མཆོག་བཀྲ་ཤིས། འཛིན་རིམ་ལྔ་པ།
ས་ཆེན་གོ་ལའི་ངོས་ཡངས་འདི་ན་སྟོན་པ་བརྒྱ་དང་བསྟན་པ་བརྒྱ།།
དེ་ལུགས་སྲ་ཞིང་དམ་པོར་འཛིན་པའི་རྗེས་འཇུག་དག་ལ་ལྟ་གྲུབ་སྟོང་།།
དེ་དག་ཀུན་ཀྱིས་འགྲན་ཟླ་བྲལ་བ་ཐམས་ཅད་སྟོང་པའི་རྟེན་འབྱུང་གཏམ།།
རྩོལ་མེད་འདོམས་པའི་སྟོན་པ་དེ་ལ་བདག་ཡིད་ཅིའི་ཕྱིར་མི་གུས་སམ།།
སྨྲ་བ་ཟླ་མེད་གཽཏམ་བུདྡྷའི་གསུང་མཆོག་མཚུངས་པ་མེད་པ་ཡི།།
སྟོང་དང་རྟེན་འབྱུང་གནས་ལུགས་ཟབ་མོ་དབུ་མ་རིགས་པའི་ཚོགས་དྲུག་གིས།།
ཇི་ལྟར་མཁའ་ལ་ཉི་ཤར་བཞིན་དུ་འཇིག་རྟེན་མུན་པ་སེལ་མཛད་གང་།།
རྗེས་འཇུག་དག་གིས་གཙུག་ཏུ་བཀུར་བཞིན་འདིར་ཡང་བདག་གིས་གུས་ཕྱག་འཚལ།།
ཕྱུགས་རྫི་ཡན་གྱི་མི་རྣམས་ཀུན་ཀྱི་ཁམས་དབང་འདྲ་མིན་སྣ་ཚོགས་བཞིན།།
ཉམས་སུ་ལེན་པར་ཚང་ལ་མ་ནོར་མཐའ་གཉིས་རྣམ་དག་དབུ་མའི་གཞུང་།།
དགོས་འདོད་མ་ལུས་ཆེས་ཆེར་གསལ་མཛད་ཀླུ་སྒྲུབ་ཐུགས་སྲས་འཕགས་པ་ལྷར།།
ལག་ཟུང་པདྨོ་སྙིང་ཁར་ཟུམ་སྟེ་མི་ཕྱེད་བདག་ཡིད་རབ་ཏུ་གཡོ།།
ཐུན་མིན་ཐེག་ཆེན་ལྟ་གྲུབ་གསལ་བྱེད་ཀླུ་སྒྲུབ་ཞབས་ཀྱི་དགོངས་པའི་མཐིལ།།
དབུ་མའི་བསྟན་བཅོས་ཟབ་གནད་མ་ལུས་ཇི་བཞིན་ཐུགས་སུ་ཆུད་པ་ལྟར།།
ཚུལ་བཞིིན་འཆད་ལ་མཁས་པར་གྲགས་པའི་ལེགས་ལྡན་འབྱེད་ཀྱིས་འགྲན་བྲལ་བའི།།
པཎ་གྲུབ་ཆེན་པོ་སངས་རྒྱས་བསྐྱངས་ཉིད་གུས་པའི་བློ་ཡིས་སྤྱི་བོར་ལེན།།
ཐ་སྙད་བདེན་པ་ཆད་མཐའ་ལས་གྲོལ་ཆོས་ཀུན་ལྟོས་ནས་གྲུབ་པ་དང་།།
དོན་དམ་བདེན་པ་རྟག་མཐའ་ལས་གྲོལ་ངོ་བོ་ཉིད་ཀྱིས་མ་གྲུབ་པ།།
ལུང་དང་རིགས་པས་འགལ་མེད་རྟོགས་ཤིང་ཐལ་འགྱུར་སྲོལ་བཟང་རབ་གཏོད་པའི།།
གྲུབ་མཐའ་ངན་པའི་ལོག་རྟོག་འཇོམས་མཛད་ཟླ་བ་གྲགས་པར་སྤྱི་བོས་འདུད།།
ཅེས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་བཀའ་དྲིན་དྲན་པའི་སྒོ་ནས་གུས་པའི་ཡིད་ཕྱག་སྔོན་དུ་ཕུལ་ནས་གང་ཞིག་བརྩམ་པར་བྱ་བ་ལས་ཐོག་མར་སྔོན་དུ་འགྲོ་བའི་གཏམ། དེ་ཡང་དཔལ་སྟོབས་པོ་ཆེའི་རྒྱུད་ལས། [1]བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པ་འམ། །གཞན་གྱིས་མཁས་པ་འཇུག་བྱ་མིན། །ཞེས་འུ་ཅག་སྟོན་པའི་རྗེས་འཇུག་པ་རྣམས་ལ་སངས་རྒྱས་ཀྱི་གསུང་རབ་ཚུལ་བཞིན་ཉམས་སུ་ལེན་པ་ལ་ཇི་ལྟར་གསེར་ལ་ལྷད་ཡོད་མེད་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་བརྟག་པ་བྱེད་ལུགས་ལྟར་རྒྱལ་བའི་གསུང་རབ་ཀྱི་བརྗོད་དོན་ཟབ་མོ་ཡིན་རུང་དཔྱད་པ་གསུམ་གྱིས་ལེགས་པར་དཔྱད་ནས་བླང་དོར་གྱི་རྣམ་གཞག་འབྱེད་དགོས་པ་ལས། དཔྱད་པ་སྔོན་དུ་མ་སོང་བར་དད་མོས་ཀྱིས་བརྩི་བཀུར་ཞུས་ཏེ་ཡིད་རྟོན་བྱ་མི་རུང་བར་གསུངས་པ་བཞིན་དུ་འདིར་རྒྱ་གར་མཁས་པའི་གཞུང་དང་གཟུར་གནས་བློ་ལྡན་གྱི་རིགས་པ་གཉིས་གཤིབ་སྡུར་བགྱིས་པ་ལ་བརྟེན་ནས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པར་གྲགས་པའི་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བ་ལས་གསུངས་པའི་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པའི་དགག་བྱའི་རྣམ་གཞག་དང་སྦྲགས་ཐལ་རང་གཉིས་ཀྱི་སྐོར་མདོ་ཙམ་གླེང་རྒྱུ་ཡིན། ཐོག་མར་བདག་གིས་མཁས་དབང་དགེ་ཆོས་ཀྱི་རྣམ་དཔྱོད་དང་བློ་རིག་ཡོད་ཚད་ལས་གྲུབ་པའི་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བའི་དཔེ་ཆུང་དེ་ཐེངས་གཅིག་བཀླགས་པ་ན། མཁས་དབང་ཁོང་གི་ཕུགས་ཀྱི་དགོངས་པ་ཇི་ལྟར་བཞེས་མིན་བདག་གིས་བཤད་པར་མི་སྤོབས་ཀྱང་། གཞུང་དོན་སྒྲ་ཇི་བཞིན་དུ་གསལ་བ་ལ་བརྟགས་ན་ཐ་སྙད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱེས་བུ་ཡོད་ཚད་ལ་སྙོན་མི་སྲིད་པའི་ཡུལ་ཅན་ཚད་མའི་རྣམ་གཞག་དང་དེ་ལ་བརྟེན་པའི་སེམས་ལྡན་ཀུན་ཀྱི་ཤེས་ཚོར་ལ་བདེ་སྡུག་བར་མ་གསུམ་ཉམས་སུ་མྱང་རྒྱུ་ཡོད་པ་དང་། རྣམ་པ་ཐམས་ཅད་རྗེན་གཅེར་མཁྱེན་པའི་ཀུན་མཁྱེན་ཡེ་ཤེས་ཀྱིས་སྣང་སྟོང་རོ་མཉམ་དུ་གཟིགས་པའི་ཡུལ་རྟེན་འབྱུང་རྒྱུ་འབྲས་ཀྱི་རྣམ་གཞག་དང་ལྟོས་གྲུབ་ཆོས་ཉིད་ཀྱི་རིགས་པ་ལ་སྐུར་འདེབས་འབའ་ཞིག་བྱས་པ་དང་། རྩ་འཇུག་བཞི་གསུམ་དང་རིགས་ཚོགས་གཞན་རྣམས་རི་རྒྱབ་ལུང་རྒྱབ་ཏུ་བོར་ནས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ལ་རང་སྣང་གང་ཤར་གྱིས་ལོག་བཤད་ལོག་འགྲེལ་ཤ་སྟག་བྱས་ཡོད་པར་མཐོང་། དབུ་མ་རིགས་ཚོགས་དྲུག་ལ་ཆ་རྒྱུས་ཡོད་པའི་གཟུར་གནས་བློ་ལྡན་ཚོ་ལ་ཞུ་མི་དགོས་པར་དེ་ལྟར་མཁྱེན་ངེས་རེད། དེ་ལ་དམིགས་ནས་ཁོ་བོས་གཤམ་དུ་རིགས་པ་ལྟར་སྣང་དང་ཁུངས་མེད་ལུང་གིས་གཡའ་མ་གོས་པའི་ལེགས་བཤད་དྲི་མ་མེད་པ་སྟེ། ཀླུ་སྒྲུབ་ཡབ་སྲས་དང་ཟླ་གྲགས་སོགས་ཀྱི་བཀའ་ལུང་ཇེ་མང་དྲངས་པའི་རྒྱུ་མཚན་དང་དགོས་པ་དེ་ལྟར་མཁྱེན་པར་མཛོད་ཅེས་ཞུ་རྒྱུ་ཡིན།
དངོས་གཞི་བཤད་པར་བྱ་བ་ལ། །གཞན་ལུགས་དགག་དང་རང་ལུགས་བཞག །མཐའ་མར་མཇུག་བསྡུ་རྣམ་གསུམ་ལས། །དང་པོར་ཕྱོགས་སྔ་བཞག་པ་དང་། །མི་འཐད་དགག་ལས་དང་པོ་ནི།།
ཀླུ་སྒྲུབ་དགོངས་རྒྱན་ལས། རིགས་པའི་དགག་བྱ་ལ་ཁ་ནས་ཁྱད་ཅི་ཙམ་ཕྱེ་ཡང་དོན་ལ་དགག་རྒྱུ་དེ་བུམ་པ་དགག་དགོས། ཀ་བ་དགག་དགོས། ཡོད་པ་དགག་དགོས། མེད་པ་དགག་དགོས་ཀྱི་བུམ་པ་བཞག་ནས་བུམ་པ་བདེན་གྲུབ་བྱ་བ་ཞིག་ཟུར་དུ་དགག་རྒྱུ་ག་ལ་ཡོད། ཅེས་གསུངས་པ་ལྟར་གཞན་ཡང་མང་དུ་མཆིས་ཀྱང་། འདིར་དགག་བྱའི་སྐོར་གནད་བསྡུས་པའི་ཕྱོགས་སྔ་དེ་ཙམ་གྱིས་འཐུས་པར་བྱས། གང་ལྟར་དགག་གཞི་དང་དགག་བྱ་གཉིས་སོ་སོར་མ་མཐོང་བ་དང་དེ་འཛིན་རྟོག་པ་གཉིས་ཕན་ཚུན་ཤན་འབྱེད་མ་ནུས་པའི་དབང་གིས་ཕྱོགས་སྔ་དེ་བྱུང་བ་རེད། དེ་ཡང་མདོར་བསྡུས་ན་གནས་ལུགས་ལ་མ་གྲུབ་པའི་རྒྱུ་མཚན་གྱིས་མ་གྲུབ་པའི་གོ་ཆོད་པར་བྱས་ནས་ཐ་སྙད་རྒྱུ་འབྲས་ཀྱི་རྣམ་གཞག་ཀུན་བདེན་འཛིན་གྱིས་བཞག་པ་ཙམ་ལས་གང་ཡང་མ་གྲུབ་སྟེ། གལ་ཏེ་གྲུབ་ན་གནས་ལུགས་དཔྱོད་པའི་རིགས་པས་རྙེད་དགོས་པ་ལས་མ་རྙེད་པའི་ཕྱིར་ཞེས་མདོ་སྡེ་པ་སོགས་ཀྱིས་དངོས་རྣམས་ཡོད་ན་གནས་ལུགས་མཐར་ཐུག་ལ་གྲུབ་དགོས་པ་དང་དེ་ལྟར་མ་གྲུབ་ཚེ་དངོས་རྣམས་གཏན་མེད་དུ་འདོད་པ་དང་ཕྱོགས་མཚུངས་པར་མ་ཟད། འཇིག་རྟེན་རང་ག་བའི་རྒྱུད་ཀྱི་མངོན་རྗེས་ཚད་མ་ཐམས་ཅད་མཐའ་གཅིག་ཏུ་ལོག་པ་འབའ་ཞིག་ཏུ་བརླམས་འདུག་པ་ནི་རྒྱང་འཕེན་པའི་ལྟ་གྲུབ་ལས་ཀྱང་ཡ་མཚན་ཆེ་བར་མཐོང་།
གཉིས་པར་བརྟག་པ་རྣམ་གསུམ་ལས། །བརྟག་པ་དང་པོ་ལ་དངོས་དང་། །ཐ་སྙད་གྲུབ་མཐའ་སྨྲ་བ་ལས། །རྩེར་སོན་ཐལ་འབྱུར་བ་ཉིད་བཤད། །དང་པོ། སྤྱིར་ཆོས་ཐམས་ཅད་དགག་བྱར་བཤད་པ་དེ་དོན་དམ་དུ་ཁེགས་པའི་དབང་དུ་བྱས་སམ་ཐ་སྙད་དུ་ཁེགས་པའི་དབང་དུ་བྱས། དང་པོ་ལྟར་ན། ལས་འབྲས་དང་ཚེ་སྔ་ཕྱི་བླ་མ་དཀོན་མཆོག་གསུམ་ཆོས་ཅན། གཏན་དུ་ཡོད་པ་མ་ཡིན་པར་ཐལ། དོན་དམ་པར་མ་གྲུབ་པའི་ཕྱིར། ཁྱབ་སྟེ། དོན་དམ་དུ་མེད་ན་མེད་གོ་ཆོད་པའི་ཕྱིར། རྒྱུ་མཚན་ཅིའིི་ཕྱིར་ཞེ་ན། དོན་དམ་དུ་བཀག་པས་ཁེགས་གོ་ཆོད་པར་དམ་བཅས་པ་བཞིན་དོན་དམ་དུ་མེད་པས་མེད་གོ་ཆོད་པར་ཡང་འོས་མེད་ཀྱི་རིགས་པས་གྲུབ་པའི་ཕྱིར་རོ། །རྩ་བར་འདོད་ན། རིགས་པ་དྲུག་ཅུ་པ་ལས། [2]མེད་པ་ཅན་ལས་དང་འབྲས་བུར་འབྲེལ་བ་ལ་སྐུར་བ་འདེབས་པས་མེད་པར་ལྟ་བ་ཁས་བླངས་པ་གང་ཡིན་པ་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་སུན་འབྱིན་པར་གྱུར་བས་ཉེས་པ་ཐམས་ཅད་བྱུང་བའི་རྒྱུར་གྱུར། ཞེས་གསུངས་པ་ལྟར་ཐམས་ཅད་རིགས་པས་འགོག་ལུགས་འདི་ནི་ཐོས་བསམ་གྱི་དཔྱད་པ་སྔོན་དུ་སོང་ཡང་རུང་མ་སོང་ཡང་རུང་དོན་གྱིས་ཐ་སྙད་ཀྱི་རྒྱུ་འབྲས་རྣམས་གཏན་ནས་མེད་པར་སྐུར་བ་བཏབ་པར་གདོན་མི་ཟ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་སུན་ཕྱུང་བ་ཙམ་ལས་གནས་ལུགས་དེ་ཁོ་ན་ཉིད་གཏན་ལ་འབེབས་ག་ལ་ནུས་ཏེ་རྒྱ་ཧ་ཤང་གི་ལྟ་བ་བཞིན་ནོ།།
