སྟོང་པ་རེད། «བཙུན་ཆུང་ཞིག་ལ་བྲིས་པ།»

སློབ་དཔོན་ཚེ་དབང་རྡོ་རྗེ།


བདག་ཅག་སངས་རྒྱས་པ་ཡི་རྗེས་འཇུག་སྐད།།
ཕྱི་ནས་སངས་རྒྱས་ན་བཟའི་གོས་བཀླུབས་ནས།།
ཁོག་ཏུ་ཆགས་སྡང་དུག་ལྔའི་རྙོག་བསླངས་ན།།
བཙུན་པའི་བཙུན་ཚུགས་འདི་ཡང་སྟོང་པ་རེད།།


སྐྲ་དང་ཁ་སྤུ་སྤུ་གྲིའི་སོ་ཁར་བྱིན།།
འཇིག་རྟེན་ཁྱིམ་གྱི་ཞིང་ཁམས་སྤངས་བརྗོད་ཀྱང་།།
སྙིང་ནས་ཚེ་འདིའི་ཞེན་པ་མ་ལོག་ན།།
བཙུན་པའི་བཙུན་ཚུགས་འདི་ཡང་སྟོང་པ་རེད།།


སྒོམ་ཐུན་ལག་ལེན་མེད་པའི་ཁ་བཤད་ཀྱིས།།
ཆེ་དང་ཁེ་གྲགས་ཁོ་ན་སྒྲུབ་པ་ལས།།
བར་དོ་ཕྱི་མའི་ལམ་ཆེན་མ་གཉེར་ན།།
བཙུན་པའི་བཙུན་ཚུགས་འདི་ཡང་སྟོང་པ་རེད།།


རྐང་ལག་གནམ་ས་བརྡབས་པའི་ཐལ་སྒྲའི་ཁྲོད།།
བཅུ་ཕྲག་རིག་གཞུང་རྡུལ་དུ་བརླག་ཏུ་བས།།
རང་རྒྱུད་འདུལ་བའི་ཡོན་ཏན་མ་ཐོབ་ན།།
བཙུན་པའི་བཙུན་ཚུགས་འདི་ཡང་སྟོང་པ་རེད།།


དུས་ཀྱི་ལོ་ཟླའི་ཁྲོད་ཀྱི་ཆོས་ར་ནས།།
འཆད་རྩོད་རྩོམ་པའི་ནོར་གྱིས་ཕྱུག་ན་ཡང་།།
མན་ངག་ཡིད་བཞིན་ནོར་མཆོག་མ་རྙེད་ན།།
བཙུན་པའི་བཙུན་ཚུགས་འདི་ཡང་སྟོང་པ་རེད།།


ཉིན་མཚན་བརྒལ་བརྟག་རིགས་པའི་འཕྲུལ་འཁོར་གྱིས།།
ལྐོག་གྱུར་རྣམ་ཤེས་ཕྱི་ནས་འཚོལ་བ་ལས།།
རིག་པའི་མཛུབ་མོ་ནང་དུ་མ་བཀུག་ན།།
བཙུན་པའི་བཙུན་ཚུགས་འདི་ཡང་སྟོང་པ་རེད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།