སེར་ཤུལ་རབ་གསལ།
དོ་ནུབ་སྔར་བཞིན་ང་ནི་ཁེར་རྐྱང་ཡིན།།
སྐད་དང་རྡོག་སྒྲ་མེད་ལ་དབེན་གནས་ཡིན།།
སྔས་མགོའི་གློག་སྒྲོན་ཡིབས་ནས་ཡུན་རིང་ཡིན།།
ད་དུང་ཉི་འོད་ཤར་བའི་ཞོགས་པ་ལྟར།།
ད་ལྟ་བདག་གི་འགྲམ་ལ་སུ་ཡང་མེད།།
དུས་ཚོད་ཡུན་གྱིས་འགྲོ་བའི་ཐག་སྒྲ་དེ།།
རྒྱུན་དུ་ཁོ་བོར་འདྲིས་པའི་སྒྲ་དེ་རེད།།
དོ་ནུབ་ལྷིང་འཇགས་མིན་པ་སུ་ཡིས་ལན།།
སྒོ་དང་སྒེའུ་ཁུང་བར་གྱི་དཀར་ཆ་འདི།།
ཟླ་བ་ཐད་ནས་འགྲོ་བའི་འོད་ཅིག་རེད།།
དེ་ཡང་ལོ་ཟླ་དུ་མའི་གོམས་གཤིས་ཡོད།།
དོ་ནུབ་མ་གཉིད་ཟེར་མཁན་སུ་ཞིག་རེད།།
ཤེས་རབ་འོད་སྟོང་འཕྲོ་བའི་ལྷ་ཆེན་གྱིས།།
གཟུངས་སྔགས་ཟབ་མོ་ཟློ་བཞིན་མིག་ཟུང་བཙུམས།།
ད་དུང་སེམས་ཀྱི་རྟ་ཕོ་རི་ལ་ཤོར།།
དོ་ནུབ་སུ་ཡིས་ང་རང་འབོད་ཀྱིན་ཡོད།།
ཡིད་ཀྱི་མེ་ལོང་ངོས་སུ་འདྲ་ཞིག་ཤར།།
དེ་ནི་དོ་ནུབ་གཅིག་པུའི་དམིགས་བསལ་མིན།།
ཡང་ན་རྒྱང་ནས་ཐོས་པའི་སྐད་ངག་དེས།།
ཁོ་བོའི་དྲན་པ་གཏིང་ནས་བཟི་བ་འདྲ།།