གལ་ཏེ་རིགས་པ་དེས་ཁེགས་ན་མེད་དགོས་ཀྱང་མེད་པ་ཡིན་མི་དགོས་ཏེ་ཡོད་པ་མེད་པ་གཉིས་ཀ་གཉིས་མིན་གང་ཡང་མ་ཡིན་པའི་ཕྱིར་ཞེ་ན། མེད་ན་མེད་པ་ཡིན་དགོས་པར་ཐལ། མེད་ན་ཡོད་པ་མ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཡོད་དེ། མེད་པའི་དོན་ནི་ཡོད་པ་མ་ཡིན་པ་དང་དེ་དང་མེད་པ་གཉིས་མིང་གི་རྣམ་གྲངས་ཙམ་ཡིན་པའི་ཕྱིར། རིགས་པ་དྲུག་ཅུ་པ་ལས། [3]མེད་པ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཞེས་བཤད་པ་ཡིན་ནོ། །ཞེས་དང་། [4]མེད་པ་དང་ཡོད་པ་མ་ཡིན་པ་དང་མི་འདོགས་པ་ཞེས་བྱ་བའི་མིང་གི་རྣམ་གྲངས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་རྩ་ཤེས་ལས། [5]གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཞེས་སྟོན་པ་གང་གིས་འདུས་བྱས་ཀྱི་ཆོས་རྣམས་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་དེ་དག་ལ་འགག་སོགས་སྤྲོས་པའི་མཐའ་བརྒྱད་མེད་པ་ཡིན་པར་ཚིག་དངོས་སུ་གསུངས་འདུག་པ་དེ་ལ་ཡང་ནན་གྱིས་སོམས་ཤིག མེད་ན་མེད་པ་ཡིན་མི་དགོས་ཞེས་འགག་ཚིག་གཉིས་ཀྱི་དོན་མ་གོ་བའི་ཁས་ལེན་དེ་རིགས་པ་ལ་གཏུགས་ནའང་མི་འཐད་པ་འདི་ལྟར་ཏེ། བུམ་པའི་སྟེང་གི་བདེན་གྲུབ་ཆོས་ཅན། ཡོད་པར་ཐལ། ཁྱོད་དང་བུམ་པ་གཉིས་ཀ་རིགས་པའི་དགག་བྱ་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཡོད་དེ། བུམ་པ་བདེན་པར་གྲུབ་པ་འཛིན་པ་དེ་བདེན་འཛིན་ཡིན་པ་བཞིན་དུ་བུམ་པ་རྟོགས་པའི་རྗེས་དཔག་དེ་ཡང་བདེན་འཛིན་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཡོད་དེ། བོང་བུའི་རྭ་འཛིན་རྟོག་པ་དང་ནམ་མཁའི་རྭ་འཛིན་རྟོག་པ་གཉིས་ཀ་ལོག་ཤེས་ཡིན་བཞིན་དུ་བོང་བུའི་རྭ་ཡོད་པ་དང་ནམ་མཁའི་རྭ་མེད་པའི་ཁོངས་གཏོགས་སུ་འཇོག་མི་ཤེས་པ་དང་འདྲ་བའི་ཕྱིར་རོ། །རང་ཉིད་འཛིན་པའི་འཛིན་པ་དེ་བདེན་འཛིན་ཡིན་ན་རང་ཉིད་མེད་པ་ཡིན་དགོས་པར་རིགས་པས་ཀྱང་གྲུབ་སྟེ་བདེན་འཛིན་ཡིན་ན་ལོག་ཤེས་ཡིན་དགོས་པའི་ཕྱིར། རྟགས་དོན་གྱིས་གྲུབ་སྟེ། བདེན་འཛིན་གྱི་འཛིན་སྟངས་ཡུལ་ནི་བློ་དེས་ཇི་ལྟར་འཛིན་པ་ལྟར་དུ་ངོ་བོ་ཉིད་ཀྱིས་གྲུབ་པའམ་བདེན་པར་གྲུབ་པ་དེ་གཞག་དགོས་པ་གང་ཞིག་དེ་གཞི་མ་གྲུབ་པའི་ཕྱིར་རོ། །མདོར་ན་དོན་དམ་གཏན་འབེབས་ཀྱི་དབང་དུ་བྱས་ཀྱང་རུང་། ཐ་སྙད་རྣམ་འབྱེད་ཀྱི་དབང་དུ་བྱས་ཀྱང་རུང་སྐབས་དང་གཞི་གང་གི་དབང་དུ་བྱས་རུང་ཡོད་ན་ཡོད་པ་ཡིན་དགོས་པ་དང་། མེད་ན་མེད་པ་ཡིན་དགོས་པའི་འཛིན་མཚམས་དེ་ལས་སོར་གང་ཐར་ས་མེད་དེ། བདེན་པ་གཉིས་གང་ཡིན་རུང་ཡོད་མེད་ཡིན་མིན་གྱི་རྣམ་གཞག་ཐམས་ཅད་ཐ་སྙད་ཀྱི་དབང་གིས་བཞག་པ་ཡིན་ལ། ཐ་སྙད་ལ་ནི་ཡོད་ཀྱང་ཡོད་པ་མ་ཡིན་ཞེས་པ་དང་། མེད་ཀྱང་མེད་པ་མ་ཡིན་ཞེས་པའི་དེ་འདྲའི་ཕུང་པོ་གསུམ་པའི་མཚན་གཞི་ཞིག་ཀུན་མཁྱེན་ཡེ་ཤེས་ཀྱིས་ཀྱང་རྙེད་དུ་མེད་པར་མ་ཟད། འཇིག་རྟེན་ཡོངས་གྲགས་ལའང་དེ་ལྟར་མི་སྲིད་པ་ནི་ཐ་སྙད་ཚད་མས་གྲུབ་པའི་ཕྱིར་རོ། །མང་པོ་ཞིག་གིས་འཁོར་འདས་ཀྱི་ཆོས་ལ་ཡོད་མེད་གཉིས་སུ་ཁ་ཚོན་གཅོད་པ་ནི་རྟོག་གེ་བའི་གཞུང་ལུགས་ཡིན་པས་དབུ་མའི་ལུགས་ལ་འདོད་མི་རུང་ཟེར། དེ་ནི་ཐལ་འགྱུར་བའི་ལུགས་ལ་ཆོས་རྣམས་སྒྲ་དང་རྟོག་པས་འཇོག་ཚུལ་ཐམས་ཅད་རྟོག་གེ་བའི་རིགས་པ་སྨྲ་བ་དཔལ་ཆོས་ཀྱི་གྲགས་པ་ལ་སྐྱབས་སུ་བཟུང་ནས་དེས་མཛད་པའི་ཚད་མ་སྡེ་བདུན་ལ་ཁུངས་བཅོལ་བ་ཙམ་ལས་རྒྱུ་མཚན་གཞན་མ་མཐོང་ངོ་།།
གཉིས་པ་ཐ་སྙད་དུ་ཁེགས་པའི་དབང་དུ་བྱས་ཏེ་ཐམས་ཅད་དགག་བྱར་འདོད་པ་ལྟར་ནའང་མི་འཐད་དེ། ཐ་སྙད་ཀྱི་རྣམ་གཞག་འབྱེད་པ་ལ་ཕྱི་ནང་གྲུབ་མཐའ་ཀུན་ཀྱི་རྩེར་སོན་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རིགས་པའི་ཚུལ་ལམ་ཐལ་འགྱུར་བ་ཁོ་ན་ཡིན་པས་ན་ཆོས་ཀུན་རང་ལུགས་ལ་འཐད་བཞིན་དུ་དེར་རིགས་པས་གནོད་པ་གཏོང་མཁན་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སུ་ཡང་མི་སྲིད་པའི་ཕྱིར་རོ། །འདིར་འགའ་ཞིག་གིས་ཐ་སྙད་གྲུབ་མཐའ་རབ་ཏུ་རྣམ་པར་འབྱེད་པ་ལ་རྩེ་མོར་སོན་པ་ནི་སེམས་ཙམ་པ་རྣམས་ཡིན་པར་བཤད་ཀྱང་། ཐ་སྙད་དུ་གཞན་དབང་བདེན་གྲུབ་དང་དོན་དམ་དུ་རང་རིག་བདེན་གྲུབ་འདོད་བཞིན་དུ་ཀུན་ཀྱི་རྩེ་མོར་སྐྱེལ་ལུགས་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་སོགས་གསུངས་པའི་གཞུང་ལ་གོ་བ་མ་ཆགས་པའི་སྐྱོན་ཙམ་དུ་ཟད་དོ།།
