སྦྱོར་ལམ་མཉམ་གཞག་ལ་དཔྱད་པ་འཇམ་དབྱངས་འཛུམ་པའི་རང་མདངས།

ལོ་རིམ་བདུན་པའི་སློབ་གཉེར་བ། པདྨ་འཇམ་དབྱངས།

བླ་མ་དང་གཉིས་སུ་མ་མཆིས་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ཞིང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།

ཀུན་མཁྱེན་ཤཱཀྱ་ཐུབ་པས་འགྲོ་བའི་ཁམས་དབང་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་ཀྱང་། དེ་དག་བསྡུས་ན་ཐེག་པ་གསུམ་དུ་འདུས་ལ། འདིར་ཐེག་པ་ཆེན་པོ་པ་དག་གི་ས་ལམ་གྱི་རྣམ་གཞག་ལས་སྦྱོར་ལམ་མཉམ་གཞག་གི་སྐོར་འདི་ལ་གུས་པས་སྔར་ནས་དཔྱད་པ་ཐུང་ངུ་ཞིག་བྱ་རྒྱུའི་འདུན་པ་ཟང་ཟིང་ཞིག་བཟུང་ཡོད་ཀྱང་། ལེ་ལོ་དང་རྣམ་གཡེང་གིས་ད་ལྟའི་བར་དུ་ལྷག་སོང་བས། ཉེ་ཆར་རྐྱེན་ཕྲན་བུ་ཞིག་གིས་རྐྱེན་བྱས་ཏེ་སྔར་བསམ་བློ་བཏང་བ་དག་དྲན་གསོ་རེ་བྱས་ནས་གཤམ་གྱི་ས་བཅད་ལྟར་བྲིས་སོ།།

མཉམ་གཞག་ལ་འཛིན་སྟངས་དང་བཅས་པར་འདོད་པའི་ལུགས་མདོ་ཙམ་བརྗོད་པ་དང་། འཐད་ལྡན་རང་ལུགས་ལུང་རིགས་ཀྱིས་སྒྲུབ་པ། དེ་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ།

གསར་ཕྱོགས་ཀྱི་མཁས་པའི་དབང་པོ་འགའ་ཞིག་གིས། བློ་དོན་མཐུན་དེ་དང་དེ་ཡི་འཛིན་སྟངས་ཀྱི་ཡུལ་ཡིན་ཚུལ་ནི། བློ་དེའི་གཞལ་བྱའི་ཡུལ་གཙོ་བོ་ཞིག་ལ་བཞག་འདུག་པས། མཉམ་གཞག་ཡེ་ཤེས་ཀྱང་བདག་མེད་གཞལ་བྱ་གཙོ་བོར་བྱེད་པས་མཐའ་གཅིག་ཏུ་འཛིན་སྟངས་དང་བཅས་པར་འདོད་པ་དང་། བདག་མེད་ཀྱང་བདག་མེད་རྟོགས་པའི་ཤེས་རབ་ཀྱི་འཛིན་སྟངས་ཀྱི་ཡུལ་ཡིན་པར་ཁས་བླངས་སོ།།

གཉིས་པ་རང་ལུགས་འཐད་ལྡན་ལུང་རིགས་ཀྱིས་སྒྲུབ་པ་ནི།

རང་ལུགས་ནི་མཉམ་གཞག་ལ་འཛིན་སྟངས་མེད་པར་བཞེད་དེ། ཀུན་མཁྱེན་མི་ཕམ་པའི་ངེས་ཤེས་སྒྲོན་མེ་ལས།[1] དེ་ལྟར་མཐའ་བཞིའི་སྤྲོས་བྲལ་ལ། །མཐའ་བཞི་གང་དུའང་མི་འཛིན་ན། །མཐའ་བཞི་ལས་འདས་འཛིན་སྟངས་ཤིག །མེད་པས་འཛིན་སྟངས་མེད་པར་འདོད། །ཅེས་དང་། ཡང་དེ་ཉིད་ལས།[2] དང་པོ་མཐའ་བཞིའི་སྤྲོས་བྲལ་ཏེ། །འཕགས་པའི་ཡེ་ཤེས་ཀྱི་མདུན་ན། །གང་ཡང་གནས་པ་མེད་མཐོང་བས། །འཛིན་སྟངས་ངང་གིས་ཞིག་པ་སྟེ། །ཞེས་གསུངས་པ་ལྟར་ཡུལ་ཆོས་ཀྱི་དབྱིངས་ལ་ཡོད་མེད་ཡིན་མིན་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྣང་སྟོང་ཟུང་འཇུག་ཆེན་པོ་ཡིན་པས་དེ་རྟོགས་པའི་བློས་ཀྱང་མཐའ་གང་དུའང་མི་འཛིན་པར་ཡུལ་གྱི་གནས་ལུགས་ལ་ཇི་ལྟར་ཡོད་པ་བཞིན་བློས་ཀྱང་དེ་ལྟར་རྟོགས་པས་འཛིན་སྟངས་མེད་པའམ་ཞི་བ་ཡིན། དེ་ལྟར་ཡིན་པ་ཡང་། དཀོན་མཆོག་བརྩེགས་པའི་འོད་སྲུང་གི་ལེའུ་ལས།[3] འོད་སྲུང་། རྟག་ཅེས་བྱ་བ་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི། དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ་འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་རྟོགས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཡོད་མེད་ཡིན་མིན་ལ་སོགས་པའི་སྒྲོ་འདོགས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོའི་རང་བཞིན་ཡིན་ལ། དེ་བཞིན་དུ་དེ་རྟོགས་པའི་ཡེ་ཤེས་ཀྱང་ཡུལ་ཇི་ལྟ་བ་བཞིན་དུ་འཛིན་སྟངས་ཐམས་ཅད་ཞི་ནས་ཅི་ཡང་མི་འཛིན་པར་གཉིས་སྣང་ཤིན་ཏུ་ཕྲ་མོ་རྣམས་ནུབ་སྟེ་ཡུལ་དང་ཡུལ་ཅན་ཐ་དད་པར་སྣང་བ་ནི་མིན་གྱི་མཉམ་གཞག་རང་རིག་པའི་ཚུལ་གྱིས་ཆོས་ཉིད་ལ་གཉིས་སྣང་ནུབ་པ་སྟེ།

དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།[4] གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། གཞན་ཡང་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས།[5] གཉིས་སུ་མེད་ཅིང་བརྗོད་མེད་པའི། །ཆོས་ཉིད་རབ་ཏུ་གནས་ཕྱིར་རོ། །སྣང་བ་མེད་ལས་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང་། །དབང་པོ་ཡུལ་དང་རྣམ་རིག་དང་། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །དེས་ན་འདིས་ནི་བརྟག་མེད་པ། །བསྟན་དུ་མེད་པ་གནས་མེད་པ། །སྣང་བ་མེད་ཅིང་རྣམ་རིག་མེད། །གནས་མེད་པ་ཞེས་བྱ་བ་སྟེ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་ཡུལ་ཆོས་ཀྱི་དབྱིངས་ལ་གཟུང་འཛིན་གཉིས་སུ་སྣང་བ་མེད་པས། བརྟག་པའམ་དཔྱད་དུ་མེད་ལ་གཉིས་སྣང་ལ་མངོན་པར་ཞེན་ནས་ཡིད་རྟོག་བཅས་ཀྱིས་བརྗོད་པ་མེད་པ་ནི་ནང་ཡིད་ཀྱིས་གཟུང་འཛིན་གཉིས་སུ་རྟོག་པ་མེད་པ་དང་། ཤེས་པ་སྐྱེ་བའི་གནས་སམ་རྟེན་མིག་སོགས་དབང་པོ་མེད་པ་དང་། གཟུགས་སོགས་ཕྱིའི་ཡུལ་སྣང་བ་མེད་པ། མིག་གི་རྣམ་པར་ཤེས་པ་ལ་སོགས་རྣམ་པར་རིག་པ་མེད་པ་འགྲོ་བ་རྣམས་ཀྱི་གནས་སུ་གྱུར་པ་ཐུན་མོང་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་མེད་པས་ན། དེ་རྣམས་གང་གིས་ཀྱང་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་རོ་གཅིག་ཏུ་གྱུར་པའི་སྟོང་པ་ཉིད་ལ་གཉིས་སྣང་ནུབ་ཚུལ་གསུངས་པ་བཞིན་དུ། ཡུལ་ཆོས་དབྱིངས་རྟོགས་པའི་ཐེག་ཆེན་མཉམ་གཞག་གིས་དེ་ལྟར་གཟུང་འཛིན་ཐམས་ཅད་དང་བྲལ་བ། མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་སྤྲོས་བྲལ་དེ་ལྟ་བུ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་དེ་ལ་མཉམ་པར་བཞག་པས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་གཉིས་སྣང་ནུབ་པས་འཛིན་སྟངས་ཀྱི་གོ་སྐབས་མ་མཆིས་ཏེ། འཇམ་དབྱངས་མིའི་རྣམ་རོལ་ཀུན་མཁྱེན་མི་ཕམ་པས་མཛད་པའི་སྡུད་པ་རྒྱན་སྦྱར་ལས།[6]  དེ་ལྟ་བུའི་ཆོས་ཉིད་དེ་གཟུགས་ལ་སོགས་པ་དངོས་དངོས་མེད་གང་གི་རྣམ་པར་ཤེས་པ་བྱ་བ་མིན་པས་ན། ཡུལ་ཅན་མིག་ཤེས་སོགས་ཀྱིས་མཐོང་བ་ལ་སོགས་པ་མེད་པའི་ཕྱིར་རྟོགས་པར་དཀའ་ཞིང་། ཕལ་པའི་བློའི་བསམ་ཡུལ་ལས་འདས་པས་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའོ། །ཞེས་གསུངས་པ་ལྟར། དེ་ལྟ་བུ་ཆོས་ཉིད་འཇལ་བའི་མཉམ་གཞག་ཡེ་ཤེས་དེ་ལ་གཟུང་འཛིན་གྱི་རྣམ་རྟོག་དང་འཛིན་སྟངས་འདི་དང་འདིའོ་ཞེས་གང་ཡང་མ་གྲུབ་པ་དེའང་། ཨ་བྷྱ་ཀཱ་རས་མཛད་པའི་ཐུབ་པ་དགོངས་རྒྱན་ལས།[7] མཉམ་གཞག་པའི་གནས་སྐབས་ན་ནི་རྣམ་པར་རྟོག་པའི་སྤྲོས་པ་མཐའ་དག་ལྡོག་པས་དམིགས་པ་ལ་སོགས་པ་ཅི་ཡང་མེད་དོ། །ཞེས་གསུངས་པ་ལྟར་མཉམ་གཞག་དེ་མི་དམིགས་པ་ལ་བཤད་ན། འོ་ན་ཐེག་ཆེན་མཉམ་གཞག་ཡེ་ཤེས་དེས་རྣམ་ཀུན་མཆོག་ལྡན་གྱི་ཆོས་ཉིད་ཇི་ལྟར་རིག་ཅེ་ན། ཡང་དེ་ཉིད་ལས།[8] འོ་ན་མཐོང་བའི་དོན་ཇི་ལྟར་ཞེ་ན། ཡུལ་དེ་ལ་ཤེས་པ་མི་སྐྱེ་བའི་དོན་ཏེ་མཐོང་བ་མེད་པ་ཁོ་ནའི་སྒོམ་པ་ནི་མཐོང་བའོ་ཞེས་བརྗོད་དེ། ཤེས་པའི་སྐད་ཅིག་རྣམས་དེའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་མཐོང་བའོ། །ཞེས་གསུངས་པ་བཞིན་མཉམ་གཞག་གིས་ཆོས་ཉིད་དང་རང་བཞིན་སྤྲོས་བྲལ་དོན་དམ་པའི་བདེན་པ་རྣམས་རྟོགས། ཞེས་གསུངས་པའི་དོན་ཡང་མཉམ་གཞག་ཡེ་ཤེས་ལ་འཛིན་པ་མཐའ་དག་ཉེ་བར་ཞི་བ་དེ་རྣམས་ལ་དམིགས་པའི་ཤེས་པ་མི་སྐྱེ་བ་ལ་བྱེད་ཀྱི། དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་དམིགས་བྱ་དམིགས་བྱེད་དུ་བྱས་པ་མིན་ཏེ། དཔེར་ན་བུམ་འཛིན་མིག་ཤེས་ལ་ཡུལ་ཇི་འདྲ་བ་དེའི་རྣམ་པར་སྐྱེད་པ་ན་བློ་དེས་བུམ་པ་རྟོགས་པར་བརྗོད་པ་བཞིན། དངོས་སུ་ནི་བུམ་འཛིན་མིག་ཤེས་ལ་སྣང་བའི་བུམ་རྣམ་དེ་དེའི་དུས་སུ་སྔར་རྟོགས་པའི་བུམ་པ་སྐད་ཅིག་དང་པོ་དེ་འགགས་པས་དེས་རྟོགས་པར་འཇོག་པ་དང་འདྲ་བར། མཉམ་གཞག་གིས་ཆོས་ཉིད་མཐའ་གང་དུ་ཡང་མི་གནས་པ་དང་རྗེས་སུ་མཐུན་པར་ཅི་ཡང་མི་འཛིན་པར་དེ་དང་དེར་རྟོགས་པའི་ཐ་སྙད་བྱེད་པ་སྟེ། བླ་མ་མི་ཕམ་རིན་པོ་ཆེས་མཛད་པའི་འཇུག་འགྲེལ་ཟླ་བའི་ཞལ་ལུང་ལས།[9] དེ་ལ་ཡུལ་མ་སྐྱེས་པ་སོགས་ཀྱིས་ཐམས་ཅད་ཅུང་ཟད་ཀྱང་མ་སྐྱེས་པ་སོགས་སུ་འཛིན་ན་དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པའི་བློ་ཡིན་པས། ཡུལ་མ་སྐྱེས་པ་ལྟར་ཡུལ་ཅན་ཀྱང་མ་སྐྱེས་པར་འགྱུར་ལ། དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པ་ལ་དེ་རྟོགས་ཞེས་ཐ་སྙད་བཏགས་རུང་གི་དངོས་སུ་ན་ཡུལ་ཡུལ་ཅན་ཐ་དད་པའི་ཚུལ་གྱིས་རྟོགས་པ་ནི་མིན་ནོ། །ཞེས་གསུངས་པ་བཞིན་དུ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་ལས།[10] གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པར་བརྗོད་བྱ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་གསུངས་པ་དང་།

ཡུལ་མཐའ་གང་དུ་ཡང་མ་གྲུབ་པ་ལྟར་དེ་རྟོགས་པའི་བློ་ཡང་འཛིན་སྟངས་ཀུན་བྲལ་བས་ན་ཆོས་ཉིད་རྟོགས་ཞེས་བཏགས་ཏེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས།[11] གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པའང་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཡིན་དོན་དེ་བརྟག་པར་གྱིས། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་པ་དང་། དེ་བཞིན་དུ་རྒྱལ་ཚབ་བྱམས་པས། ཆོས་ཉིད་རྣམ་འབྱེད་ལས།[12] ཅིག་ཤོས་ཐུན་མོང་མ་ཡིན་པའི། །གཟུང་བ་རྣམ་པར་རིག་པའི་དོན། །གཞན་གྱི་སེམས་ལ་སོགས་པ་ནི། །མཉམ་པར་མ་བཞག་མཉམ་གཞག་པའི། །འཛིན་པའི་རྣམ་པར་རིག་པ་ལ། །ཕན་ཚུན་ཡུལ་གྱུར་མ་ཡིན་ཏེ། །མཉམ་པར་མ་བཞག་དག་ལ་ནི། །རང་གི་རྣམ་རྟོག་སྣང་ཕྱིར་དང་། །མཉམ་པར་བཞག་པ་དག་ལ་ནི། །ཏིང་འཛིན་དེ་ཡི་སྤྱོད་ཡུལ་དེའི། །གཟུགས་བརྙན་རབ་ཏུ་སྣང་ཕྱིར་རོ། །ཞེས་གསུངས་པ་བཞིན་དུ་གཟུང་འཛིན་གཉིས་སུ་མེད་པར་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བའི་སྒོ་ནས་མཉམ་གཞག་དེས་རང་གི་ཡུལ་ཆོས་ཀྱི་དབྱིངས་ལ་དམིགས་ནས་དེའི་རྣམ་པར་སྐྱེ་བ་ལྟར་མ་ཡིན་པར། སེམས་རང་ཉིད་དང་རྫས་གཅིག་ཏུ་མྱོང་བའི་ངོ་བོ་སྐྱེས་པའི་གཟུགས་བརྙན་གྱི་ཚུལ་དུ་རང་རིག་པ་བཞིན་དང་། དེ་བཞིན་དུ་ཇི་ལྟར་འཛིན་སྟངས་མཐའ་དག་ཞི་ཞིང་གཉིས་སྣང་ནུབ་པའི་ཐེག་ཆེན་མཉམ་གཞག་ཡེ་ཤེས་ཀྱིས་རང་གི་ཡུལ་དོན་དམ་བདེན་པ་ལ་མི་ཤེས་པའི་ཚུལ་དང་མི་སྐྱེ་བའི་ཚུལ་དུ་རྟོགས་ཚུལ་ཡང་། དེ་བཞིན་གཤེགས་པ་རྒྱལ་བ་ཉིད་ཀྱི་ཞལ་སྔ་ནས། འཕགས་པ་བདེན་གཉིས་ལ་འཇུག་པའི་མདོ་ལས།[13] ལྷ་ཡི་བུ་གལ་ཏེ་དོན་དམ་པ་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷ་ཡི་བུ་དོན་དམ་པ་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་བྱེ་བྲག་མེད་པ་མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པ་དང་། ཤེས་པར་བྱ་བ་དང་བྲལ་བའོ། །ལྷ་ཡི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་ཕྱོགས་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཞེས་གསུངས་པ་ལ་སོགས་པས་མཐའ་ཡས་སོ། །མདོར་ན་ཐེག་ཆེན་མཉམ་གཞག་དེས་རང་ཡུལ་རྟོགས་ཚུལ་ནི། ཇི་སྐད་དུ། མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་པ་ལྟར་མ་གཟིགས་པའི་ཚུལ་གྱིས་གཟིགས། མ་ཤེས་པའི་ཚུལ་གྱིས་ཤེས་པ་ཡིན་ནོ།།

