རྩོམ་སྒྲིག་པ།
ཤར་རྒྱལ་བ་ཀཿཐོག་པ་དམ་གཙང་བྱམས་གསུམ་དུ་གྲགས་པ་ནི། དུས་རབས་བཅུ་གཉིས་པ་ནས་བཟུང་དཔལ་གསང་ཆེན་སྔ་འགྱུར་རྙིང་མ་པའི་བསྟན་པའི་སྙིང་པོ་བཀའ་གཏེར་དག་སྣང་གི་ཆོས་འཁོར་སྤྱི་དང་། ཁྱད་པར་སྔར་མཁན་སློབ་ཆོས་གསུམ་སྐབས་སློབ་དཔོན་བཻ་རོ་ཙ་ནས་སློབ་དཔོན་ཉི་འོད་སེང་གེའི་གསང་སྙིང་གི་འགྲེལ་པ་ཁམས་འོ་རྡུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་བསྒྱུར་ཅིང་བཤད་པ་མཛད་པའི་རྟེན་འབྲེལ་ཟབ་མོས། བཀའ་སྡེ་ཟུར་པའི་ལུགས་ཀྱི་མ་ཧཱ་ཡོ་གའི་ཆོས་འཁོར་དཔལ་ལྡན་གསང་བ་སྙིང་པོའི་རྒྱུད་ཀྱི་དབང་དང་ཁྲིད་ཀྱི་རྒྱུན་ཐམས་ཅད་ཁམས་ཕྱོགས་སུ་དར་ཞིང་རྒྱས་པར་བྱེད་པ་པོ་དག་ཡིན།
ཤར་རྒྱལ་བ་ཀཐོག་པ་ཆེན་པོ་དམ་པ་བདེར་གཤེགས།
དེ་ལས་དང་པོ་ཀཿཐོག་དམ་པ་བདེ་བར་གཤེགས་པའམ་བླ་མ་ཤར་པ་སྤོབས་པ་མཐའ་ཡས་ཞེས་གྲགས་པ་ནི། མདོ་ཁམས་བུ་འབུར་སྒང་[1]དུ་གཏོགས་པ་འབྲི་ཆུའི་འགྲམ་རྒྱུད་རྗེ་ཕག་མོ་གྲུབ་པ་དང་ཡུམ་མཆེད་དུ་གྱུར་པ་སྟེ། གདུང་རུས་སྒ་ཡབ་གཙང་པ་དཔལ་གྲགས་དང་ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཕོ་སྟག་སྤྱི་ལོ་ ༡༡༢༢ ལོར་འཁྲུངས། ཡབ་ཀྱིས་དགེ་བ་འཕེལ་ཞེས་མཚན་གསོལ། དགུང་ལོ་དྲུག་ནས་དགུའི་བར་ཡི་གེ་འབྲི་ཀློག་དང་རྩིས་བརྡ་དག་སོགས་ལ་གསན་སྦྱོང་མཛད། བླ་མ་དཔལ་འཛིན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་དགུ་ནས་འཁོར་བར་ཡིད་སྐྱོ་སྟེ་ཡབ་ཀྱི་བཀའ་བཞིན་གླིང་གི་དགོན་པ་དཔལ་གྱི་ཆོས་འཁོར་དུ་རྗེ་ཕག་མོ་གྲུབ་པའི་མདུན་བྱོན་ཏེ། མདོ་རྒྱུད་བསྟན་བཅོས་སྣ་ཚོགས་གསན་སྦྱོང་མཛད་ཅིང་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཞུས། དགུང་ལོ་བཅུ་དྲུག་ནས་ཀཾ་པོ་དང་རྭ་སྒྲེང་[2]སོགས་སུ་ཕེབས་ཏེ་བཤེས་གཉེན་དུ་མ་ལས་བཀའ་བསྟན་གཙོས་པའི་གཞུང་འགྲེལ་རྒྱུད་བཤད་གདམས་ངག་དང་དབང་མང་པོ་གསན། ཁྱད་པར་དགའ་ལྡན་དུ་དངོས་སུ་ཕེབས་ནས་བྱམས་པ་ལས་ཆོས་གསན་པས་ཐེ་ཚོམ་ཐམས་ཅད་ཆོད་པའི་དག་སྣང་ཤར། ཉེར་བཞི་པར་འཕན་ཡུལ་[3]རྒྱབ་ཏུ་བྱང་ཆུབ་