གཉིས་པར་རང་རྒྱུད་མདོ་ཙམ་གླེང་། །རྒྱུ་མཚན་དངོས་སུ་བསྟན་པ་གཉིས། །དང་པོར་འདོད་པ་འགོད་པ་དང་། །མི་འཐད་སྒྲུབ་བྱེད་བསྟན་པ་གཉིས། །དང་པོ། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་ལས། [6]དབུ་མ་པས་དེ་རྟོགས་པར་བྱ་བའི་ཐབས་གཞན་གྱི་དབང་གི་ངོ་བོ་ཉིད་དེ་མེད་པར་བཤད་པ་མི་རུང་ངོ་། །ཞེས་དང་། [7]ངོ་བོ་ཉིད་མེད་དོ་ཞེ་ན་ནི་ཀུན་རྫོབ་ཏུ་གཞན་གྱི་དབང་གི་ངོ་བོ་ལ་སྐུར་བ་འདེབས་པ་ཡིན་པས་མི་རུང་བར་སྟོན་ཏེ། ཞེས་དང་། [8]ཀུན་རྫོབ་ཏུ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གཞན་གྱི་དབང་གི་དངོས་པོ་ལ་སྐུར་བ་འདེབས་པར་འགྱུར་བས་དེ་ནི་རིགས་པ་མ་ཡིན་ནོ། །ཞེས་དང་། བདེན་གཉིས་རང་འགྲེལ་ལས། [9]དངོས་པོ་ཙམ་གང་ཡིན་པ་ནི་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་ནུས་པའི་ཕྱིར་རོ། །ཞེས་དང་། བདེན་གཉིས་དཀའ་འགྲེལ་ལས། [10]ཇི་ལྟར་སྣང་བ་བཞིན་ཡང་མེད་དོ་ཞེས་སྨྲ་ན། སྐུར་བ་འདེབས་པའི་མཐར་ལྟུང་ངོ་། །ཞེས་དང་། [11]ཇི་ལྟར་སྣང་བ་བཞིན་ནི་རང་གི་ངོ་བོས་སྐྱེས་པ་ཁོ་ན་ཡིན་ནོ། །ཞེས་དང་། དབུ་མ་སྣང་བ་ལས། [12]ཀུན་རྫོབ་པའི་ངོ་བོ་ཉིད་ཀྱང་མེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་མེད་ན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམ་པར་གཞག་པར་ཡང་མི་འགྱུར་ཏེ། ཞེས་ཇི་སྐད་གསུངས་པ་བཞིན་རང་རྒྱུད་པ་གོང་འོག་གཉིས་ཀས་གཞན་དབང་གི་དངོས་པོ་རྣམས་རྫས་གྲུབ་དང་ངོ་བོ་ཉིད་ཀྱིས་གྲུབ་པ་སྟེ་རང་མཚན་གྱིས་གྲུབ་པར་ཁས་མ་བླངས་ན་ཐ་སྙད་ལ་སྐུར་བ་བཏབ་པར་འགྱུར་སྙམ་ནས་དེ་དག་ངེས་པར་ཁས་ལེན་དགོས་པར་འདོད། སྤྱིར་དེ་དག་གི་གཞུང་ནས་ཀྱང་རང་བཞིན་དང་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ཅེས་པའི་ཚིག་ཙམ་མང་དུ་བྱུང་ཡང་དེ་ནི་དཔེར་ན་འདི་པའི་གཞུང་ལས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བར་སྐྱེ་བ་དང་འགག་པ་སོགས་མེད་ཅེས་གསུངས་པ་བཞིན་དོན་དམ་པ་དང་ཡང་དག་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ལྟར་ཡིན་པ་ཡང་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། [13]འོ་ན་ཇི་ལྟར་རང་བཞིན་མེད་པ་ཉིད་ཡིན་སྙམ་པ་ལ། ཡང་དག་པར་ན་ཞེས་བྱ་བ་སྨྲོས་ཏེ། ཞེས་དང་། [14]ཡང་དག་པའི་ཤེས་པའི་བསམ་པའི་དབང་གིས་རང་བཞིན་མེད་པ་ཡིན་གྱི་ཀུན་རྫོབ་ཀྱི་ཤེས་པའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། [15]རང་བཞིན་ཡོད་པ་མ་ཡིན་ཏེ། ཞེས་བྱ་བ་ནི་གཅིག་པ་ཉིད་ལ་སོགས་པས་དཔྱད་ན་དོན་དམ་པར་གང་ལ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། བདེན་གཉིས་རང་འགྲེལ་ལས། [16]དོན་དམ་པ་ནི་ཇི་ལྟར་སྣང་བ་བཞིན་དུ་རྣམ་པར་གནས་པ་མེད་དེ། ཐམས་ཅད་མཁྱེན་པའི་མཁྱེན་པ་ཉིད་ལ་ཡང་མི་སྣང་བའི་ཕྱིར་རོ། །ཞེས་དང་། འདི་ཡང་ཇི་ལྟར་སྣང་བ་བཞིན་དུ་ཡིན་གྱི། ཡང་དག་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །ཞེས་རྒྱ་ཆེར་བྱུང་བ་ལྟར་རང་བཞིན་མེད་ཅེས་པ་དང་སྐྱེ་སོགས་མེད་ཅེས་གསུངས་པ་ནི་ཡང་དག་པར་རམ་དོན་དམ་པར་དགོངས་པ་ལས་སྤྱིར་རང་བཞིན་གྱིས་གྲུབ་པ་མེད་ཅེས་པའི་དོན་མིན་ནོ།།
གཉིས་པ་ལ་ནི་སྤྱིར་ཆོས་ཀུན། །མི་འཐད་པ་དང་བྱེ་བྲག་ཏུ། །ཐར་པ་མི་འཐད་སྒྲུབ་བྱེད་བཤད། །དང་པོ། དེ་དག་གི་ལུགས་ལ་ངོ་བོ་ཉིད་དང་རང་བཞིན་ཁས་ལེན་པས་ཆོས་ཐམས་ཅད་རྟེན་འབྲེལ་ལྟོས་གྲུབ་ཀྱི་རྣམ་གཞག་ལས་ཉམས་པར་འགྱུར་བ་ནི་འདི་ལྟར་ཏེ། རྩ་ཤེས་ལས། [17]ངོ་བོ་ཉིད་ལ་བྱ་བ་མེད། །ཅེས་དང་། བཞི་བརྒྱ་པ་ལས། [18]གལ་ཏེ་རང་བཞིན་གྱིས་དངོས་ཡོད། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །ཅེས་དང་། རྩ་ཤེས་ལས། [19]འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །ཅེས་དང་། རྩོད་ཟློག་ལས། [20]གང་ལ་སྟོང་ཉིད་མི་སྲིད་པ། །དེ་ལ་ཅི་ཡང་མི་སྲིད་དོ། །ཞེས་དང་། དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལས། [21]འབྲས་བུ་ངོ་བོ་ཉིད་ཀྱིས་མི་སྟོང་པ་རང་གི་བདག་ཉིད་ཀྱིས་ངེས་པར་གནས་པ་གང་ཡིན་པ་དེ་ནི་སྐྱེ་བར་མི་འགྱུར་འགག་པར་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རང་གི་བདག་ཉིད་ཀྱིས་ངེས་པར་གནས་པའི་ཕྱིར་རོ། །ཞེས་དང་། [22]ངོ་བོ་ཉིད་ལས་ཡོད་པ་ལ་ནི་ཡང་བརྟེན་ནས་གདགས་པས་ཅི་བྱ་སྟེ། ཞེས་དང་། [23]དེ་ལྟ་བས་ན་དེ་ལྟར་ངོ་བོ་ཉིད་དུ་སྨྲ་བ་ཡོངས་སུ་འཛིན་ན་ཇི་སྐད་བསྟན་པའི་སྐྱོན་དེ་དག་ཐམས་ཅད་དུ་ཐལ་བར་འགྱུར་རོ། །ཞེས་དང་། བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་ལས། [24]དེའི་རང་གི་ངོ་བོ་ཡོད་ན་ནི་དེའི་ཕྱིར་རང་གི་ངོ་བོས་ཡོད་པའི་ཕྱིར་དེ་དོན་དམ་པ་ཁོ་ནར་འགྱུར་གྱི། འཇིག་རྟེན་པ་ནི་མ་ཡིན་ནོ། །ཞེས་སོགས་ཀྱིས་རང་བཞིན་ནམ་རང་མཚན་ཁས་བླངས་པའི་ལུགས་ལ་ཐ་སྙད་ཀྱི་དངོས་པོ་ལ་རྒྱུ་འབྲས་རྟེན་འབྲེལ་གྱི་བྱ་བྱེད་དང་གཞན་ཡང་ལྟོས་གྲུབ་ཀྱི་ཤེས་བྱ་ཐམས་ཅད་མི་འཐད་པ་དང་། གནས་ལུགས་སྟོང་པ་ཉིད་མཐོང་བའི་ཡོན་ཏན་ཡང་མེད་པར་གསུངས་སོ།།
མ་ཟད་ཐ་སྙད་དུ་ངོ་བོ་ཉིད་དང་རང་གི་མཚན་ཉིད་ཀྱིས་སྟོང་པའི་ལས་འབྲས་དང་ཚེ་སྔ་ཕྱི་སོགས་ནི་མཐའ་གཅིག་ཏུ་མེད་པར་ཆད་མཐའ་དང་། དེ་ལས་ལྡོག་སྟེ་དངོས་རྣམས་མཐའ་གཅིག་ཏུ་ངོ་བོ་ཉིད་ཀྱིས་གྲུབ་པའམ་རང་མཚན་གྱིས་གྲུབ་པར་འདོད་པས་རྟག་མཐར་ལྷུང་བའི་ཕྱིར་ཕྱོགས་མཐུན་གྱི་དབུ་མ་པ་ཙམ་ལས་དངོས་མ་ཡིན་ཏེ། མཐའ་གཉིས་སེལ་མ་ཐུབ་ཕན་ཆད་དབུ་མ་པར་མི་འགྱུར་བ་ནི་སེམས་ཙམ་པ་མན་ཆད་ཀྱི་གྲུབ་མཐའ་སྨྲ་བ་དག་གིས་མཚོན་པའི་ཕྱིར་དང་། རྒྱུ་མཚན་གཞན་ཡང་ཡོངས་གྲགས་ལྟར་རང་རྒྱུད་པས་སྒྲས་ཟིན་ལ་སྐྱེ་སོགས་བདེན་པར་གྲུབ་པ་དང་དོན་དམ་པར་གྲུབ་པ་རེད་ཅེས་ཁས་མ་བླངས་ཀྱང་། རྫས་སུ་གྲུབ་པ་དང་ངོ་བོ་ཉིད་ཀྱིས་གྲུབ་པ་སོགས་དངོས་སུ་ཁས་ལེན་པའི་རྟགས་ཀྱིས་བདེན་གྲུབ་དང་དོན་དམ་པར་གྲུབ་པ་ཡང་ཁས་བླངས་སུ་སོང་བའི་ཕྱིར་རོ། །དེ་ཡང་བཞི་བརྒྱ་པའི་འགྲེལ་ཆེན་ལས། [25]རང་བཞིན་དང་། བདེན་པ་དང་། སྙིང་པོ་དང་། དངོས་པོ་རྫས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་ལ། ཞེས་དང་། [26]རང་བཞིན་དང་བདག་དང་རྟག་པ་དང་བརྟན་པ་ཞེས་བྱ་བ་རྣམ་གྲངས་དག་གོ །ཞེས་དང་། སྟོང་ཉིད་བདུན་ཅུ་པའི་རྒྱ་ཆེར་འགྲེལ་ལས། [27]བདག་གི་སྒྲས་ནི་རང་བཞིན་གྱི་རྣམ་གྲངས་ཀྱི་ཕྱིར། ཞེས་དང་། [28]རང་བཞིན་དང་ངོ་བོ་ཉིད་དང་དེ་ཁོ་ན་ཉིད་ཅེས་པ་རྣམ་གྲངས་སོ། །ཞེས་གསུངས་པའི་ཕྱིར། བདག་ཏུ་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ། རྫས་སུ་གྲུབ་པ། རང་མཚན་གྱིས་གྲུབ་པ། བདེན་པར་གྲུབ་པ་དང་སྙིང་པོ་རྟག་བརྟན་རྣམས་ནི་མིང་གི་རྣམ་གྲངས་ཙམ་ལས་དོན་ལ་ཁྱད་པར་ཅི་ཡང་མེད་པའི་ཕྱིར་རོ། །གཞན་ཡང་བདེན་གཉིས་རང་འགྲེལ་ལས། [29]ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོ་གནས་པའི་ཕྱིར་རོ། །ཞེས་དང་། བདེན་གཉིས་དཀའ་འགྲེལ་ལས། [30]ཇི་ལྟར་བྱིས་པ་ལ་སྣང་བ་དེ་བཞིན་དུ་བུམ་པ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་བཤད་པ་ལ་བརྟགས་ན་ཡང་། རང་རྒྱུད་པས་རང་གི་གྲུབ་མཐའི་ངོས་ནས་བདེན་གྲུབ་ཁས་མི་ལེན་ན་ཡང་འཇིག་རྟེན་པའི་ཤེས་ངོ་ལ་ཐ་སྙད་ཀྱི་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་གྲུབ་པར་ཡུལ་ཡུལ་ཅན་གནས་སྣང་མཐུན་པར་ཁས་ལེན་པས་ན་དངོས་སུ་བདེན་གྲུབ་ཁས་མི་ལེན་ན་ཡང་ཁས་བླངས་སུ་སོང་ཞེས་ཞིབ་ཆ་དགོས་སོ། །དེས་ན་དངོས་ཡོད་གནས་ཚུལ་ལ་འདི་པས་འདོད་པ་ལྟར། རང་བཞིན་དང་རང་མཚན་དང་རྫས་སུ་གྲུབ་པ་གསུམ་འཐད་པ་ཡིན་ན་བདེན་གྲུབ་དང་བདག་ཏུ་གྲུབ་པ་ཡང་མི་འཐད་པའི་སྒྲུབ་བྱེད་མི་སྲིད་པའི་ཕྱིར་ཏེ། བྱས་པ་འཐད་ན་སྐྱེས་པ་མི་འཐད་པའི་སྒྲུབ་བྱེད་སངས་རྒྱས་ལ་དྲིས་ཀྱང་གསུང་མི་ཤེས་པའི་ཕྱིར་རོ། །རྒྱུ་མཚན་དེ་བས་ན་རང་རྒྱུད་པ་རྣམས་ཀྱིས་ཀྱང་རང་མཚན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པ་ཁས་བླངས་པའི་སྟོབས་ཀྱིས། བདེན་གྲུབ་དང་བདག་ཏུ་གྲུབ་པ་ཡང་ཚིག་གིས་མི་འདོད་ན་ཡང་དོན་ལ་དེ་ལྟར་ཁས་བླངས་སུ་སོང་བར་ལུང་རིགས་གཉིས་ཀྱིས་གྲུབ་པའི་ཕྱིར་དབུ་མ་པ་དངོས་སུ་ཤིན་ཏུ་འཐད་དཀའོ་ཞེས་ཁོ་བོས་དབུགས་ཕྱུང་ནས་བཤད་པ་ཡིན་ནོ།།