གསུམ་པ་དེ་ལ་རྩོད་པ་སྤོང་བ་ནི།

ཁོ་ན་རེ་ཐེག་ཆེན་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། གཟུང་འཛིན་གྱི་རྟོག་པ་དང་བྲལ་བ་མ་ཡིན་པར་ཐལ། གཟུང་འཛིན་གྱི་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར། དེར་ཐལ། དོན་སྤྱི་དོན་དུ་ཞེན་པའི་བློ་ཡིན་པའི་ཕྱིར། ཡིན་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར་སོགས་ཁྱབ་སྐོར་རེ་ཟུང་བརྩད་ན་ཡང་སྐྱོན་མེད་དེ། དེ་ལ་མགོ་བསྒྲེས་ནས་ཁོ་ལ་ཡང་འདི་ལྟར་ཏེ། རྣམ་རྟོག་དང་བཅས་པའམ་ལྡན་པ་ཙམ་གྱིས་རྣམ་རྟོག་ཡིན་དགོས་ན། ཆོས་དེ་ལ་གཞི་དེ་ལྡན་ན་ཆོས་དེ་གཞི་དེ་ཡིན་དགོས་པར་ཐལ། དེ་ལྟར་ན། ཐེག་ཆེན་མཐོང་ལམ་འཕགས་པའི་གང་ཟག་ཆོས་ཅན། ཁྱོད་ཀུན་རྫོབ་སེམས་བསྐྱེད་ཡིན་པར་ཐལ། ཁྱོད་ལ་ཀུན་རྫོབ་སེམས་བསྐྱེད་བཅས་པའམ་ལྡན་པའི་ཕྱིར། ཞེས་པའི་བསྡུས་ཚན་གྱི་ཐལ་ངག་ཆུང་ཆུང་འདི་ཙམ་ཞིག་གིས་སུན་འབྱིན་པའི་རིགས་ལམ་ལྟར་སྣང་གི་བརྟུལ་ཞུགས་སུ་འཛིན་པ་ནི་ཤིན་ཏུ་ཡ་མཚན་ནོ།།