སེང་གེའི་དྲུང་རབ་ཏུ་བྱུང་། མཚན་ཤེས་རབ་སེང་གེར་གསོལ། དེའི་དྲུང་ནས་གསང་སྔགས་རྙིང་མའི་ཆོས་མང་པོ་གསན། མཁས་པ་དང་གྲུབ་པའི་སྙན་པ་དབུས་གཙང་གི་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་པར་གྱུར། ཉེར་ལྔ་པར་སྡེ་པ་ནགས་ཀྱི་མཁན་ཆེན་ལས་བསྙེན་པར་རྫོགས་ཤིང་སྔ་འགྱུར་བའི་བཀའ་གཏེར་མང་པོ་གསན། ཁྱད་པར་ཟུར་ཤཱཀྱ་སེང་གེའི་དངོས་སློབ་འཛམ་སྟོན་ཆེན་པོ་འགྲོ་བའི་མགོན་པོའི་སྐུ་མདུན་ནས། སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་ཟབ་གནད་མཐའ་དག་རྫོགས་པར་གསན། དགུང་ལོ་ཉེར་དགུའི་དུས་བླ་མ་འཛམ་སྟོན་པ་ཆེན་པོས། གནས་ཀཾ་པོར་སྒྲུབ་པ་མཛད་ན་ཕུང་པོ་འོད་ལུས་སུ་འགྲུབ། ཁམས་ཀཿཐོག་ཏུ་སོང་ན་བསྟན་པ་ལོ་སྟོང་དུ་གནས་པ་ཞིག་འོང་ཞེས་ལུང་བསྟན་གནང་། མི་རིང་བར་རང་དོན་འོད་དུ་དེངས་པ་ལས་བསྟན་པ་ཡུན་གནས་ལ་དོན་ཆེ་བར་དགོངས་ཏེ། ཁམས་ཀཿཐོག་འཚོལ་ཕྱིར་རིམ་བཞིན་ཁམས་ཕྱོགས་སུ་ཕེབས།
སྔ་ཕྱིར་མཉམ་མེད་དྭགས་པོ་ལྷ་རྗེ་དང་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་རྣམས་མཇལ་ནས་དབང་ཁྲིད་མང་དུ་གསན། དགུང་ལོ་སོ་གསུམ་ནས་སོ་ལྔའི་བར་མི་ཉག་གི་ཡུལ་དང་འཇང་ཡུལ་གླིང་ཡུལ་རྣམས་སུ་ཕེབས་ཏེ། དེ་དག་གི་རྒྱལ་པོ་རྣམས་དང་ཡོན་མཆོད་དུ་གྱུར། རབ་བྱུང་དགུ་བརྒྱ་ཙམ་བསྒྲུབས། རིས་མེད་ཀྱི་བུ་སློབ་རྣམས་ལ་མོས་པ་དང་བསྟུན་པའི་དབང་ལུང་བཤད་ཁྲིད་རྒྱ་ཆེར་བསྩལ། དགུང་ལོ་སོ་དྲུག་པར་རང་ཡུལ་དུ་ཕེབས་ནས་སྒྲུབ་པར་བཞུགས། དེ་ནས་ཉེ་གནས་ཚུལ་ཁྲིམས་རིན་ཆེན་དང་རྡོ་རྗེ་རྒྱལ་མཚན་གཉིས་ཕྱག་ཕྱིར་ཁྲིད་དེ་གནས་ཀཿཐོག་འཚོལ་གྱིན་བྱོན་པས་ཀཿམཐིལ་དུ་ཐོག་མར་སླེབས། བཻ་རོའི་སྒྲུབ་ཕུག་ཏུ་སྒྲུབ་པ་མཛད་པས་རྟགས་མཚན་བཟང་པོ་བྱུང་། ཧོར་པོ་ཡུལ་སྡེའི་དཔོན་དགེ་ལུ་ཟེར་བ་དེ་དང་ལས་སྨོན་རྟེན་འབྲེལ་གྱིས་མཆོད་གནས་སུ་གྱུར། ཧོར་པོའི་གཞོན་ནུ་བརྒྱ་ཁ་ལྷག་རབ་ཏུ་བྱུང་བར་མཛད། དགུང་ལོ་སོ་བརྒྱད་པ་ས་མོ་ཡོས་སྤྱི་ལོ་ ༡༡༥༩ ལོར་བསྟན་པ་སྐྱོང་བའི་ཐུགས་བཞེད་ཡོངས་སུ་སྨིན་པས། གནས་ཡུལ་ཀཿཐོག་ཏུ་གདན་ས་ཕྱག་འདེབས་པའི་གཙུག་ལག་ཁང་བཞེངས་པར་བརྩམས་པ་ན། བོན་གྱི་ཐ་ཚིག་ལ་གནས་པའི་རྡོ་གཉན་རྨན་བུས་གཟུགས་དངོས་སུ་བསྟན་ནས་སྒོ་སྣ་ཚོགས་ཀྱིས་བར་ཆད་བྱས་པ་ལ། རྗེ་དཔོན་སློབ་གསུམ་གྱིས་རྗེས་འདེད་ཀྱིས་དགོན་པའི་ཆུ་འགྲམ་དུ་བསྐྱལ་བས་ཅི་གསུང་སྒྲུབ་པའི་ཐ་ཚིག་བོར། ཆོས་ཞུ་བ་སྟོང་ཙམ་རེ་ཡོད་པ་ཐམས་ཅད་ཀྱིས་ཉིན་མོ་ལྷ་ཁང་རྩིག་ཅིང་མཚན་མོ་ཆོས་ཞུ་བ་སོགས་ཀྱིས་རིམ་བཞིན་གཙུག་ལག་ཁང་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ། གྲྭ་པ་བཞི་སྟོང་ལ་ཉེ་བར་དགེ་ཚུལ་བསྒྲུབས། མདོ་དང་སྒྱུ་འཕྲུལ་བདེ་མཆོག་དུས་འཁོར་ཀྱེ་རྡོར་སོགས་ཀྱི་སྒྲུབ་མཆོད་མང་དུ་བཙུགས། སྲིབ་རིར་བཤད་གྲྭ་དང་ཉིན་རིར་སྒོམ་གྲྭ་བཙུགས་ཤིང་། དགེ་སློང་སྟོང་ཕྲག་ཉེ་བར་བསྒྲུབས། དབྱར་དུས་བཤད་གྲྭ་བ་རྣམས་ལ་གཞུང་ལུགས་བཤད་ཁྲིད་དང་དགུན་དུས་སྒོམ་གྲྭ་བ་རྣམས་ལ་དབང་ཁྲིད་གདམས་ངག་གནང་། ལོ་གསུམ་གྱི་རིང་གསར་རྙིང་རིས་སུ་མ་ཆད་པའི་དབང་དང་གདམས་ཁྲིད་མན་ངག་སོགས་གདུལ་བྱ་རང་རང་གི་བློ་ཚོད་དང་བསྟུན་པའི་ཆོས་ཀྱི་འཁོར་ལོ་ཆེན་པོར་བསྐོར། སྐལ་ལྡན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལྟར་བྱོན་པ་ལས་ཉི་ཟླ་ལྟར་མངོན་པར་མཐོ་བ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་མཁན་པོ་གྲགས་ཡེ་གཉིས། གཞན་ཡང་འོད་ལུས་གྲུབ་པའི་སློབ་མ་ལྔ། ཐོས་པས་ཆོག་པའི་དགེ་སློང་གསུམ། མཆོག་དང་ཉེ་བ་བཅུ། བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག་སོགས་བྱོན། གངས་ཅན་ལྗོངས་འདིར་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་གྲྭ་ཞེས་མཁས་པ་དང་གྲུབ་པ་འབུམ་གྱི་འབྱུང་གནས་ཐུབ་བསྟན་མཛེས་པར་བྱེད་པའི་རྒྱན་དུ་གྱུར་པས་གྲགས་པའི་བ་དན་ས་གསུམ་དུ་ཁྱབ་པ་བྱུང་། དམ་པ་འདིས་མཛད་པའི་གསུང་འབུམ་པོད་བཅུ་དགུ་ལྷག་ཙམ་ཡོད་ཀྱང་ཕལ་ཆེ་བ་ནུབ་པས་ད་ལྟ་ཆེར་མི་བཞུགས། མདོར་ན་མདོ་ཁམས་ཀྱི་ལྗོངས་སུ་མདོ་སྔགས་སྤྱི་དང་ཁྱད་པར་གསང་སྔགས་ཀྱི་བསྟན་པ་གཞིར་བཞེངས་སུ་མཛད་དེ། མཐར་དགུང་ལོ་དོན་གཅིག་པ་ཆུ་ཕོ་བྱི་སྤྱི་ལོ་ ༡༡༩༢ ལོར་དགོངས་པ་ཆོས་སྐུའི་དབྱིངས་སུ་ནུབ་པའི་ཚུལ་བསྟན་ཏོ།།