གཉིས་པ་ལ་ནི་ལུང་རིགས་གཉིས། །དང་པོ། འཇུག་པ་ལས། [31]སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན། །ཞེས་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། [32]མཚན་མ་མེད་ལ་མ་ཞུགས་པར། །ཐར་པ་མེད་ཅེས་གསུངས་པའི་ཕྱིར། །ཞེས་དང་། རྩ་ཤེས་ལས། [33]སྡུག་བསྔལ་ངོ་བོ་ཉིད་ཡོད་ལ། །འགོག་པ་ཡོད་པ་མ་ཡིན་ནོ། །ཞེས་དང་། [34]ངོ་བོ་ཉིད་ནི་ཡོངས་འཛིན་པས། །འབྲས་བུ་ངོ་བོ་ཉིད་ཀྱིས་ནི། །ཐོབ་པ་མིན་པ་གང་ཡིན་དེ། །ཇི་ལྟར་ཐོབ་པར་ནུས་པར་འགྱུར། །ཞེས་དང་། དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལས། [35]གལ་ཏེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་མ་ཡིན་ན། དེའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་མ་ཐོབ་པ་ཐོབ་པར་བྱ་བ་གང་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཐོབ་པར་བྱ་བ་ཡང་མེད་པར་འགྱུར་ལ། ཞེས་གསུངས་པ་ལྟར། ངོ་བོ་ཉིད་ཀྱིས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པར་ཁས་ལེན་ནོ་ཅོག་ལ་ཐར་པ་དང་དེ་འཐོབ་བྱེད་ལམ་གྱི་གཙོ་བོ་དེ་ཡང་མེད་པར་ཚིག་དོན་གཞན་ནས་གཞན་དུ་སྒྱུར་མི་དགོས་པར་སྒྲ་ཇི་བཞིན་དུ་གསལ་ལོ། །གཞུང་དེ་དག་གིས་ནི་བྱེ་མདོ་གཉིས་ཙམ་མ་ཡིན་པར་རང་བཞིན་ནམ་རང་མཚན་གྱི་དངོས་པོ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཀུན་བཀག་པས་ན་རང་རྒྱུད་པ་ཡང་ཁེགས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལས། [36]དེ་ལྟ་བས་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་དེ་ཁོ་ན་ཡིན་ལ་དེ་མཐོང་བ་ཁོ་ནས་ཐར་པར་འགྱུར་ཏེ། ཞེས་དང་། [37]དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་དེའི་ཕྱིར་ཁོ་བོ་ཅག་ཉིད་ལ་དེ་ཁོ་ན་མཐོང་བ་ཡོད་པས་ཁོ་བོ་ཅག་ཁོ་ན་ལ་ཐར་པ་ཡང་འཐད་དོ། །ཞེས་གསུངས་པ་ལྟར། ཐར་པ་འཐོབ་པ་ལ་ངེས་པར་དུ་ངོ་བོ་ཉིད་མེད་པར་བསྟན་པའི་གཞུང་ལ་བརྟེན་དགོས་པའི་ཕྱིར། རང་རྒྱུད་པ་མན་ཆད་ཀྱི་གཞུང་ལས་ཐར་ལམ་ཕྱོགས་རེ་ཙམ་བསྟན་ཡོད་ན་ཡང་། ཆོས་ཀུན་རང་མཚན་གྱིས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་མཁྱེན་པའི་ལམ་གྱི་གཙོ་བོ་དང་དེ་ལ་བརྟེན་པའི་ཐར་པ་གཉིས་གང་ཡང་འཐོབ་རྒྱུ་མེད་པར་ཤུགས་ཀྱིས་གྲུབ་བོ།།
གཉིས་པ། ནང་གི་དགྲ་བོ་གཏི་མུག་བདེན་འཛིན་ལས་ཐར་བའི་ཐར་པ་འཚོལ་བ་ལ་ནི་ཐོག་མར་བདེན་འཛིན་གྱི་འཛིན་སྟངས་ཡུལ་དེ་ངོ་འཕྲོད་པའི་སྒོ་ནས་དེ་དང་དངོས་འགལ་དུ་སོང་བའི་དགག་བྱ་ངོ་བོ་ཉིད་ཀྱིས་གྲུབ་པ་སྟེ་དེས་སྟོང་པའི་སྟོང་ཉིད་ཕྲ་མོ་དེ་ཤེས་རྟོགས་བྱ་དགོས། དེ་ཡང་ཐ་སྙད་དུ་རང་མཚན་མ་བཀག་ན་ཐབས་གཞན་གྱིས་ཤེས་མི་ནུས་པས་ན་རང་རྒྱུད་པའི་རང་ལམ་ལས་ཐར་པ་མེད་པར་བདེ་བླག་ཏུ་གྲུབ། མ་ཟད་ཐར་པ་ནི་གཉེན་པོའི་སྟོབས་ཀྱིས་ལས་ཉོན་ཟད་པར་བྱས་ཏེ་འཐོབ་དགོས་པས་རང་རྒྱུད་པའི་ལུགས་ལ་ནི་ལས་ཉོན་ཟད་པ་མི་འཐད་དེ་ལས་ཉོན་རང་བཞིན་གྱིས་གྲུབ་པར་ཁས་ལེན་པའི་ཕྱིར། ཁྱབ་སྟེ། རང་བཞིན་ལ་ཟད་རྒྱུ་མེད་དེ། མེད་པའི་ཕྱིར། གལ་ཏེ་མེད་ཀྱང་ཟད་རྒྱུ་ཡོད་ན་རི་རྭ་ལ་ཡང་ཟད་རྒྱུ་ཡོད་པ་དང་དེ་མི་རྟག་པར་ཐལ་ལོ། །དེས་ན་དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་དངོས་སུ་ཁས་བླངས་ཕྱིན་ཆད་དེ་ནམ་ཡང་རིགས་པས་འགོག་ཐབས་མེད་པར་དངོས་སྟོབས་ཀྱིས་གྲུབ། དེ་ཁེགས་མ་ཐུབ་ཕྱིན་ཆད་བདེན་འཛིན་ལྡོག་མི་སྲིད་པ་ཡང་ལུང་ལ་བརྟེན་པའི་རྗེས་དཔག་དང་དངོས་པོའི་སྟོབས་ཤུགས་ཀྱི་རིགས་པ་གཉིས་ཀས་གྲུབ་ཐུབ་པའི་ཕྱིར། རང་རྒྱུད་པ་མན་ཆད་ཀྱི་རང་ལམ་ལས་ཐར་པ་ཐོབ་མི་ནུས་པ་དང་དེ་དག་གི་ལུགས་ལ་ཐར་པ་སྒྲུབ་པའི་སྒྲུབ་བྱེད་ཡང་དག་མེད་ཚུལ་དེ་ལྟར་ཤེས་པར་བྱའོ།།
