སྤྱི་ལོ་ ༢༠༡༨ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།


གྲྭ་ཚང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག


བོད་རྒྱལ་ལོ་ ༢༡༤༤ ཟླ་བ་ ༡༡ ཚེས་ ༠༤ སྤྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༢༢ ཉིན་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་ཉམས་གསོ་ལེགས་པར་གྲུབ་པའི་རྟེན་འབྲེལ་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་གནང་ཡོད།
བོད་རྒྱལ་ལོ་ ༢༡༤༤ ཟླ་བ་ ༡༢ ཚེས་ ༡༨ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༢ ཚེས་ ༠༣ ཉིན་སྔར་སྲོལ་ལྟར་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་ཀློང་ཆེན་པའི་འདས་མཆོད་འཚོགས།
སྤྱི་ཟླ་ ༠༢ ཚེས་ ༡༠ ཉིན་ནས་བཟུང་དགུ་གཏོར་ཆེན་མོ་དབུ་བཙུགས་ཏེ་ཕུར་པ། གུར་དྲག སེང་གདོང་། བཀའ་བརྒྱད་སོགས་ཀྱི་སྒོ་ནས་དགུ་གཏོར་འཚོགས་ཤིང་། སྤྱི་ཚེས་ ༡༤ ཉིན་མནན་བསྲེགས་འཕངས་གསུམ་དང་དགུ་གཏོར་གྱི་འཆམ་སྣ་ཁག་བདུན་མཇལ་ཁ་དང་། སྤྱི་ཚེས་ ༡༥ ཉིན་ཚེ་ཆོག་འཆི་བསླུ་དང་བཅས་བོད་རྒྱལ་ལོ་ ༢༡༤༤ ལོའི་མཛད་རིམ་མཐའ་གྲུབ།
བོད་རྒྱལ་ལོ་ ༢༡༤༥ བོད་ཟླ་ ༠༡ ཚེས་ ༠༡ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༢ ཚེས་ ༡༦ གནམ་ལོ་གསར་དུ་ཚེས་པའི་ཉིན། སྔ་དྲོ་ཆུ་ཚོད་ལྔ་པའི་ཐོག་ཆོས་རྔ་ཆེན་པོའི་སྒྲས་བསྐུལ་ཏེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་གཙོས། མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་རྫོགས་གཙུག་ལག་ཁང་ཆེན་མོའི་ནང་ཚོགས་གྲལ་དུ་འཁོད་རྗེས། གསེར་ཀོང་ཆེན་མོའི་སྣང་གསལ་མར་མེ་བསྒྲོན་པ་དང་། བཀྲ་ཤིས་བརྒྱད་པ་དང་ཐུབ་ཆོག་བྱིན་རླབས་གཏེར་མཛོད་སོགས་གསུངས་རྗེས་སེར་སྐྱ་འདུས་མང་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་བཅས་ཀྱི་བཞུགས་ཁྲིའི་མདུན་མཇལ་དར་ཕུལ་ཅིང་། སྔར་སྲོལ་བཞིན་ཉིན་གསུམ་རིང་ལོ་གསར་རྟེན་འབྲེལ་སྲུང་བརྩི་བྱས་ཡོད།
སྤྱི་ཟླ་ ༠༢ ཚེས་ ༢༣ ཉིན་ནས་དཔལ་ཡུལ་སྒྲུབ་ཆེན་དབུ་བཙུགས་ཏེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་གཙུག་ལག་ཁང་ཆེན་མོའི་ནང་ཐུགས་སྒྲུབ་དཔལ་ཆེན་འདུས་པ་དང་། དེ་བཞིན་ཚོགས་ཁག་གཞན་རྣམས་ཀྱིས་ཚེ་ཆོག ཕུར་པ། ཞི་ཁྲོ། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ། དགྲ་ལྷ་བསང་མཆོད་བཅས་འཚོགས་ཤིང་། སྤྱི་ཚེས་ ༢༥ ཉིན་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་དང་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་མཇལ་ཁ་གནང་།
སྤྱི་ཟླ་ ༠༣ ཚེས་ ༠༢ ཉིན་ཚེ་ལྷ་རྣམ་གསུམ་གྱི་གོས་སྐུ་མཐོང་གྲོལ་ཆེན་མོ་དང་འཆམ་ཆེན་སྣ་ལྔ་མཇལ་ཁ་གནང་རྗེས་མི་མང་ཡོངས་ལ་སྒྲུབ་དབང་བསྩལ་ཅིང་མར་མེའི་སྨོན་ལམ་གྱི་སྒོ་ནས་སྒྲུབ་ཆེན་མཐའ་གྲུབ་ཡོད།
སྤྱི་ཟླ་ ༠༣ ཚེས་ ༠༤ ཉིན་ནས་བཟུང་ཟླ་བ་གཅིག་གི་རིང་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་རྣམ་གསུམ་ཞེས་སྔོན་འགྲོ། རྩ་རླུང་། རྫོགས་ཆེན་གསུམ་དབུ་བཙུགས་ཤིང་། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་སྔོན་འགྲོའི་ཆོས་ཁྲིད་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་རྩ་རླུང་དང་རྫོགས་ཆེན་གཉིས་ཀྱི་ཆོས་ཁྲིད་གནང་ཡོད། སྤྱི་ཟླ་ ༠༤ ཚེས་ ༠༣ ཉིན་ཚོགས་འཁོར་གཏང་རག་དང་བཅས་ཏེ་མཐའ་གྲུབ།
སྤྱི་ཟླ་ ༠༣ ཚེས་ ༢༥ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམས་ལ་སྤྱི་ལོ་ ༢༠༡༧ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་བྱེད་པའི་དུས་དང་བསྟུན་གྲྭ་ཚང་རྒྱུན་ལས་ཀྱི་ལས་བྱེད་ཆེ་ཕྲ་འགའ་ཞིག་འཕོ་ལེན་བྱས་ཡོད།
བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༣ ཚེས་ ༡༠ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༤ ཚེས་ ༢༥ ཉིན་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་རྣམ་གྲོལ་གླིང་དུ་ཞབས་སོར་འཁོད་པར་གྲྭ་བཙུན་འདུས་ཚོགས་ཡོངས་ནས་སེར་སྦྲེངས་ཀྱིས་སྣེ་དྲངས་ཏེ་གཙུག་ལག་ཁང་ཆེན་མོའི་ནང་གདན་འདྲེན་ཞུས་ཤིང་། བཀྲ་ཤིས་བརྒྱད་པ་དང་གནས་བརྟན་ཕྱག་མཆོད་བཅས་སྐུ་གསུམ་མཎྜལ་འདེགས་འབུལ་ཞུས།
མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་ནས་ཐུགས་འགན་རྒྱ་ཆེར་བཞེས་ཏེ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་གང་གི་སྐུ་གདུང་མཆོད་རྟེན་ཆེན་མོ་གསར་བཞེངས་ལེགས་པར་གྲུབ་པར་བརྟེན། བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༣ ཚེས་ ༡༤ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༤ ཚེས་ ༢༨ ཉིན་ཟངས་མདོག་དཔལ་རིའི་འོག་གི་འདུ་ཁང་ནང་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གྲྭ་བཙུན་འདུས་ཚོགས་ཡོངས་ཀྱིས་བླ་མ་རིག་འཛིན་འདུས་པའི་ཆོ་གའི་སྒོ་ནས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཆོག་གི་སྐུ་གདུང་མཆོད་རྟེན་ཆེན་མོར་རབ་གནས་གནང་ཡོད།
སྤྱི་ཚེས་ ༢༩ ཉིན་སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེས་སྐུ་གདུང་མཆོད་རྟེན་ཆེན་མོ་དབུ་འབྱེད་མཛད་སྒོ་གནང་སྟེ་སེར་སྐྱ་མི་མང་ཡོངས་ལ་གདུང་རྟེན་ཆེན་མོ་མཇལ་ཁ་བསྩལ།
སྤྱི་ཚེས་ ༣༠ ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དང་། དབུ་འཛིན་མཆོག་སྤྲུལ་རྣམ་གཉིས་མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་དབུ་བཞུགས་ཐོག་འདུས་ཚོགས་ཡོངས་ནས་བླ་མ་རིག་འཛིན་འདུས་པའི་ཚོགས་འཁོར་ཕུལ་བ་དང་། ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་མཁན་ཐོག་བདུན་པར་སོན་པའི་མཁན་པོ་ ༡༦༣ དང་། གཞན་ཡང་སྤྲུལ་སྐུ་ ༤ བླ་མ་རྡོ་རྗེ་སློབ་དཔོན་ ༢༡ བཅས་ཁྲི་འདོན་མངའ་གསོལ་རྒྱས་པར་མཛད་ཡོད་ཅིང་། ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་ཐོག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་ཚེ་དབང་བསྩལ་གནང་བ་དང་། རྣམ་གླིང་འདུས་ཚོགས་ཡོངས་ནས་༸སྐྱབས་རྗེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མཎྜལ་གཏང་རག་འདེགས་འབུལ་ཞུས་ཡོད།
སྤྱི་ཟླ་ ༠༥ ཚེས་ ༠༡ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གཙུག་ལག་ཁང་ཆེན་མོའི་ནང་དུ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་གིས་སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་བསྒྲུབས་གནང་མཛད་དེ། ཉིན་རྒྱབ་ཆུ་ཚོད་ ༡ ཐོག་སེར་སྐྱ་འདུས་མང་ཡོངས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་གི་སྟ་གོན་དང་དངོས་གཞི་བསྩལ།
སྤྱི་ལོ་ ༢༠༡༨ ཟླ་བ་ ༠༥ ཚེས་ ༠༣ ཉིན་ནས་དབུ་བཙུགས་ཏེ་སྔར་སྲོལ་ལྟར་གཙུག་ལག་ཁང་ཆེན་མོའི་འོག་ཏུ་ཟླ་བ་དྲུག་གི་རིང་ལ་འབུམ་ལྔ་བསགས་སྦྱང་གནང་མཁན་དགེ་འདུན་པ་ ༦༡ མི་སྐྱ་ ༥༩ ཁྱོན་བསྡོམས་སེར་སྐྱ་ ༡༢༠ ནས་གནམ་ཆོས་སྔོན་འགྲོའི་འབུམ་ལྔ་བསགས་སྦྱང་གནང་བཞིན་ཡོད།
སྤྱི་ལོ་ ༢༠༡༨ ཟླ་བ་ ༠༥ ཚེས་ ༡༩ སྔ་དྲོའི་ཆར་བཀའ་མའི་སྒྲུབ་མཆོད་ཀྱི་ས་ཆོག་དང་འབྲེལ་ཉིན་གུང་རྩ་འཆམ་ཆེན་མོའི་མཇལ་ཁ་གནང་། སྤྱི་ཚེས་ ༢༠ ཉིན་སྔ་དྲོའི་ཆར་ཐིག་ཆོག་དང་། སྤྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ནས་རྒྱན་འགོད་ཀྱིས་སྒྲུབ་མཆོད་དངོས་གཞི་དབུ་བཙུགས་ཏེ། མཁན་སྤྲུལ་གྱང་ཁང་རིན་པོོ་ཆེ་དབུ་བཞུགས་ཐོག་གཙུག་ལག་ཁང་ཆེན་མོའི་ནང་དུ་མདོ་ཚོགས་ཆེན་འདུས་པ། ཚོགས་ཁག་གཞན་རྣམས་ཀྱིས་སྒྱུ་འཕྲུལ་ཞི་བ། སྒྱུ་འཕྲུལ་ཁྲོ་བོ། སངས་རྒྱས་མཉམ་སྦྱོར། གཤིན་རྗེ། རོང་ཕུར། ཡང་དག་བཅས་སྔ་འགྱུར་བཀའ་མའི་སྒྲུབ་ཁག་བདུན་དང་། གཞན་ཡང་རཏ་གླིང་ཕུར་པ། ཀར་གླིང་ཞི་ཁྲོ། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ། དགྲ་ལྷ་བསང་མཆོད་སོགས་འཚོགས་ཡོད།
སྤྱི་ཚེས་ ༢༤ ཉིན་སྟོན་མཆོག་ཐུབ་པའི་དབང་པོའི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་དང་། སྤྱི་ཚེས་ ༢༧ ཉིན་སུ་ར་ཏོ་བཅུ་དྲུག་གི་གར་འཆམ་དང་། སྤྱི་ཚེས་ ༢༨ ཉིན་ཁྲོ་འཆམ་མཇལ་ཁ་གནང་ཡོད། སྤྱི་ཚེས་ ༢༩ ཉིན་སྔ་དྲོའི་ཆར་ཕྱོགས་བཞིར་ལས་བཞིའི་སྦྱིན་སྲེག་གནང་སྟེ་ཉིན་རྒྱབ་སྒྲུབ་པའི་དངོས་གྲུབ་དང་འབྲེལ་སེར་སྐྱ་མི་མང་ཡོངས་ལ་སྒྲུབ་དབང་གནང་རྗེས་མར་མེའི་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་ལོ་འདིའི་བཀའ་མའི་སྒྲུབ་མཆོད་ཆེན་མོ་ཡོངས་སུ་མཐའ་གྲུབ།
དེ་མཚུངས་སྤྱི་ཟླ་ ༠༥ ཚེས་ ༢༢ ནས་དབུ་བཙུགས་ཏེ། སྤྱི་ཚེས་ ༢༩ བར་ཉིན་བརྒྱད་རིང་ལ་མགོན་པོའི་སྒྲུབ་པ་འཚོགས་ཤིང་། སྤྱི་ཚེས་ ༢༩ ཉིན་མནན་བསྲེགས་འཕངས་གསུམ་གྱི་སྒོ་ནས་མཐའ་གྲུབ།
སྤྱི་ལོ་ ༢༠༡༨ ཟླ་བ་ ༠༥ ཚེས་ ༢༣ དགོང་མོར་གཙུག་ལག་ཁང་ཆེན་མོའི་འོག་ཏུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་རྣམ་གྲོལ་གླིང་སྤྱི་ཡི་རྩིས་ཁྲ་གསལ་བཤད་དང་། མཇུག་ཏུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་ལེགས་ཉེས་བླང་དོར་གྱི་བཀའ་སློབ་ཀྱང་གནང་ཡོད།
སྔར་སྲོལ་ལྟར་གྲྭ་ཚང་གི་ཕུར་པ་ལྷ་ཁང་ནང་ད་ལོའི་བོད་ཟླ་ ༠༡ ཚེས་ ༠༨ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༢ ཚེས་ ༢༣ ནས་དབུ་བཙུགས་ཏེ་བོད་ཟླ་ ༡༢ པའི་ཚེས་ ༣༠ སྤྱི་ལོ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༠༤ བར་ལོ་འཁོར་མོ་གཅིག་རིང་ཟླ་དྲུག་སྔ་མའི་རིང་ཕུར་བསྙེན་དང་། ཟླ་དྲུག་ཕྱི་མའི་རིང་ཕུར་བཟློག་བཅས་འཚོག་བཞིན་ཡོད།


སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག


སྤྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༠༤ བོད་རྒྱལ་ལོ་ ༢༡༤༤ ཟླ་བ་ ༡༡ ཚེས་ ༢༢ ཉིན་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་ཉམས་གསོ་ལེགས་པར་གྲུབ་པ་དང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བསླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་བདུན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གདན་དྲངས་ནས། མཛད་སྒོའི་དབུ་བཞུགས་ཐོག་སྒོ་འབྱེད་རབ་གནས་མཛད་པ་དང་སྟབས་བསྟུན། སྤྱི་ལོ་ ༢༠༡༡ ནས་ ༢༠༡༧ བར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་ ༤༤༣ དང་།
དེ་བཞིན་སྤྱི་ལོ་ ༢༠༡༡ ནས་ ༢༠༡༧ བར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་ ༨༨ བཅས་བསླབ་པ་མཐར་སོན་པ་གྲངས་ ༥༣༡ བཅས་ལ་«ངེས་གསང་ལེགས་བཤད་མཛོད་འཆང་»གི་ཕྱག་ཁྱེར་གནང་ཡོད།
སྤྱི་ལོ་ ༢༠༡༨ ཟླ་ ༠༡ ཚེས་ ༠༧ ནས་བཟུང་ཉིན་གྲངས་བདུན་གྱི་རིང་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་ཐོག་ཁང་དུ་སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་ཆེན་པདྨ་ཤེས་རབ་མཆོག་ནས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སློབ་གཉེར་བ་གྲངས་ ༡༤༢ ལ་བསྙེན་རྫོགས་ཀྱི་སྡོམ་པ་དང་། སློབ་གཉེར་བ་ ༡༤༦ ལ་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་། དེ་བཞིན་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་གྲངས་ ༤༢ ལ་དགེ་ཚུལ་གྱི་སྡོམ་པ་གནང་གྲུབ་རྗེས། རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དགེ་འདུན་ ༠༥ ལ་བསྙེན་རྫོགས་ཀྱིི་སྡོམ་པ་དང་། གཞན་དགེ་འདུན་པ་ ༡༥ ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་དང་། སྔ་འགྱུར་སྟག་ཤམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དགོན་གྱི་དགེ་འདུན་པ་ ༡༥ ལ་དགེ་ཚུལ་གྱི་སྡོམ་པ་གནང་ཡོད་པ་བཅས། མཁན་ཆེན་མཆོག་ནས་ཐེངས་འདིར་དགེ་འདུན་དང་བཙུན་མ་གྲངས་ཁྱོན་བསྡོམས་ ༣༦༥ ལ་དགེ་ཚུལ་སློང་གི་སྡོམ་པ་གནང་བའི་མཛད་ཕྲིན་བསྐྱངས་ཡོད།
སྔར་སྲོལ་ལྟར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དགུན་ཁའི་གུང་སེང་ཟླ་བ་གཉིས་པོ་མཐའ་གྲུབ་ནས་བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༠ ལ་སླར་ཡང་དབུ་བཙུགས། ཉིན་དེར་ད་ལོ་སྤྱི་ལོ་ ༢༠༡༨ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་གསར་ཞུགས་གནང་མཁན་གྱི་སློབ་གཉེར་བ་རྣམས་ཀྱིས་ངག་རྒྱུགས་ཕུལ་ཅིང་།
དགོང་མོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་རྣམས་ཚང་འཛོམས་ཐོག བཀྲ་ཤིས་བརྒྱད་པ་དང་འབྲེལ་ཏེ་ཤིས་སྨོན་རྟེན་འབྲེལ་གནང་གྲུབ་རྗེས་དགེ་སྐོས་རྣམ་པས་ལོ་རིམ་སོ་སོའི་སློབ་གཉེར་བའི་མིང་ཐོ་ཚང་བཤེར་གནང་།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ནི་སྤྱི་ལོ་ ༢༠༡༤ ལོར་དབུ་བརྙེས་ཡོད། སྤྱི་ལོ་ ༢༠༡༤ ཟླ་བ་ ༠༣ ནང་ནས་ཞིབ་འཇུག་སློབ་ཐེེངས་དང་པོར་སློབ་མ་བཞི་འཛུལ་ཞུགས་བྱས་ཡོད་ཅིང་། ལོ་དེའི་ཟླ་བ་ ༠༣ ཚེས་ ༢༠ ནས་ ༢༩ བར་ཞིབ་འཇུག་སློབ་སྟོན་པ་དང་ལས་རོགས་ཆེད་ཕེབས་ཀྱིས་ཟབ་སྦྱོང་རིམ་པ་དང་པོ་ཉིན་བཅུའི་རིང་གནང་ནས་ད་བར་ལོ་ངོ་བཞིའི་རིང་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཞིབ་འཇུག་བྱས་ཏེ། སྤྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༠༨ ཉིན་ཞིབ་འཇུག་སློབ་ཐེངས་དང་པོའི་སློབ་མ་བཞི་ཡིས་ཞིབ་འཇུག་ཆེད་རྩོམ་ཐོག་རྒྱུགས་སྤྲོད་གྲུབ་འབྲས་ལེགས་ཐོན་བྱུང་ཡོད།