གཙང་སྟོན་རྡོ་རྗེ་རྒྱལ་མཚན།
གཉིས་པ་དེ་ཉིད་ཀྱི་རྒྱལ་ཚབ་གཙང་སྟོན་པ་རྡོ་རྗེ་རྒྱལ་མཚན་ནི། རབ་བྱུང་གཉིས་པའི་མེ་མོ་སྦྲུལ་སྤྱི་ལོ་ ༡༡༣༧ ལོར་བུ་འབོར་སྒང་གི་ས་ཆ། འབའ་རོང་གཙང་ཆེན་ཟེར་བའི་ཁྱིམ་དུ་སྐུ་བལྟམས། ཆུང་དུས་ནས་རང་ཡུལ་དུ་འབྲི་ཀློག་སོགས་ལ་ལེགས་པར་བསླབས། དགུང་ལོ་བཅུ་བདུན་ཐོག་ཚེ་རབས་ཀྱི་བླ་མ་དམ་པ་བདེར་གཤེགས་རིན་པོ་ཆེ་མཇལ་ཏེ་སློབ་གཉེར་དང་ཞབས་ཏོག་ཟུང་འབྲེལ་མཛད། དགུང་ལོ་ཉེར་གཅིག་ཐོག་འབྲི་ཏི་ར་མདོའི་དགོན་དུ་བཞུགས། ཉེར་གསུམ་པར་བླ་མ་བདེ་བར་གཤེགས་པ་དང་ལྷན་དུ་ཀཿཐོག་འཚོལ་བར་བྱོན། གཙུག་ལག་ཁང་བཞེངས་པའི་ཐུགས་འགན་གཙོ་བོ་བཞེས། ཐོས་བསམ་གྱི་སྒྲོ་འདོགས་དང་གདམས་ངག་གི་ཞུན་ཐར་བཅད། བསྙེན་སྒྲུབ་སྒོམ་པའི་རྟགས་ཚད་བརྙེས། བླ་མ་བདེ་བར་གཤེགས་པའི་ཉམས་སྣང་ལ་དམ་པ་འདི་ཉིད་སྐྱེས་བུ་ཆེན་པོ་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་ལ་གནས་པར་གཟིགས། དེ་ཙམ་ན་དཔལ་ཧེ་རུ་ཀ་དང་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་། དཔལ་ལྡན་ལྷ་མོ་དང་ནག་པོ་ཆེན་པོ་སོགས་ཀྱི་ཞལ་གཟིགས། ལོ་ཙཱ་བ་ཡེ་ཤེས་མཆོག་སོགས་སྔོན་གྱི་གནས་མང་པོ་དྲན། བླ་མ་བདེ་བར་གཤེགས་པ་འདའ་ཁར་པཎ་ཞུ་དང་བེར་ཐུལ་གནང་སྟེ་སློབ་ཚོགས་ཡོངས་ཀྱི་ནང་ནས་ཐུགས་སྲས་དམ་པར་མངའ་གསོལ། མདོ་དབུས་ཁམས་གསུམ་གྱི་སློབ་མ་སྟོང་ཕྲག་མང་པོ་སྣེ་ལེན་དང་། བརྩེ་བ་ཆེན་པོས་རྗེས་སུ་བཟུང་། རབ་བྱུང་དང་དབྱར་གནས་ཀྱི་མཁན་པོ་མཛད། ཚོགས་སྒྲུབ་ཀྱི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་གནང་། སློབ་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་ཕྱི་འདུལ་བ་དང་མཐུན་པའི་ཀུན་སྤྱོད་དུལ་ཞིང་ངུར་སྨྲིག་རྒྱན་གྱིས་མཛེས། ནང་བྱང་ཆུབ་སེམས་ཀྱིས་རྒྱུད་འབྱོངས་པས་གདུལ་བྱ་རྗེས་སུ་འཛིན་པའི་སྤོབས་པ་མཐོ། གསང་བ་སྔགས་ཀྱི་ལྟ་སྒོམ་རྣམ་པར་དག་པས་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། གྲུབ་མཐའ་རིས་སུ་མ་ཆད་པར་དག་སྣང་ཡུག་གཅིག་ཏུ་བརྡལ་བས་ཀུན་ཀྱི་གཙུག་ན་མངོན་པར་མཐོ།
ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་འཆད་ཁྲིད་གནང་སྐབས། ཁོག་བཀྲོལ་དང་དོགས་དཔྱོད་གཏིང་ཟབ་མཛད་པས་མཁས་དབང་ཀུན་ཀྱི་ཡིད་ཕྲོགས། དགུང་ལོ་ང་དྲུག་ནས་དགུ་བཅུའི་བར་གདན་ས་བསྐྱངས། ཀཐོག་པ་ཆོས་རྗེ་རིན་པོ་ཆེ་ཞེས་གངས་ཅན་གྱི་ལྗོངས་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ། རྗེ་སྤོམ་བྲག་པས་ཀཿཐོག་པ་ཆོས་རྗེ་རིན་པོ་ཆེའི་སྙན་གྲགས་ལ་མ་བཟོད་ནས་དགོངས་པ་བརྟགས་པས་ཐུགས་རབ་ཏུ་འཚེངས་ཏེ། ཆོས་རྗེ་རིན་པོ་ཆེ་ལས་སྒྱུ་འཕྲུལ་གྱི་དབང་གསན་པ་སོགས་ཀྱིས་ཐུགས་ཡིད་གཅིག་ཏུ་འདྲེས། དེ་ནས་དགུང་གྲངས་དགུ་བཅུར་བཞེས་པ་མེ་ཕོ་ཁྱི་སྤྱི་ལོ་ ༡༢༢༦ ལོར་ཐུགས་ཀྱི་སྲས་བྱམས་པ་རིན་པོ་ཆེ་ལ་གདན་ས་གཏད་དེ་ཞི་བར་གཤེགས།
བྱམས་པ་འབུམ།
གསུམ་པ་དེ་ཉིད་ཀྱི་རྒྱལ་ཚབ་གསང་བདག་ཆེན་པོ་བྱམས་པ་འབུམ་ནི། རབ་བྱུང་གསུམ་པའི་ས་མོ་ཕག་སྤྱི་ལོ་ ༡༡༧༩ ལོར་འབྲི་རྫ་ཟལ་མོ་སྒང་དུ་རྔུ་པའི་རུས་ལས་འཁྲུངས། ཆོས་རྗེ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་། དགུང་ལོ་ཞེ་བརྒྱད་པར་བླ་མ་དམ་པ་བདེར་གཤེགས་དང་ཆོས་རྗེ་གཙང་སྟོན་གཉིས་ཀྱིས་གཙོས་གཞན་ཡང་བླ་མ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཚུལ་རྒྱ་མཚོར་གསན་བསམ་མཐར་ཕྱིན་པར་མཛད།
ཁྱད་པར་དུ་དེ་ནས་བཟུང་གདན་སར་ཞུགས་པས་ཆོས་རྗེ་རིན་པོ་ཆེ་ལས་བཀའ་བསྟན་མདོ་རྒྱུད་དང་བཅས་པ། སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་གཞུང་བཤད་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན། མཁས་པ་དང་གྲུབ་པའི་ཡོན་ཏན་ཡོངས་སུ་རྫོགས། ཆོས་རྗེ་རིན་པོ་ཆེའི་གདན་སར་དགུང་ལོ་ཉི་ཤུ་རྩ་དྲུག་གི་རིང་བསྟན་པ་བསྐྱངས། སྟོད་སྨད་ཕྱོགས་ཀྱི་དགེ་འདུན་པ་སྟོང་ཕྲག་མང་པོ་རབ་ཏུ་བྱུང་བར་མཛད།
