞེས་བྲིས་པ་ཡང་སྣང་། འབྲི་སྲོལ་གཅིག་གྱུར་མ་བྱུང་། (རྩོམ་སྒྲིག་པའི་མཆན།)

[5]  དྷེ་མི་ཙནྡྲ་མིན་ནམ་སྙམ། (རྩོམ་སྒྲིག་པའི་མཆན།)

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།