ཐེངས་འདིའི་ཞིབ་འཇུག་སློབ་ཐེངས་དང་པོའི་སློབ་མ་བཞི་པོའི་བརྗོད་གཞི་ལ་ཐུན་མོང་དུ་རོང་ཟོམ་པས་མཛད་པའི་«སྣང་བ་ལྷར་སྒྲུབ་»དང་། གཞན་སྒེར་སོ་སོའི་བརྗོད་གཞི་ལ་རོང་ཟོམ་ཆོས་བཟང་གིས་མཛད་པའི་«ཐེག་ཆེན་ཚུལ་འཇུག» གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་«བསམ་གཏན་མིག་སྒྲོན།» ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་«བཀའ་ཡང་དག་པའི་ཚད་མ།» ཞང་ཡེ་ཤེས་སྡེས་མཛད་པའི་«ལྟ་བའི་ཁྱད་པར་»བཅས་ཡིན་ཞིང་།
གཞན་ད་ལྟའི་ཆར་ཡང་ཞིབ་འཇུག་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཞིབ་འཇུག་སློབ་ཐེངས་གཉིས་པའི་སློབ་མ་བཞིས་ཀྱང་མུ་མཐུད་ནས་ཞིབ་འཇུག་གནང་བཞིན་པ་ཡིན།
སྤྱི་ཟླ་ ༠༣ ཚེས་ ༢༡ ཉིན་ད་ལོ་སྤྱི་ལོ་ ༢༠༡༨ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་གསར་ཞུགས་གནང་མཁན་གྱི་སློབ་གཉེར་བ་རྣམས་ཀྱིས་ཡིག་རྒྱུགས་ཕུལ་ཡོད།
ལོ་འདིར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་གསར་ཞུགས་གནང་མཁན་ལས། སྔོན་འགྲོའི་འཛིན་གྲྭར་གསར་ཞུགས་སློབ་གཉེར་བ་ ༡༡༠ དང་། ལོ་རིམ་དང་པོར་ཐད་ཀར་གསར་ཞུགས་གནང་མཁན་སློབ་གཉེར་བ་ ༡༠ བཅས་ལོ་འདིར་མཐོ་སློབ་ཆེན་མོར་གསར་ཞུགས་སློབ་གཉེར་བ་ ༡༢༠ ཕེབས་ཡོད།
སྤྱི་ཟླ་ ༠༣ ཚེས་ ༢༥ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་ཡོངས་ལ་སྤྱི་ལོ་ ༢༠༡༧ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་བྱས་ཡོད། རྒྱུགས་སྤྲོད་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་རྩེ་ཕུད་དུ་སོན་པའི་སློབ་གཉེར་བ་རྣམས་ལ་བྱ་དགའ་གསོལ་རས་དང་། དེ་བཞིན་རྩ་བ་བློ་རྒྱུགས་ལྡེབ་གྲངས་བརྒྱ་ཡན་འབུལ་མཁན་རྣམས་ལ་བྱ་དགའ་གསོལ་རས་བསྩལ། ད་ལོ་སྤྱི་ལོ་ ༢༠༡༨ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་གྲངས་ ༨༠ དང་། མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༢༢ བཅས་བྱུང་ཡོད།
སྤྱི་ཟླ་ ༠༤ ཚེས་ ༠༦ ནས་ ༠༨ བར་ཉིན་གསུམ་རིང་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་གཅིག་རིང་གི་ཞབས་རིམ་ཆེད་དུ་རྒྱལ་བའི་བཀའ་འགྱུར་དག་ཚར་དང་། ཕུར་བཟློག བསང་གསོལ་ཁ་བཅས་འཚོགས་ཡོད།
སྤྱི་ཟླ་ ༠༤ ཚེས་ ༡༠ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དཔེ་ཁྲིད་དངོས་གཞི་དབུ་བཙུགས།
སྤྱི་ཟླ་ ༠༤ ཚེས་ ༡༨ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལས་བྱེད་འཕོ་ལེན་ཉིན་ཁེལ་ཡོད། དགོང་མོའི་ཆར་སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་མཆོག་གི་ཕྱག་ནས་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གསོལ་རས་བསྩལ་གྲུབ་རྗེས། སྤྱི་ལོ་ ༢༠༡༨ ལོའི་ལས་བྱེད་གསར་བསྐོ་དང་། རྟེན་འབྲེལ་མཚོན་ཆེད་ཁ་བཏགས་བཅས་གནང་ནས་རྒྱུན་ལས་ཚོགས་མི་རྙིང་པ་རྣམ་པས་སོ་སོའི་ལོ་གཅིག་གི་ལས་བསྡོམས་ཀྱི་ཚུལ་དུ་བཀའ་སློབ་གནང་།
སྤྱི་ཟླ་ ༠༤ ཚེས་ ༡༩ དགོང་མོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སྤྱི་ལོ་ ༢༠༡༨ ལོའི་རྒྱུན་ལས་ཚོགས་མི་རྣམ་པས་ད་ལོའི་ལོ་གཅིག་རིང་འཛིན་སྐྱོང་བྱེད་ཕྱོགས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཡོད།
བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་ ༡༧ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༤ ཚེས་ ༢༨ ནས་སྤྱི་ཟླ་ ༠༥ ཚེས་ ༠༡ བར་ཉིན་བཞིའི་རིང་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་སྐུ་གདུང་མཆོད་རྟེན་ཆེན་མོ་གསར་བཞེངས་ལེགས་པར་གྲུབ་པའི་རྟེན་འབྲེལ་མཛད་སྒོའི་དུས་ཆེན་དང་སྟབས་བསྟུན། སྤྱི་ཟླ་ ༠༤ ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་ནང་དུ་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་སྤྱི་ལོ་ ༢༠༡༨ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་གྲངས་ ༨༠ དང་། མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༢༢ བཅས་ལ་«ངེས་གསང་ལེགས་བཤད་མཛོད་འཆང་»གི་ཕྱག་ཁྱེར་གནང་ཡོད་པ་དང་། དེ་བཞིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་སྤྱི་ལོ་ ༢༠༡༡ ནས་སྤྱི་ལོ་ ༢༠༡༨ བར་མདོ་འོག་མ་མཐར་སོན་པའི་དགེ་འདུན་གྲངས་ ༦༢༤ ལ་«མཐའ་བྲལ་སྨྲ་བའི་དབང་ཕྱུག་»གི་ཕྱག་ཁྱེར་དང་། སྤྱི་ལོ་ ༢༠༡༡ ནས་སྤྱི་ལོ་ ༢༠༡༨ བར་མདོ་གོང་མ་མཐར་སོན་པའི་དགེ་འདུན་གྲངས་ ༦༣༥ ལ་«ཕར་ཕྱིན་རབ་འབྱམས་»པའི་ཕྱག་ཁྱེར་བཅས་གནང་གྲུབ་རྗེས། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་ནས་སྤྱི་ལོ་ ༢༠༡༡ ནས་སྤྱི་ལོ་ ༢༠༡༨ བར་མདོ་འོག་མ་མཐར་སོན་པའི་བཙུན་མ་གྲངས་ ༡༣༧ ལ་«མཐའ་བྲལ་སྨྲ་བའི་དབང་ཕྱུག་»གི་ཕྱག་ཁྱེར་དང་། སྤྱི་ལོ་ ༢༠༡༡ ནས་སྤྱི་ལོ་ ༢༠༡༨ བར་མདོ་གོང་མ་མཐར་སོན་པའི་བཙུན་མ་གྲངས་ ༡༣༨ ལ་«ཕར་ཕྱིན་རབ་འབྱམས་»པའི་ཕྱག་ཁྱེར་བཅས་གནང་ཡོད།
སྤྱི་ཟླ་ ༠༤ ཚེས་ ༣༠ ཉིན་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་གིས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་སྤྱི་ལོ་ ༢༠༠༤ ནས་སྤྱི་ལོ་ ༢༠༡༤ བར་བསླབ་པ་མཐར་སོན་པ་ལས་མཁན་པོའི་མཚན་གནས་བཞེས་པར་ཆ་རྐྱེན་ཡོངས་སུ་ཚང་བའི་སློབ་དཔོན་གྲངས་ ༡༦༣ ལ་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་ནང་དུ་མཁན་པོར་ཁྲི་འདོན་མངའ་གསོལ་གནང་ཡོད།
ད་ལོ་སྤྱི་ལོ་ ༢༠༡༨ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་རྒྱ་གར་ནང་གི་དགོན་སྡེ་ཁག་སོགས་ལ་དགེ་རྒན་ཆེད་མཁན་སློབ་ ༡༠༦ དང་། འབྲུག་ནང་ ༨༡ བལ་ཡུལ་ནང་ ༡༤༥ བོད་དང་ཕྱི་རྒྱལ་ཁག་ལ་ ༧ བཅས་ཕྱི་ལོགས་ཁག་ལ་དགེ་རྒན་སོགས་ཀྱི་ཆེད་དུ་མཁན་སློབ་གྲངས་ ༣༣༩ ཙམ་ཕེབས་ཡོད་ཅིང་། རྣམ་གྲོལ་གླིང་རང་དུ་འཛིན་སྐྱོང་གནང་མཁན་ལས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་དཔེ་ཁྲིད་སོགས་འཛིན་སྐྱོང་གནང་མཁན་གྱི་མཁན་སློབ་ ༤༠ བཤད་གྲྭའི་ཚོང་ཁང་སོགས་སུ་འགན་འཛིན་སློབ་དཔོན་ ༡༢ རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་མཁན་མཁན་སློབ་ ༡༡ རིགས་གཅིག་རྐང་འཛིན་གནང་མཁན་མཁན་སློབ་ ༤ བཅས་དང་། རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིིང་དུ་འཛིན་སྐྱོང་ཆེད་མཁན་སློབ་གྲངས་ ༤༤ དང་། གྲྭ་ཚང་ནང་འཛིན་སྐྱོང་གནང་མཁན་མཁན་སློབ་ ༢༤ བཙུན་དགོན་དུ་མཁན་སློབ་ ༧ བཅས་ད་ལོའི་ལོ་གཅིག་རིང་རྣམ་གྲོལ་གླིང་ནང་དུ་མཁན་སློབ་གྲངས་ ༡༤༢ ལྷག་ཙམ་གྱིས་འཛིན་སྐྱོང་གནང་བཞིན་ཡོད།
སྤྱི་ཟླ་ ༠༦ ཚེས་ ༡༢ ཉིན་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དགེ་སློབ་རྣམ་པས་སྔ་འགྱུར་བའི་བསྟན་པའི་གསལ་བྱེད་ཆེན་མོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་སྐུ་བརྙན་སེར་སྦྲེངས་ཀྱིས་སྣེ་དྲངས་ཏེ་བཤད་གྲྭའི་འདུ་ཁང་རྙིང་པ་ནས་ཟངས་མདོག་དཔལ་རི་དང་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་ལ་གཡས་སྐོར་གྱིས་གཙུག་ལག་ཁང་ཆེན་མོའི་ནང་བཞུགས་སུ་གསོལ་ནས། དགེ་སློབ་འདུས་མང་བཞུགས་གྲལ་དུ་འཁོད་རྗེས། མགོན་པོ་གང་ཉིད་ཀྱིས་མཛད་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ཞལ་འདོན་གནང་ཡོད།
སྤྱི་ཚེས་ ༡༣ འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་སྐུའི་འདས་མཆོད་དངོས་གཞིའི་ཉིན་གཙུག་ལག་ཁང་ཆེན་མོའི་ནང་དུ་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་འཛོམས་ཐོག ཉིན་གུང་གི་ཆར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཞལ་ཕྱེ་ཞིང་ལས་བྱང་གིས་གཞུང་བསྲངས་ཏེ་ཚོགས་འཁོར་རྒྱ་ཆེར་བསྐོར་ཞིང་། སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་རྣམ་པས་ཐུན་རེའི་མཚམས་སུ་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ནས་བསྟན་པའི་རྩིས་མགོ་ཡན་ལག་ལྔའི་སྐོར་དང་། དབུ་མ་འཇུག་པ་རང་འགྲེལ་ནས་བསྟན་པའི་རྒྱལ་སྲས་ཀྱི་རྒྱུ་གསུམ་སྐོར། ཤེར་ཕྱིན་མངོན་རྟོགས་རྒྱན་ནས་བསྟན་པའི་ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་བརྗོད་བྱའི་ཐོག་ནས་ཆོས་བཤད་གནང་ཡོད། དགོང་མོའི་ཆར་འཇམ་དཔལ་མཚན་བརྗོད་གསུངས་གྲུབ་རྗེས་རྩ་རྒྱུད་གསང་བ་སྙིང་པོའི་མཚན་དོན་སྐོར་ལ་ཆོས་བཤད་དང་། མི་ཕམ་རིན་པོ་ཆེའི་རྣམ་ཐར་ཀློག་གནང་བར་མཛད། དེའི་རྗེས་སེར་སྐྱ་འདུས་མང་ཡོངས་ཀྱིས་མགོན་པོ་གང་ཉིད་ཀྱི་སྐུ་བརྙན་དྲུང་དུ་མཇལ་དར་ཕུལ་གྲུབ་ནས། སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་རྣམ་པས་ཚོགས་ལངས་དང་མདོ་སྔགས་གཉིས་ཀའི་ཐོག་ནས་རྩོད་རིག་གིས་བརྒལ་བརྟག་གནང་བ་སོགས་འཆད་རྩོད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས་པའི་སྒོ་ནས་མཛད་རིམ་མཐའ་གྲུབ།