གཉིས་པར་རྒྱུ་མཚན་དངོས་བསྟན་ལ། །ལུང་རིགས་གཉིས་ལས་དང་པོ་ནི། །རྩ་ཤེས་ལས། [38]གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་དང་། རྩོད་ཟློག་ལས། [39]གང་ལ་སྟོང་པ་ཉིད་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །ཅེས་དང་། རྩ་ཤེས་ལས། [40]རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང་། རྩོད་ཟློག་ལས། [41]གང་ཞིག་སྟོང་དང་རྟེན་འབྱུང་དང་། །དབུ་མའི་ལམ་དུ་དོན་གཅིག་པར། །ཞེས་དང་། འཇུག་པ་ལས། [42]དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་རྒྱ་ཆེར་གསུངས་པ་ལྟར། ཐ་སྙད་ཀྱི་ཆོས་ཐམས་ཅད་མཐར་གཏུགས་ན་རྟེན་འབྱུང་ལྟོས་གྲུབ་དང་། སྟོང་པ་ཉིད་ཀྱི་ར་བ་ལས་ཕྱིར་འདའ་བ་མེད་པས་ན། དེ་ལྟ་བུའི་རྣམ་གཞག་ནི་ཕ་ལ་བརྟེན་ནས་བུ་བྱུང་བ་དང་བུ་ལ་བརྟེན་ནས་ཕ་བཞག་པ་ལྟ་བུ་དང་། ཡང་ན་རྒྱུ་ལ་བརྟེན་ནས་འབྲས་བུ་བྱུང་བ་དང་འབྲས་བུ་ལ་བརྟེན་ནས་རྒྱུ་བཞག་པ་ལྟ་བུ་རྟེན་འབྱུང་ལྟོས་གྲུབ་ཀྱི་རྣམ་གཞག་རགས་པ་དང་། ལྷ་ཁང་དགེ་འདུན་གྱིས་སྟོང་པ་དང་ཀ་བ་བུམ་པ་མ་ཡིན་པ་ལྟ་བུ་ཆོས་ངོ་བོ་ཐ་དད་ཀྱིས་སྟོང་པའི་གཞན་སྟོང་དང་མི་མཚུངས་པར་དབུ་མ་ཐལ་འགྱུར་བའི་གཞུང་ནས་བསྟན་པའི་རིགས་པ་ཁོ་ན་ལ་བརྟེན་ནས་གྲུབ་དགོས་པའི་ཕྱིར། ཐ་སྙད་ཀྱི་རྣམ་གཞག་གཏན་ལ་འབེབས་པ་ལ་གྲུབ་མཐའ་སྨྲ་བ་ཀུན་ཀྱི་རྩེ་མོར་སོན་པ་ནི་དབུ་མ་ཐལ་འགྱུར་བ་ཁོ་ན་ཡིན་ནོ།།
གཉིས་པ། རིགས་པས་ཀྱང་གྲུབ་སྟེ། རང་རྒྱུད་པ་མན་ཆད་ཀྱི་གྲུབ་མཐའ་ལ་ནི་གོང་མ་གོང་མའི་རིགས་པས་གནོད་པ་གང་ཞིག་ལ་ཐལ་འགྱུར་བའི་ལུགས་ཀྱི་བདེན་གཉིས་ལ་གནོད་བྱེད་ཀྱི་རིགས་པ་སྲིད་པ་གསུམ་ན་རྙེད་དུ་མེད་པའི་ཕྱིར་རོ། །སྔགས་གཞུང་ནས་བཤད་པའི་ལྷ་སྐུའི་ཞིང་ཁམས་ནི། འཇུག་པ་ལས། [43]ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ། །ཞེས་གསུངས་པ་དེས་ཐག་བཅད་འདུག་པས་འདིར་རྙོག་གླེང་བྱེད་མི་དགོས། དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་ཆོས་ཐམས་ཅད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་ཆེས་འཐད་པར་སྒྲུབ་པ་ལ་ཚད་མའི་གནོད་པ་མེད་ཅིང་སྒྲུབ་བྱེད་བརྒྱ་ཕྲག་དང་སྟོང་ཕྲག་ཡོད་བཞིན་དུ་ད་དུང་ཀ་བ་དགག་དགོས། བུམ་པ་དགག་དགོས། ཡོད་པ་དགག་དགོས། མེད་པ་དགག་དགོས་ཞེས་བཤད་པ་ནི། རིགས་པ་གང་གིས་གཞི་གང་ཞིག་ལ་དགག་སྒྲུབ་བྱས་པ་ལ་དགོས་དོན་དང་རིགས་པས་ཅི་ཞིག་འགོག་ཚུལ་དང་དེ་ཇི་ལྟར་ཁེགས་ཚུལ་གྱི་གནད་དོན་ཇི་ལྟ་བ་བཞིན་དུ་མ་གོ་བའི་མངོན་རྟགས་ཙམ་རེད། མདོར་ན་ཐ་སྙད་གྲུབ་མཐའ་སྨྲ་བའི་རྩེ་མོར་སོན་པ་ལ་གོང་དུ་བཤད་པ་བཞིན་སྟོང་རྟེན་འབྱུང་གི་རྣམ་གཞག་ཕྲ་མོ་ཤེས་པ་ལ་རག་ལས་པས་ན་དེའི་རྣམ་གཞག་དཔྱིས་ཕྱིན་པར་འཆད་མ་ཐུབ་ཚེ་མངོན་པ་མཛོད་དང་གཞན་ཡང་ཚད་མ་སྡེ་བདུན་བཞིན། ཐ་སྙད་ཀྱི་ཆོས་ལ་རྣམ་གྲངས་དང་གོ་རིམ། གྲངས་ངེས། བརྗོད་བྱ་དང་རྗོད་བྱེད། ཤེས་བྱ་ཤེས་བྱེད། ཡུལ་ཡུལ་ཅན་སོགས་ཀྱི་རྣམ་གཞག་ཇི་ཙམ་ཞིབ་མོར་ཕྱེ་ན་ཡང་ཐ་སྙད་གྲུབ་མཐའ་སྨྲ་བའི་རྩེ་མོར་སྐྱེལ་མི་ནུས་ཞེས་སྒྲུབ་བྱེད་རྣམ་དག་ཏུ་བཟུང་བ་ཡིན་ནོ།།
བརྟག་པ་གཉིས་པ་རྣམ་པར་གཞག །ཤེས་བྱ་ཐམས་ཅད་རིགས་པས་འགོག་པ་ཡིན་ཏེ། དེས་དཔྱད་ན་གང་ཡང་མ་རྙེད་པའི་ཕྱིར་ཟེར། འོ་ན་ངོ་བོ་ཉིད་དང་སྟོང་གཞི་ཆོས་ཅན་གཉིས་ལས་གང་ལ་དཔྱད། དང་པོ་ལྟར་ན། ཁྱབ་པ་མ་ངེས་ཏེ། ངོ་བོ་ཉིད་དུ་གྲུབ་མ་གྲུབ་དཔྱད་ནས་མ་རྙེད་པའི་རྒྱུ་མཚན་གྱིས་ཁེགས་པ་ཡིན་ན་གཞི་འགའ་ཞིག་ཏུ་བུམ་པ་ཡོད་པར་བཙལ་ནས་མ་རྙེད་ཚེ་དེ་ཁེགས་པར་འགྱུར། དེ་ལྟ་ན་ནི་ཤེས་བྱ་ལ་བུམ་པ་ཁེགས་པར་ཐལ་ཏེ་གཞི་འགའ་ཞིག་ཏུ་ཁེགས་པ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ་བུམ་པ་དག་པའི་ས་ཕྱོགས་དེའི་ཕྱིར། གཞན་ཡང་བུམ་པ་ཀ་བའི་ངོ་བོར་བཙལ་ན་རྙེད་དུ་མེད་པས་ཀ་བ་མེད་ན་བུམ་པ་ཡང་མེད་དགོས་པར་ཐལ། མཚུངས་པའི་ཕྱིར། འདོད་ན་ཤེས་བྱ་ལ་ཆོས་གཅིག་ལས་མེད་པར་ཐལ་ལོ།།