གཞན་ཡང་བློ་དེ་ལ་གཟུང་འཛིན་གྱི་རྟོག་པ་དང་ལྡན་པའམ་བཅས་པ་ཙམ་གྱིས་བློ་དེ་གཟུང་འཛིན་གྱི་རྟོག་པར་གྱུར་སོང་ན་དེ་ཡང་མི་རུང་སྟེ། ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་མཛོད་ལས།[14] འོ་ན་རྣམ་རྟོག་བཞི་པོ་ལྡན་རྟེན་པ་ཞེས་པའི་རྟོག་པ་མ་ཡིན་ནམ་ཞེ་ན། རྣམ་རྟོག་ལྡན་པས་རྟོག་པ་འགྲོ་ན་ཞྭ་ཅན་ཞྭར་འགྱུར་ཏེ། ཞྭ་དང་ལྡན་པའི་ཕྱིར་རོ། །ཞེས་ཁྱབ་མེད་ཀྱི་ལན་གནང་ཟིན་པས་ངས་བསྐྱར་དུ་ངལ་བ་མ་བྱས་ནས་བློ་ཆུང་དག་ལ་ལན་འདིས་འཐུས་སོ།།

ཡང་ཁ་ཅིག་གིས། སྦྱོར་ལམ་དེ་ཉིད་གཟུང་འཛིན་གྱི་རྣམ་རྟོག་དང་བཅས་པ་ཡིན་ཏེ། བདག་མེད་ཀྱི་དོན་ལ་རྟོག་པ་ཡིན་པའི་ཕྱིར། དེ་ཡང་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས།[15]  རྟོགས་པའི་ཁྱད་པར་ནི་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱིས་བདག་མེད་གཉིས་དོན་སྤྱིའི་ཚུལ་གྱིས་རྟོགས་པའོ་ཞེས་གསུངས་པ་བཞིན། སྦྱོར་ལམ་མཉམ་གཞག་དེ་རྟོག་པ་ཡིན་པས་རྟོག་པའི་བློ་ཞིག་ཡིན་ནས་བཟུང་སྟེ་འཛིན་སྟངས་དང་ཞེན་པ་ཅན་གྱི་བློ་ཞིག་ཡིན་དགོས། དེ་བས་འཛིན་སྟངས་དང་བཅས་པའི་བློ་ཞིག་གིས་ཡུལ་སྤྲོས་བྲལ་ལ་དམིགས་ན། དམིགས་རྣམ་མི་མཐུན་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་མཉམ་གཞག་དེ་རྟོག་པ་ཇི་ལྟར་འཐད་པ་དང་གཞན་ཡང་། དབུས་མཐའ་ལས།[16] ཡང་དག་མ་ཡིན་ཀུན་རྟོག་ཡོད། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་པ་བཞིན། ཁམས་གསུམ་གྱི་སེམས་དང་སེམས་བྱུང་ཐམས་ཅད་ཀུན་རྟོག་གི་རྟོག་པ་ཡིན་པར་གསུངས་པའི་ཕྱིར་མི་འཐད་སྙམ་ན། དེ་ཡི་དོན་ནི་རྟོག་པ་ཡིན་ན་རྣམ་པར་རྟོག་པའི་བློ་ཡིན་པས་མ་ཁྱབ། དབུས་མཐའ་ནས་གསུངས་པའི་ཀུན་རྟོག་དེ་ཡང་རྟོག་རྟོག་མེད་གཉིས་སུ་ཕྱེ་བའི་རྟོག་པ་ནི་མ་ཡིན་ལ། འོ་ན་ཇི་ལྟར་ཡིན་ཞེ་ན། དམིགས་པ་དང་བཅས་པའི་བློ་ཡིན་པ་དང་། འཛིན་སྟངས་མ་ཞིག་པའི་མཐར་འཛིན་གྱི་བློ་ཡིན་པ་ཞིག་ལ་ཀུན་རྟོག་ཅེས་གསུངས་པའི་དོན་ཡིན་ནོ། །གཞན་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས།[17] འདི་ལྟར་སྦྱོར་ལམ་ཆ་བཞི་བསྒོམ་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེ་ལས་ལངས་པའི་རྗེས་ཐོབ་ནི་རྟོག་པ་རྟོག་མེད་ཅི་རིགས་སུ་ཡོད་དོ། །ཞེས་གསུངས་པས་རྣམ་པར་རྟོག་པ་མིན་གསུངས་པ་ནི། ཁམས་གསུམ་གྱིས་བསྡུས་པའི་ཀུན་རྟོག་འཛིན་སྟངས་དང་བཅས་པའམ་མཐའ་བཞིར་ཞེན་པའི་རྟོག་པ་མ་ཡིན་པའི་དོན་ཡིན་ནོ།།