སྤྱི་ཟླ་ ༠༦ ཚེས་ ༢༨ འཛམ་གླིང་སྤྱི་བསང་ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཚོགས་མི་རྣམ་པས་གཙོས་པའི་དགེ་འདུན་པ་གང་མང་ཞིག་རི་བོ་བེ་ཊ་པུ་རའི་རྩེ་མོར་ཕེབས་ནས་རི་བོ་བསང་མཆོད་གསུངས་པ་དང་རླུང་རྟ་གཏོར་བ་སོགས་གནང་ཡོད།


ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག


བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༠ ཉིན་རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་དགུན་ཁའི་ཟླ་གཉིས་རིང་གི་གུང་སེང་མཇུག་རྫོགས་ནས་སླར་དབུ་བཙུགས་ཤིང་།
སྤྱི་ཚེས་ ༢༤ ཉིན་གྱི་དགོང་མོར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་དབུ་བཞུགས་ཐོག་སྤྱི་ལོ་ ༢༠༡༧ ལོའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམ་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་བྱས་ཡོད།
སྤྱི་ཟླ་ ༠༤ ཚེས་ ༠༦ ཉིན་རྒྱུན་ལས་རྙིང་པ་རྣམ་པས་རྒྱུན་ལས་གསར་པའི་ལས་མི་བདམས་རྗེས། སྤྱི་ཚེས་ ༠༧ ཉིན་རྒྱུན་ལས་གསར་རྙིང་གཉིས་ལྷན་འཛོམས་ཐོག་འཛིན་སྐྱོང་དང་འབྲེལ་བའི་ཚོགས་འདུ་འཚོགས།
ད་ལོའི་ཆར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་འཛིན་སྐྱོང་གནང་མཁན་ལ་ཚོགས་གཙོ་མཁན་པོ་བསོད་ནམས་ཉི་མས་གཙོས་ཚོགས་གཞོན་དང་དྲུང་ཆེ། དངུལ་གཉེར་དང་དགེ་སྐོས་བཅས་སློབ་དཔོན་ ༤༤ དང་། སྔ་འགྱུར་མཐོ་སློབ་ཆེན་མོ་ནས་དབྱིན་ཡིག་དང་རི་མོའི་དགེ་རྒན། དབུ་མཛད་སོགས་ཆོ་ག་ཕྱག་ལེན་གྱི་དགེ་རྒན། འཛིན་གྲྭ་འོག་མའི་སློབ་ཕྲུག་རྣམ་པར་དཔེ་ཆ་ཀློག་འདོན་སློབ་མཁན་གྱི་དགེ་རྒན་བཅས་སློབ་དགེ་གྲངས་ ༣༨ ཙམ་ཕེབས་ཡོད། ཁྱོན་བསྡོམས་འདི་ལོར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་དགེ་རྒན་ ༨༡ གིས་ཐུགས་ཁུར་ཆེར་བཞེས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་། བཤེས་སྤྲིངས་དང་རྒྱལ་སྲས་ལག་ལེན། བློ་རིགས་དང་རྟགས་རིགས། སྐད་ཡིག་སློབ་དེབ། དབྱིན་ཡིག་དང་ཨང་རྩིས། དབུ་མཛད་དང་གཏོར་རྒྱན་སོགས་ཆོ་ག་ཕྱག་ལེན་དང་བཅས་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་མུས་སུ་ཡོད་པ་དང་། འཛིན་གྲྭ་གོང་མའི་སློབ་ཕྲུག་རྣམས་ལས་ཟླ་དྲུག་སྔ་མའི་རིང་དགེ་གཡོག་དང་། ཚོང་པ། གློག་དང་ཆུ་གཏོང་མཁན་སོགས་ལས་བྱེད་ཆེ་ཕྲའི་རིགས་བསྐོས་ནས་སྒེར་གྱི་སློབ་སྦྱོང་དང་གཞུང་གི་ལས་དོན་གཉིས་ཀར་འཐུས་ཤོར་མེད་པར་ལྷག་བསམ་ལྷོད་མེད་གནང་བཞིན་ཡོད།
གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམ་པར་གཙང་སྦྲ་འཕྲོད་བསྟེན་དང་རྨ་སྨན། དེ་བཞིན་ཟས་བཅུད་ཀྱི་མཐུན་རྐྱེན་སོགས་གང་དགོས་སློབ་གྲྭ་གཞུང་རང་ནས་སྦྱོར་བཞིན་ཡོད།
ད་ལོར་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དགོན་འདིར་ཞབས་སོར་འཁོད་པ་དང་སྟབས་བསྟུན་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་རྒྱུན་ལས་རྣམ་པས་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་འཛིན་སྐྱོང་བྱེད་ཕྱོགས་སྐོར་ལ་ལམ་སྟོན་གནང་རོགས་ཞེས་ཞུས་ཡོད་པ་དང་། གཞན་ཡང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་ནས་ཀྱང་འཛིན་སྐྱོང་བྱེད་ཕྱོགས་ཐད་ལ་བཀའ་སློབ་ལམ་སྟོན་གནང་ཡོད།
༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་བཀའ་དགོངས་ལྟར་ཟླ་རེའི་མཚམས་སུ་སློབ་ཕྲུག་རྣམ་པར་ཀུན་སློང་ཀུན་སྤྱོད་བཟང་ཕྱོགས་སུ་སྒྱུར་ཚུལ་དང་། བསླབ་པ་སློབ་གཉེར་གནང་ཕྱོགས་ཐད་ལ་དགེ་སློབ་ལྷན་འཛོམས་ཐོག་བཀའ་སློབ་གནང་བཞིན་ཡོད།
གཞན་ཡང་སྔར་སྲོལ་ལྟར་ཟླ་རེའི་མཚམས་སུ་འདས་གསོན་ཡོངས་ཀྱི་ཆེད་བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། བསྔོ་བ་སྨོན་ལམ་བཅས་འཚོག་བཞིན་པ་དང་།
འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམ་པས་རེ་མོས་ཐོག་གཡས་གཡོན་གྱི་གཞིས་གྲོང་ཁག་གིས་གདན་ཞུས་ལྟར་གྲོང་ཆོག་གི་ཞབས་བརྟན་ཡང་གང་མང་སྒྲུབ་བཞིན་ཡོད།
གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམ་པར་སློབ་སྦྱོང་ཡར་སྐྱེད་ཡོང་ཆེད་དུ་དམིགས་ཏེ་ཟླ་རེའི་མཚམས་སུ་སློབ་ཚན་ཁག་ལ་ཟླ་རྒྱུགས་དང་སྐད་ཡིག་རྒྱུགས་སྤྲོད་གཏོང་སྲོལ་ཡོད་པ་བཞིན་ད་ལོའི་ཆ་ལའང་སྤྱི་ཟླ་ ༠༥ ཚེས་ ༡༡ ཉིན་འཛིན་གྲྭ་འོག་མའི་སློབ་ཕྲུག་རྣམས་དང་། སྤྱི་ཚེས་ ༡༨ ཉིན་འཛིན་གྲྭ་གོང་མ་བཞི་པ་ཡན་གྱི་སློབ་ཕྲུག་རྣམ་པས་ཟླ་རྒྱུགས་ཐེངས་དང་པོ་དེ་བཏང་ཡོད་པ་བཅས་སོ།།


བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག
བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༡ ཚེས་ ༠༡ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༢ ཚེས་ ༡༦ གནམ་ལོ་གསར་ཚེས་ཉིན་ཞོགས་པ་ཆུ་ཚོད་ ༣ ཐོག་བཙུན་དགོན་གྱི་འདུ་ཁང་ནང་སྒྲོལ་མ་མཎྜལ་བཞི་ཆོག་དང་། བསང་སོགས་འཚོགས་རྗེས། རྣམ་གླིང་གི་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་ནང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་དབུས་མཁན་སློབ་དགེ་བའི་བཤེས་གཉེན་དགེ་འདུན་བཙུན་མ་དང་བཅས་ལྷན་འཛོམས་ཐོག་ལོ་གསར་གྱི་རྟེན་འབྲེལ་སྲུང་བརྩི་བྱས་ཡོད།
སྤྱི་ཟླ་ ༠༢ ཚེས་ ༢༣ ནས་སྤྱི་ཟླ་ ༠༣ ཚེས་ ༠༢ བར་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ལས་ཆོག་གི་སྒོ་ནས་དཔལ་ཡུལ་སྒྲུབ་པ་འཚོགས།
རྒྱལ་བ་དཔལ་ཡུལ་བའི་རིག་འཛིན་གོང་མའི་ཕྱག་སྲོལ་གཞིར་བཟུང་མི་ཉམས་རྒྱུན་སྐྱོང་གིས་སྔར་སྲོལ་ལྟར་སྤྱི་ཟླ་ ༠༣ ཚེས་ ༠༤ ནས་སྤྱི་ཟླ་ ༠༤ ཚེས་ ༠༢ བར་ཟླ་བ་གཅིག་རིང་གནམ་ཆོས་སྔོན་རྩ་རྫོགས་གསུམ་ཉམས་བཞེས་གནང་ཞིང་། སྤྱི་ཚེས་ ༠༣ ཉིན་ཚོགས་འཁོར་གཏང་རག་དང་བཅས་མཇུག་གྲུབ།
༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཐུགས་དགོངས་ལྟར་ཕྱོགས་མཐའ་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་ལྷག་མེད་དུ་ཞི་ཞིང་བདག་གཞན་ཐམས་ཅད་གནས་སྐབས་དང་། མཐར་ཐུག་གི་ཕན་བདེའི་ཆེད་དུ་དམིགས་ཏེ་རྒྱུན་དུ་སྔ་དྲོར་སྒྲོལ་མ་མཎྜལ་བཞི་ཆོག་དང་། ཕྱི་དྲོར་བསྐང་གསོ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔ་སོགས་དུས་ཆེན་རྣམས་སུ་རིག་འཛིན་འདུས་པ་དང་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་མཆོད་འབུལ། དད་ལྡན་ཡོན་བདག་རྣམས་ཀྱི་དམིགས་བསལ་ཞབས་རིམ་གང་བསྒྲུབ་དགོས་པའི་རེ་འདུན་ལྟར་སྒྲུབ་བཞིན་ཡོད།
སྤྱི་ཟླ་ ༠༤ ཚེས་ ༢༠ ཉིན་སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་མཆོག་དང་ཚོགས་གཙོའི་ལས་རོགས་མཁན་པོ་ཕུར་པ་རྡོ་རྗེ་རྣམ་གཉིས་དབུ་བཞུགས་ཐོག་བཙུན་དགོན་གྱི་ལས་བྱེད་གསར་རྙིང་འཕོ་ལེན་གནང་ཞིང་། སྤྱི་ཚེས་ ༢༡ ཉིན་དགེ་སློབ་ལྷན་འཛོམས་ཐོག་སྤྱི་ལོ་ ༢༠༡༨ ལོའི་ཚོགས་གཙོ་མཁན་རིན་པོ་ཆེ་ཚེ་དབང་ནོར་བུ་མཆོག་ནས་བཙུན་མའི་ལས་བྱེད་གསར་བསྐོས་གཙོས་པའི་བཙུན་མ་ཡོངས་ལ་ལྷག་བསམ་དང་འབྲེལ་སྒྲིག་གཞི་སྤྱོད་ལམ་གང་ཅིའི་ཐད་ནས་བག་ཡོད་ཚུལ་ལྡན་དགོས་ཚུལ་གྱི་བཀའ་སློབ་ལམ་སྟོན་གནང་།
བཙུན་དགོན་སྤྱིའི་ཞབས་རིམ་ལོ་ལྟར་གནང་མུས་བཞིན། སྤྱི་ཟླ་ ༠༤ ཚེས་ ༢༣ ནས་ ༢༥ བར་བཙུན་མ་ཡོངས་ནས་བཀའ་འགྱུར་དག་ཚར། སྒྲོལ་ཆོག བསང་གསོལ་བཅས་དང་། སྤྱི་ཚེས་ ༢༤ ནས་ ༢༧ བར་ཉིན་བཞིའི་རིང་བླ་མ་ཕུར་པ་ཕྲིན་ལས་དང་རྣམ་གླིང་གྲྭ་ཚང་གི་དགེ་འདུན་པ་ ༣༠ གདན་ཞུས་ལྟར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་རིམ་གྲོ་ལེགས་པར་བསྒྲུབས།
སྤྱི་ཟླ་ ༠༥ ཚེས་ ༠༤ དགོང་མོ་ཆུ་ཚོད་གསུམ་པའི་ཐོག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་ཞབས་སོར་འཁོད་པའི་སྐལ་བཟང་གི་དུས་དང་བསྟུན་ནས་ལྷ་ཁང་གསར་བཞེངས་ཆེད་ས་སློང་མཛད་ཅིང་། སྒྲུབ་སྡེ་གྲུབ་གཉིས་དགའ་ཚལ་གླིང་དུ་ཞབས་སོར་འཁོད་ནས་མཚམས་པ་རྣམས་ལ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ཟབ་རྒྱས་བསྩལ།
སྤྱི་ཟླ་ ༠༥ ཚེས་ ༢༣ ནས་ ༢༩ བར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ཚོགས་འཁོར་རྒྱས་སྤྲོས་དང་མར་མེའི་སྨོན་ལམ་མཇུག་བསྔོ་བ་བཅས་དམ་པ་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་བཀའ་མའི་སྒྲུབ་མཆོད་འཚོགས་ཡོད།
སྤྱི་ལོ ༢༠༡༨ ལོར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དུ་བཙུན་མ་གསར་ཞུགས་ ༤༨ ཕེབས་གནང་ཡོད་པ་དང་། དེ་བཞིན་དུ་ད་ལྟའི་ཆར་བཙུན་དགོན་དུ་ལས་བྱེད་ཆེ་ཆུང་བསྡོམས་པས་ ༡༢༠ ལྷག་ཙམ་གྱིས་འཛིན་སྐྱོང་བྱེད་བཞིན་ཡོད།


ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༥ ཟླ་ ༠༢ ཚེས་ ༠༣ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༠ ཉིན་སྔར་སྲོལ་ལྟར་དགུན་ཁའི་ཟླ་གཉིས་གུང་སེང་རྫོགས་ནས་སླར་ཡང་དབུ་བཙུགས་པ་དང་། ཉིན་དེར་བཤད་གྲྭར་གསར་ཞུགས་སློབ་གཉེར་བ་རྣམ་པས་སུམ་རྟགས་དག་གསུམ་དང་། རྒྱལ་རབས་ཆོས་འབྱུང་བཅས་ཡིག་རྒྱུགས་དང་། ངག་རྒྱུགས་བཅས་ཕུལ་ཡོད།
སྤྱི་ཟླ་ ༠༣ ཚེས་ ༢༤ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་རྣམ་གཉིས་དབུ་བཞུགས་ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སློབ་གཉེར་བ་དང་ལྷན་དུ་སྤྱི་ལོ་ ༢༠༡༧ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་བསྩལ་ཡོད།
༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་འཛིན་སྐྱོང་དང་། སྒྲིག་གཞི། སློབ་ཚན་རྣམས་ནི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་གཅིག་མཚུངས་ཡིན། སྔ་འགྱུར་མཐོ་སློབ་ཆེན་མོའི་འཛིན་སྐྱོང་འོག་མཁན་སློབ་ ༧ དང་སློབ་དཔོན་མ་ ༢༧ གྱིས་སྤྱི་ཟླ་ ༠༤ ཚེས་ ༡༠ ཉིན་ནས་བཟུང་དཔེ་ཁྲིད་སྔ་མའི་སློབ་ཚན་རྣམས་དབུ་བཙུགས་གནང་སྟེ་ད་ལྟའི་ཆར་ཆོས་ཁྲིད་གནང་བཞིན་ཡོད།
ཟླ་རེའི་མཚམས་སུ་རེས་གཟའ་ཉི་མའི་དགོང་མོར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ལོ་རིམ་གོང་འོག་རྩོད་པའི་དམ་བཅའ་ཆེན་མོ་འཚོག་བཞིན་པ་དང་།
སྤྱི་ཟླ་ ༠༦ ཚེས་ ༡༣ ཉིན་ཁྱད་ཆོས་ཆེ་བ་དྲུག་གི་བདག་ཉིད་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ་གང་ཉིད་ཀྱི་འདས་མཆོད་འཚོགས་ཡོད། དེའི་སྐབས་སློབ་གཉེར་བ་རྣམས་ནས་ཆོས་བཤད། ཚོགས་ལངས། དམ་བཅའ། རྟགས་གསལ། བཀྲ་ཤིས་ཚིག་བཟང་དང་བཅས་རྒྱལ་བ་གང་ཉིད་ཐུགས་དགྱེས་པའི་ལེགས་བཤད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་མཐར་རྟེན་འབྱུང་བཀྲ་ཤིས་བསྔོ་སྨོན་གྱི་སྒོ་ནས་མཇུག་གྲུབ།
ད་ལོའི་ཆར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༢༢ བྱུང་ཡོད་ཅིང་། ཕྱོགས་མཐའ་ཁག་ནས་སྙན་ཞུ་བྱུང་བ་ལྟར་དགོན་སྡེ་དང་། སློབ་གྲྭ་ཁག་ལ་དགེ་རྒན་ཆེད་སློབ་དཔོན་མ་ཞལ་གྲངས་ ༢༠ ཕེབས་ཡོད།
སྤྱི་ལོ་ ༢༠༠༤ ནས་ད་བར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་ ༡༥༣ བྱུང་ཡོད་པ་དང་། ད་ལོའི་ཆར་སློབ་གཉེར་བ་གསར་ཞུགས་ལས་སྔོན་འགྲོ་འཛིན་གྲྭར་ ༤༧ དང་། ལོ་རིམ་དང་པོར་གསར་ཞུགས་སློབ་གཉེར་བ་ ༢༢ བཅས་བྱུང་ཡོད།


བཙུན་དགོན་གཞི་རིམ་སློབ་གྲྭའི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༥ ཟླ་ ༠༢ ཚེས་ ༡༠ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༦ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་དང་། ཨང་དང་པོ་གཉིས་པ་གསུམ་པ་བཅས་དང་། བློ་རྒྱུགས་ཤོག་གྲངས་བརྒྱ་ཡན་འབུལ་མཁན་གྱི་སློབ་གཉེར་བ་རྣམས་ལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གི་ཕྱག་ནས་གསོལ་རས་བྱ་དགའ་བསྩལ་གནང་བ་དང་། འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་གནང་བ་དང་འབྲེལ་སློབ་ཕྲུག་རྣམས་ལ་ཡ་རབས་སྤྱོད་བཟང་དང་། སློབ་སྦྱོང་དེ་ཡང་འདི་ཕྱི་གཉིས་ཕན་གྱི་ཆེད་དུ་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་།
གཞི་རིམ་སློབ་གྲྭའི་སྒྲིག་གཞི་དང་སློབ་ཚན་རྣམས་ནི་རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དང་གཅིག་མཚུངས་ཡིན། སློབ་གྲྭ་འདིར་འཛིན་རིམ་བརྒྱད་ཀྱི་རིང་ལ་གངས་ཅན་བོད་ཀྱི་ཐུན་མོང་རིག་གནས་ཡིག་གཟུགས་ནས་བཟུང་རིམ་བཞིན་སུམ་རྟགས་དག་གསུམ་དང་། རྒྱལ་རབས་ཆོས་འབྱུང་མཚན་ཉིད་རིག་པ་ལ་སོགས་པ་དང་། དེང་རབས་ཤེས་ཡོན་གྱི་ཐད་དབྱིན་ཡིག་དང་། ཨང་རྩིས།  ཚན་རིག་སོགས་ཀྱི་སློབ་ཚན་ཁག་མང་པོ་ཞིག་དང་། འཛིན་རིམ་ལྔ་པ་ཡན་ཆད་ནས་འབུད་རྡུང་དཀྲོལ་གསུམ་སོགས་ཆོ་ག་ཕྱག་ལེན་རྣམས་ལའང་སློབ་སྦྱོང་བྱེད་བཞིན་ཡོད།
གཞི་རིམ་སློབ་གྲྭར་སློབ་སྤྱི་རྒན་གཞོན་གཉིས་ཀྱིས་གཙོས་སློབ་དཔོན་མ་ ༢༠ ལྷག་ཙམ་གྱིས་འཛིན་སྐྱོང་དང་སློབ་སྟོན་གནང་བཞིན་ཡོད།
ད་ལྟའི་ཆར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་འདིར་ཡུལ་གྲུ་ཁག་མང་པོ་ཞིག་ནས་ཕེབས་པའི་བཙུན་མ་ཡོངས་བསྡོམས་ ༦༠༠ ལྷག་ཙམ་གྱིས་སློབ་སྦྱོང་དང་ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་བཞིན་པ་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།