ལྷོ་ལ་གཏད་པའི་སེམས་འཕྲིན།

འགྲུལ་བཞུད་པ།

འཛམ་གླིང་མཁས་དགུ་ཡོངས་ཀྱི་གཙུག་གི་ཏོག།
བསྟན་སྲིད་གདུགས་དཀར་ཞི་བདེའི་གྲིབ་བསིལ་ཅན།།
གོ་ལའི་གཙུག་ཏུ་འདེགས་པའི་ཆོ་ག་མཁན།།
འཚེ་མེད་ཞི་བདེའི་དེད་དཔོན་རྒྱལ་གྱུར་ཅིག།


ཕ་མ་མིང་སྲིང་སོགས་ལ་ཞེ་བོར་ནས།།
གནས་ལྔ་རིག་པའི་འོ་མཚོའི་གྲུར་ཞུགས་ཏེ།།
འཕགས་ཡུལ་ཆོས་ཀྱི་བཅུད་བཟང་ངོམས་མེད་དུ།།
འཐུང་བའི་སྙིང་གི་གྲོགས་མཆོག་ཟུང་གི་དྲུང་།།


ཡུལ་གྱིས་བསྐལ་ཡང་དྲན་གདུང་མིག་ཆུའི་ཆབ།།
མ་ཁོགས་ཁྱེད་སར་བཞུར་བའི་དན་རྟགས་སུ།།
དྲོན་མོ་སེམས་ནས་རྡོལ་བའི་སྙིང་གི་གཏམ།།
ཤོག་དཀར་འཛིན་མར་བཀྲམ་ནས་མཆིད་འདི་གསོལ།།


ལུགས་གཉིས་བ་དན་གཞན་ལས་མངོན་མཐོ་བ།།
འཕགས་ཡུལ་ཆོས་ཀྱི་ཆུ་གཏེར་འཁྱིལ་བའི་ཀློང་།།
བརྩོན་འགྲུས་ངང་མོ་རྣམ་ཀུན་རྩེན་བཞིན་དུ།།
མདོ་སྔགས་འོ་བཅུད་ལེན་པར་བྲེལ་ལགས་སམ།།


བཀྲ་ཤིས་ཆོས་སྡིངས་རིག་སྨྲ་སྟོང་གི་མཐར།།
ཤེས་རིག་ག་བུར་སྙིང་ལ་མངོན་སྲེད་ཀྱང་།།
སྔོན་གོམས་དུག་གསུམ་མཛའ་མོ་མྱོས་པའི་གར།།
རྣམ་གཡེང་ལམ་དུ་འཕྱན་པ་དེས་སྤྲིངས་དོན།།


ལེགས་བྱས་འོ་མའི་མཚོ་ཆེན་སྔོན་མེད་པར།།
གྲུབ་པའི་ཞིང་མཆོག་འཕགས་ཡུལ་ཆོས་ཀྱི་གྲྭར།།
འདྲེན་མཆོག་ཐུབ་པའི་ཐུགས་སྐྱེད་མཐའ་ཀླས་པས།།
ཐོས་བསམ་སྒོམ་པའི་མཛད་བཟང་ལེགས་པར་སྐྱོངས།།


ངེད་ཅག་རྒྱལ་བསྟན་ཆུ་གཏེར་དབུས་ཉིད་ལ།།
ལྷན་དུ་རྐྱལ་བའི་སྐལ་བཟང་མེད་ལགས་ཀྱང་།།
རེ་འབྲས་མེ་ཏོག་ཇི་བཞིན་སྨིན་པའི་དུས།།
ཤེས་མེད་བླུན་པོའི་སྟེགས་སུ་སུ་ཡིས་འཁྲིད།།


རྟེན་ལེགས་རིན་ཆེན་ནོར་བུའི་ཁང་བཟང་དེར།།
ཕྱིན་དུས་ཤེས་རིག་ཐེམ་སྐས་ཡལ་བོར་ནས།།
རྣམ་གཡེང་མཛའ་མོའི་རྗེས་སུ་མི་སྙེག་པར།།
རྒྱང་ལ་བཞུད་པའི་འདུན་མར་བརྩོན་ཅིག་ཀྱེ།།


སྲིད་འབྱོར་མི་རྟག་ཆུ་འཛིན་གཡོ་བ་མོའི།།
རྗེས་སུ་སྙེག་པ་སྙིང་པོས་དབེན་ན་ཡང་།།
འདོད་ཆེན་ཆུ་ཀླུང་རླབས་ཕྲེང་རྩེན་པ་མོ།།
མདའ་ལྔའི་རྒྱལ་པོའི་ཆོ་འཕྲུལ་ཅིས་མ་ཡིན།།


དྲེགས་ལྡན་སྟོབས་འབྱོར་གཡང་གིས་ཕྱུག་པ་དག།
སྨོན་པའི་ཆ་ཙམ་སྙིང་དུ་མི་དམིགས་པར།།
ཆོས་ཀྱི་རྒྱལ་པོ་ཐུབ་པའི་ལམ་བཟང་པོར།།
འགྲིམ་པའི་དམ་བཅའ་མ་ལྷོད་སྙིང་ལ་ཆོངས།།


ལས་ཉོན་ལྕགས་ཀྱུའི་ཀྱོ་བ་རྣོན་པོ་ཡིས།།
ཞེ་འདྲིས་ཆོས་གྲོགས་རེ་འགའ་གྲོང་སར་དྲངས།།
སྐྱོ་གདུང་རླུང་དམར་སྙིང་གི་འཛིན་མའི་གཞིར།།
འཕྱུར་བའི་མིག་མཐའི་རླན་གཤེར་སྐམ་ཐབས་བྲལ།།


འདི་ན་ཉིན་བཞིན་ཆོས་སྒྲ་སྒྲོག་པའི་དབྱངས།།
ཐོས་པའི་སྐལ་བཟང་མངོན་དུ་གྱུར་ན་ཡང་།།
རྣམ་ཤེས་བུང་བའི་གཤོག་ཟུང་གཡེང་བའི་རྒྱར།།
འཕྱན་པའི་གཤིས་ཀ་ད་དུང་སོ་ན་གནས།།


དེ་ལྟ་ན་ཡང་མཁས་མང་བྱེ་བའི་གྲལ།།
གཞུང་ཚིག་ངག་ལ་དྲངས་པ་སྙན་པའི་དབྱངས།།
གྱེར་བའི་སྐལ་འདི་མངོན་སུམ་ཡིན་ནམ་ཞེས།།
དགའ་བའི་རྐང་བྲོ་འཁྲབ་ལ་ཅི་ཡང་བྲེལ།།


མཛའ་གཅུགས་བརྩེ་བ་འགྱུར་མེད་གཡུང་དྲུང་རིས།།
དམར་ཆུང་སེམས་སུ་གསལ་བ་སྙན་པའི་གླུར།།
དྲངས་པའི་སྙིང་དུ་དགའ་སྤྲོའི་དཔྱིད་འཇོ་བ།།
དྲན་གདུང་སེམས་ཀྱི་ཟས་སུ་ཅི་དགར་སྩོལ།།


དེ་ལྟར་བསིལ་ལྡན་མདོ་སྨད་གཡང་གི་ཆར།།
ལས་ཉོན་མཛའ་མོའི་རུམ་ཁོང་དྲོན་མོའི་ངོགས།།
གཏན་དུ་བཟི་བའི་ཆོས་མེད་བླུན་པོ་དེས།།
རང་ཤག་དཔེ་ཆས་སྟོང་པའི་ཀློང་ནས་སྤྲིངས།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།