དེས་ན་རྟོག་པ་ཡིན་ན་རྣམ་པར་རྟོག་པའི་བློ་ཡིན་པས་མ་ཁྱབ། སྦྱོར་ལམ་མཉམ་གཞག་ནི་དམིགས་པ་མེད་པའི་བློ་ཡིན་པ་དང་འཛིན་སྟངས་ཞི་བའི་བློ་ཡིན་པའི་རྒྱུ་མཚན་ནི། སྦྱོར་ལམ་གྱི་དམིགས་རྣམ་གང་ཡིན་པ་དེ། མཐོང་ལམ་གྱི་སྐབས་སུའང་དེ་ལྟར་ཞི་བ་དང་འཛིན་སྟངས་མེད་པའི་སྒོ་ནས་མངོན་སུམ་དུ་བྱེད་པ་ཡིན་པའི་ཕྱིར་རོ། །སྦྱོར་ལམ་མཉམ་གཞག་དེ་རྟོག་པ་ཡིན་ཡང་། རྟོག་པ་ལ་ཕྲ་རགས་གཉིས་ཏེ་མཐའ་དང་པོ་ཙམ་མ་གྲུབ་པ་ཡུལ་དུ་བྱེད་པའི་བློ་དང་། བདག་མེད་ཙམ་རྟོགས་པའི་བློ་ནི་རྟོག་པ་རགས་པ་དང་། སྐབས་འདིར་ཐེག་ཆེན་སྦྱོར་ལམ་ནི་འཛིན་སྟངས་ཐམས་ཅད་ཞི་བའི་བློ་ལ་རྟོག་པ་ཕྲ་མོ་ཡིན་པ་དེ་ཡང་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དང་མཐོང་ལམ་མཉམ་གཞག་ཡེ་ཤེས་གཉིས་ཀྱི་དམིགས་རྣམ་མཚུངས་དགོས་ལ། དེས་ན་འཛིན་སྟངས་ཞི་བའི་བློ་དང་མཐར་འཛིན་དང་བྲལ་བའི་བློ་ཞིག་མ་གཏོགས་གཞན་དམིགས་རྣམ་ག་ལ་མཚུངས།

ཡང་ཁོ་ན་རེ། ཐེག་ཆེན་སྦྱོར་ལམ་མཉམ་གཞག་དེ་འཛིན་སྟངས་ཅན་ཡིན་པར་ཐལ། དོན་སྤྱི་དོན་དུ་ཞེན་པའི་བློ་ཡིན་པའི་ཕྱིར་སྙམ་ན། དེ་ཡང་རྟོག་པ་རགས་པ་ལ་གོ་དགོས། རྟོག་པ་ཡིན་ན་ཞེན་པ་ཡིན་མི་དགོས་སོ། །འོ་ན་དེ་འཁྲུལ་ཤེས་མ་ཡིན་ནམ་ཞེ་ན། འཁྲུལ་ཤེས་ཡིན་མོད་ཀྱི་དོན་སྤྱི་དོན་དུ་མ་ཞེན་པའི་ཕྱིར་ཟེར་ན། ཁྱབ་པ་མ་ངེས་ཏེ། དོན་སྤྱི་དོན་དུ་སྣང་བ་ཡོད་ཀྱང་ཞེན་པ་ཡོད་པས་མ་ཁྱབ། སྣང་ཞེན་གཉིས་ཐ་དད་ཡིན། འཁྲུལ་ཤེས་ཡིན་མིན་རང་གི་སྣང་ཡུལ་ལ་འཁྲུལ་མ་འཁྲུལ་འཇོག་དགོས་པ་ལས་འཇུག་ཡུལ་ལ་འཇོག་པ་མིན། དེ་བས་ཞེན་མ་ཞེན་མཐར་འཛིན་དང་བཅས་མ་བཅས་ནི་རང་གི་འཇུག་ཡུལ་ལ་བཞག་པ་ཡིན་ནོ།།