མདོ་སྔགས་གཞུང་ཆེན་སྤྱི་དང་ཁྱད་པར་སྔགས་རྙིང་མ་མདོ་སྒྱུ་སེམས་གསུམ་གྱི་བཀའ་སྲོལ་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པ་བླ་མ་དམ་པ་བདེར་བཤེགས་ཀྱི་ཕྱག་སྲོལ་ལྟར་ཤིན་ཏུ་དར་ཞིང་རྒྱས་པར་མཛད། གསང་བདག་བྱམས་པ་རིན་པོ་ཆེས་མཁན་པོ་དང་བསོད་ནམས་འབུམ་གྱིས་སློབ་དཔོན་མཛད་དེ་ཀརྨ་པཀྵི་དང་ཧོར་ཐར་པ་གཉིས་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྒྲུབས། སློབ་མའི་གཙོ་བོ་བསོད་ནམས་འབུམ་གདན་སར་བསྐོས། གཞན་ཡང་སྔོན་གྱི་སྨོན་ལམ་བཟང་པོས་མཚམས་སྦྱར་བའི་ཞལ་སློབ་ཐོས་པས་ཆོག་པའི་ཤེས་རབ་རྣམ་གསུམ་དུ་གྲགས་པ། ཚ་ཁོ་ས་མང་བ་ཤེས་རབ་རྒྱལ་མཚན་དང་། ཤེས་རབ་དཔལ། ཁྲོ་སྐྱབས་པ་ཤེས་རབ་རྡོ་རྗེ་གསུམ་སོགས་དགོངས་པ་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ཞིང་ཀཿཐོག་པའི་ཆོས་བརྒྱུད་ཤིན་ཏུ་དར་བར་མཛད་པའི་སྐྱེས་བུ་བྱུང་། དགུང་ལོ་དོན་བཞི་པ་ཆུ་ཕོ་བྱི་སྤྱི་ལོ་ ༡༢༥༢ ལོར་ཞི་བར་གཤེགས།
དེ་ལྟར་ཆོས་རྗེ་ཡབ་སྲས་འདི་གསུམ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་དང་། ནོར་བུའི་སྙིང་པོ། ཟླ་བའི་སྙིང་པོ་ཞེས་བྱ་བའི་མཚན་བཟུང་ནས་རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་མཐར། བསྐལ་པ་སྐར་མ་བཀྲམས་པའི་ཞིང་དུ་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དང་། འོད་ཟེར་རབ་འཕྲོ། སེང་གེ་གཞོན་ནུ་རྣམས་ཀྱི་མཚན་ཅན་དུ་རིམ་པར་འཚང་རྒྱ་བའི་ལུང་བསྟན་དངོས་སུ་ཐོབ་ཡོད་པར་གསུངས།
ཁུངས་གཏུག་སའི་ཡིག་ཆ།
༡ རྒྱལ་བ་ཀཿཐོག་པའི་ལོ་རྒྱུས་མདོར་བསྡུས། མཁན་ཆེན་འཇམ་དབྱངས་རྒྱལ་མཚན་གྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་པར་མ།
༢ ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས། བདུད་འཇོམས་རིན་པོ་ཆེས་མཛད།
[1] བུ་འབོར་སྒང་། ཞེས་འབྲི་སྲོལ་ཡང་མཆིས།
[2] བོད་དབུས་ལྷུན་གྲུབ་རྫོང་གི་བྱང་ཤར་རྒྱུད་དུ་ཡོད་པའི་ས་ཆ།
[3] ལྷ་སའི་གྲོང་ཁྱེར་གྱི་བྱང་ངོས་འཕན་ཡུལ་ངན་ཆུའི་ཆུ་རྒྱུད་ཀྱི་ཡུལ་མིང་།