ཡང་རང་ལུགས་ལ་སྦྱོར་ལམ་རྟོག་པར་འདོད་པ་ཁ་ཅིག་ན་རེ། སྦྱོར་ལམ་མཉམ་གཞག་དེ་རྟོག་པ་ཡིན་ན། སྦྱོར་ལམ་དེ་བདག་མེད་ལ་གསལ་སྣང་མ་ཐོབ་པར་ཐལ་བའི་སྐྱོན་ཡོད་དེ། སྦྱོར་ལམ་མཉམ་གཞག་དེ་ཀུན་ཉོན་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་ལ་རིམ་བཞིན་གཉེན་པོ་བྱེད་སྟོབས་ཀྱིས་ཆོས་ཉིད་ཀྱི་དོན་ལ་གསལ་སྣང་མ་ཐོབ་པར་ཐལ། ཁྱོད་བློ་རྟོག་པ་ཡིན་པའི་ཕྱིར་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་མངོན་སུམ་ལེའུ་ལས།[18] རྣམ་པར་རྟོག་དང་རྗེས་འབྲེལ་ལས། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་སོགས་ཀྱི་སྐྱོན་དེ་རང་ལུགས་ལ་འཇུག་པར་ཐལ་སྙམ་ན། རང་ལུགས་ལ་སྐྱོན་དེ་མི་འཇུག་སྟེ། རང་ལུགས་ལ་ལུང་དེ་ཡི་དོན་ནི་རྟོག་པ་ཞིག་ཡིན་ནས་བཟུང་སྟེ་དོན་སྤྱི་དང་མ་འདྲེས་པར་རང་གི་ཡུལ་ལ་གསལ་སྣང་ཐོབ་པ་མེད་པའི་དོན་དུ་འགྲེལ་བ་ཡིན་པས། དཔེར་ན་བུམ་འཛིན་རྟོག་པས་བུམ་པའི་དོན་སྤྱི་དང་མ་འབྲེལ་བར་བུམ་པ་རྗེན་ཅེར་དུ་རྟོགས་མི་ནུས་པ་ལྟ་བུའོ། །དེས་ན་རྟོག་པ་ཞིག་ཡིན་ནས་བཟུང་སྟེ། དོན་སྤྱི་དང་མ་འབྲེལ་བར་རང་གིས་ཡུལ་མ་རྟོགས་པས་ཁྱབ་པ་ལ་ལུང་དོན་དེ་ལྟར་འགྲེལ་བས་རང་ལུགས་ལ་དེ་ལྟར་སྐྱོན་དེ་མི་འཇུག་གོ །ཁྱད་པར་དུ་སྦྱོར་ལམ་མཉམ་གཞག་ནི། འཛིན་སྟངས་དང་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བ་ཞིག་མིན་ན་ཐེག་ཆེན་མཐོང་ལམ་མཉམ་གཞག་གི་ཉེར་ལེན་གྱི་རྒྱུར་མི་རུང་ངོ་། །སྦྱོར་ལམ་དེ་དམིགས་རྣམ་ཞི་བ་ལ་བརྟེན་ནས་མཐོང་ལམ་སྐྱེ་དགོས་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་གྲུབ་མཐའ་མཛོད་ལས།[19] རང་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་རྗེས་སུ་བྱེད་དེ། མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩི་ཐིགས་པ་ལས། ཀོ་ཊ་པ་ཡི་ས་བོན་ལས། །སཱ་ལུའི་མྱུ་གུ་མི་འབྱུང་ལྟར། །དེ་བཞིན་རྣམ་པར་རྟོག་བཅས་ལས། །རྣམ་པར་རྟོག་མེད་འབྱུང་མི་འགྱུར། །ཞེས་གསུངས་པ་བཞིན་ནོ།།

གསར་ཕྱོགས་ཀྱི་མཁས་པ་ཁ་ཅིག་ན་རེ། སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེ་ཆོས་ཅན། ཆོས་ཉིད་ལ་རོ་གཅིག་ཏུ་སོང་བས་གཉིས་སྣང་ནུབ་པའི་བློ་མ་ཡིན་པར་ཐལ། སྣང་བ་དང་བཅས་པའི་བློ་ཡིན་པའི་ཕྱིར་སྙམ་ན། ཁྱབ་པ་མ་ངེས་ཏེ་བློ་དེ་ལ་སྣང་བ་ཡོད་པ་ཙམ་གྱིས་བློ་དེས་འཛིན་པས་མ་ཁྱབ་སྟེ། བུམ་འཛིན་མིག་ཤེས་ལ་བུམ་པའི་མི་རྟག་པ་སྣང་ཡང་དེ་མི་འཛིན་པ་བཞིན་ནོ། །གཉིས་སྣང་མ་ནུབ་པའི་སྐྱོན་ཡང་མེད་དེ། སྦྱོར་ལམ་མཉམ་གཞག་པ་དེ་ཡུལ་ཆོས་ཀྱི་དབྱིངས་ལ་མཉམ་པར་འཇོག་དུས་འཛིན་སྟངས་ཐམས་ཅད་ཞི་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཡུལ་ལ་གཟུང་འཛིན་གཉིས་སུ་སྣང་བ་མེད་པ་དེ་བཞིན་དུ་བློས་ཀྱང་གཉིས་སྣང་མེད་པར་ཆོས་ཉིད་དེ་ལ་རོ་གཅིག་ཏུ་གཞལ་བ་ལྟར་མཉམ་གཞག་པ་རང་ཉིད་ཀྱིས་ཀྱང་འདི་གཟུང་བ་དང་འདི་འཛིན་པ་གང་དུའང་འཛིན་པ་མི་ཤེས་པས། སྤྱིར་གང་ཟག་དེའི་རྒྱུད་ལ་གཉིས་སྣང་ཡོད་ཀྱང་། མཉམ་གཞག་དེའི་སྐབས་སུ་གང་ཟག་དེས་གཉིས་སྣང་མི་ཤེས་པས་ཡུལ་སྤྲོས་བྲལ་དང་མཐུན་པའི་ངང་ལ་ཅི་ཡང་མི་འཛིན་པ་ནི་གཉིས་སྣང་ནུབ་པའི་དོན་ཡིན་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་གྲུབ་མཐའ་མཛོད་ལས།[20] མདོར་ན་མྱ་ངན་ལས་འདས་པའི་ཆོས་ཟབ་པ་དང་ཞི་བ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དང་དེ་རྟོགས་པའི་བློ་སྒྲིབ་པ་ཐམས་ཅད་དང་བྲལ་བ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་རྣམ་པར་དག་པ་འགྱུར་བ་མེད་པ་སྣང་བ་དང་། ས་ཐོབ་པའི་མཉམ་གཞག་གི་ཡེ་ཤེས་མཉམ་གཞག་དང་དེ་ཡི་ངོ་བོར་གཅིག་ཏུ་གནས་པས་རྗེས་ཐོབ་སྣང་བ་ལྷག་མཐོང་གི་རྣམ་པར་གྱུར་ཏོ་ཅོག་དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ།།

ད་ནི་རེ་ཞིག་རྟོག་འགྱུ་རྒོད་པོའི་སྤྲོས་པ་འདི་ཙམ་བྱས་ནས། མཇུག་མཐར་གངས་ལྗོངས་ཤིང་རྟའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པའི་ཐུགས་ཀྱི་འོ་མཚོ་ལས་བྱུང་བའི་མཛོད་ཆེན་བདུན་གྱི་ཡ་གྱལ་གྲུབ་མཐའ་རིན་པོ་ཆེའི་མཛོད་གཞིར་བཟུང་ནས་སྦྱོར་ལམ་མཉམ་གཞག་སྐོར་ལ་དཔྱད་པ་ཅུང་ཟད་བགྱིས་པས་འགལ་འཛོལ་གང་མང་བྱུང་ཡོད་སྲིད་པས། རྩ་གསུམ་རྒྱལ་བ་རྒྱ་མཚོའི་མདུན་སར་མཐོལ་བཤགས་དང་། གལ་སྲིད་རྣམ་དཀར་ལེགས་ཚོགས་ཀྱི་དགེ་མཚན་ཕྲན་བུ་མཆིས་སྲིད་ན་འགྲོ་ཀུན་བདེ་བའི་དཔལ་དུ་རྒྱུར་གྱུར་ཅིག

ཞབས་མཆན་ཁག

[1] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༥༣ པར་གསལ།

[2] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༥༡ པར་གསལ།

[3] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རབ་གསལ་བརྒལ་ལན་ཤོག་གྲངས། ༨ པ་ལས་ལུང་འདི་དྲངས། 

[4] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༢༣༧ པར་གསལ།

[5] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༧༦ པར་གསལ།

[6] ཡེ་ཤེས་སྡེ་པར་མ། ཤོག་གྲངས། ༣༩༢ པར་གསལ།

[7] ཐཱའི་ཝན་པར་མ། གསེར་ཕྲེང་ཤོག་གྲངས། ༤༤༢ སུ་ལུང་དྲངས་པ་ལས་བཏུས།

[8] ཐཱའི་ཝན་པར་མ། གསེར་ཕྲེང་ཤོག་གྲངས། ༤༤༢ སུ་ལུང་དྲངས་པ་ལས་བཏུས།

[9] ཝཱཎ་པར་མ། ཤོག་གྲངས། ༢༨༡ པར་གསལ།

[10] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༣༢༩ པར་གསལ།

[11] ཐཱའི་ཝན་པར་མ། གསེར་ཕྲེང་ཤོག་གྲངས། ༤༤༡ ཏུ་ལུང་དྲངས་པ་ལས་བཏུས།

[12] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༦༡ པར་གསལ།

[13] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། འཇུག་པ་རང་འགྲེལ། ཤོག་གྲངས། ༡༠༣ དུ་ལུང་དྲངས་པ་ལས་བཏུས།

[14] ཐཱའི་ཝན་པར་མ། པོད་གྲངས། ༡༥ ཤོག་གྲངས། ༡༧༤ པར་གསལ།

[15] ཐཱའི་ཝན་པར་མ། པོད་གྲངས། ༢༡  ཤོག་གྲངས། ༣༧༥ པར་གསལ།

[16] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༨ པར་གསལ།

[17] ཐཱའི་ཝན་པར་མ། པོད་གྲངས། ༡༥ ཤོག་གྲངས། ༡༧༤ པར་གསལ།

[18] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༧༧  པར་གསལ།

[19] ཐཱའི་ཝན་པར་མ། པོད་གྲངས། ༡༥ ཤོག་གྲངས། ༡༧༥ པར་གསལ།

[20] ཐཱའི་ཝན་པར་མ། པོད་གྲངས། ༡༥ ཤོག་གྲངས། ༡༠༤ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།