གཉིས་པ་ལྟར་ན་རྟགས་མ་གྲུབ་སྟེ། སྟོང་གཞི་ཆོས་ཅན་ཐ་སྙད་དུ་ཡོད་པའི་ལས་འབྲས་ལྟ་བུ་གྲུབ་མ་གྲུབ་དཔྱད་དགོས་མེད་ལ། དེར་དཔྱད་པ་ནམ་ཡང་མི་འཇུག་པའི་ཕྱིར་ཏེ། དཔྱོད་བྱེད་རིགས་པ་དེ་ནི་གནས་ལུགས་འཚོལ་བྱེད་ཀྱི་རིགས་པ་བྱེ་བྲག་ཅིག་ཡིན་པ་ལས་ཐ་སྙད་ཀྱི་ཀ་བ་བུམ་པ་སོགས་འཚོལ་བྱེད་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ཐ་སྙད་རིགས་པ་དང་དོན་དཔྱོད་རིགས་པ་གཉིས་ཀྱི་ངོ་བོ་དང་བྱེད་ལས་སོ་སོ་ནས་ཡོད་པའི་ཕྱིར་རོ། །མ་ཟད་རིགས་པ་དེ་ལ་ཐ་སྙད་ཀྱི་ཆོས་རྣམས་ཡོད་མེད་ཡིན་མིན་གང་དུ་གྲུབ་མ་གྲུབ་འཚོལ་བ་ལ་དབང་ཆ་སྤུ་ཙམ་ཡང་མེད་པའི་ཕྱིར་ཏེ། དཔེར་ན་བུམ་པ་ཡོད་མེད་ཀྱི་རྣམ་གཞག་ནི་གཞན་ཀ་འཛིན་མིག་ཤེས་ལ་ལྟོས་མི་དགོས་པར། བུམ་འཛིན་མིག་ཤེས་རང་གིས་བུམ་པ་མཐོང་བ་དེ་ཙམ་གྱིས་བུམ་པ་རང་ཉིད་ཡོད་པར་བསླུ་མེད་དུ་འཇིག་རྟེན་པ་རྣམས་ལ་གྲུབ་པ་དང་། བུམ་མེད་ཀྱི་ས་ཕྱོགས་སུ་བུམ་པ་གཞི་མེད་རྩ་བྲལ་གྱི་རང་བཞིན་ཡིན་པ་ཡང་གནས་ལུགས་དཔྱོད་པའི་རིགས་པ་ལ་ལྟོས་མི་དགོས་པར་ཐ་སྙད་རིགས་པ་ཁོ་ནས་བསྒྲུབ་ཐུབ་པའི་ཕྱིར་རོ། །གནས་ལུགས་གཏན་ལ་འབེབས་སྐབས་ཐ་སྙད་ཀྱི་ཆོས་རྣམས་ཡོད་མེད་ཡིན་མིན་སྐྱེ་མི་སྐྱེ་སོགས་གང་ཡིན་མིན་དཔྱད་པ་བྱེད་མི་རུང་བ་ནི་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པ་རང་ཉིད་ཀྱི་དགོངས་པ་ཡིན་ཏེ། འཇུག་པ་ལས། [44]གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དང་། [45]གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །ཞེས་དང་། [46]རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་དང་། ཚིག་གསལ་ལས། [47]དེ་ནི་དེ་ལྟར་མ་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ལ་དེ་ལྟར་རྣམ་པར་དཔྱོད་པ་མི་འཇུག་པའི་ཕྱིར་དང་། འཇིག་རྟེན་པའི་དངོས་པོ་རྣམས་ནི་མ་བརྟགས་པར་ཡོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། གལ་ཏེ་ཐ་སྙད་བདེན་པ་དཔྱད་པ་ལ་དགོས་པ་ཡོད་དེ། དེ་ནི་བདེན་འཛིན་གྱི་དམིགས་གཞི་ཡིན་པས་བརྟགས་ཤིང་དཔྱད་དེ་མ་བཀག་པ་ཡིན་ན་བདེན་འཛིན་ལྷན་སྐྱེས་ལྡོག་མི་ནུས་པའི་ཕྱིར་ཏེ། བདེན་གྲུབ་རྐྱང་པ་ལ་དམིགས་པའི་བདེན་འཛིན་སྐྱེ་མི་སྲིད་པའི་ཕྱིར་ཞེེ་ན། གཏན་ཚིགས་དེ་ནི་མ་ངེས་པ་ཡིན་ཏེ། སྒྲ་རྟག་པ་འགོག་བྱེད་ཀྱི་ཐ་སྙད་རིགས་པས་ཀྱང་སྒྲ་བཀག་པར་ཐལ་ཏེ་དེ་སྒྲ་རྟག་པ་འགོག་བྱེད་ཡིན་པ་གང་ཞིག་དེ་འཛིན་རྟོག་པ་དེ་ཁྱད་གཞི་སྒྲ་ལ་བརྟེན་ནས་སྐྱེ་བ་གང་ཞིག་རྟག་པ་ཡན་གར་བ་ལ་དམིགས་ནས་སྒྲ་རྟག་པར་འཛིན་པ་མེད་པའི་ཕྱིར། ཁྱབ་པ་འགྲིག འདོད་མི་ནུས་ཏེ། སྒྲ་མི་རྟག་པ་སྒྲུབ་བཞིན་དུ་སྒྲ་དགག་དགོས་ན་སྒྲ་ཡོད་པར་སྒྲུབ་པའི་རིགས་པས་སྒྲ་འགོག་པར་འགྱུར་བས་སྒྲ་ཡོད་མེད་གཉིས་ཀ་ཡིན་པར་ཐལ་བ་ལ་ལན་མེད་པར་འགྱུར་རོ། །གཞན་ཡང་དེ་འདྲའི་གཏན་ཚིགས་དེ་ལ་བསམས་ན་སྐྱེས་བུ་ནད་ཅན་ཚོས་རང་གི་མགོ་ནད་སེལ་ཆེད་མགོ་གཏུབ་དགོས་པ་དང་། མིག་ནད་སེལ་ཆེད་མིག་གདོན་དགོས་པའི་གྲོས་གཞི་བཏིང་བ་ཙམ་ལས་མིག་མདུན་ན་མཐོང་བཞིན་པའི་ཤེས་བྱ་ཐམས་ཅད་ཁེགས་པའི་དུས་ནམ་ཡང་མི་སྲིད་དེ། འདི་ལྟར་སྤྱོད་འཇུག་ལས། [48]ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་པའི་དཔེ་ལྟར། བདེན་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པས་བདེན་འཛིན་གྱི་འཛིན་སྟངས་ཡུལ་བདེན་པར་གྲུབ་པ་དེ་ཁོ་ན་སུན་ཕྱུང་བ་ན། བདེན་འཛིན་རྩད་ནས་གཞོམ་ནུས་པའི་ཕྱིར་ཐམས་ཅད་དགག་དགོས་པའི་དོན་མེད་ངལ་བ་ཁྱད་གསོད་བྱས་པ་འདི་ནི་འབྲས་བུ་འཐོབ་རྒྱུ་མེད་བཞིན་དུ་རྒྱུ་རྩོམ་པར་རེ་བ་ཙམ་མོ། །དེས་ན་བྱང་ཆུབ་སེམས་འགྲེལ་ལས། [49]མདོར་ན་ཕུང་པོ་ལྔ་རྣམས་ནི། །ཆོས་ཀུན་ཞེས་ནི་བཤད་པ་ཡིན། །དེ་ཉིད་ཇི་བཞིན་བཤད་པ་ན། །ཀུན་རྫོབ་རྒྱུན་ནི་ཆད་མི་འགྱུར། །ཞེས་དང་མདོ་ལས། [50]དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཁོ་ན་སྟེ། ཞེས་གསུངས་པ་ལྟར། སྤྱི་ཡོངས་ནས་འཁོར་བའི་ཆོས་ཐམས་ཅད་དང་གནས་ལུགས་སྟོང་པ་ཉིད་ནི་ཐོག་མར་ཆགས་པའི་སྐབས་དང་། མཐར་ཟད་པའི་སྐབས་ནམ་ཡང་མི་སྲིད་པའི་ཕྱིར་ན་རྒྱུ་འབྲས་རྟེན་འབྲེལ་གྱི་རིགས་པ་ལ་བསླུ་བ་ཡོད་ན་དེར་ཟད། གཞན་རྒྱུ་ལ་བརྟེན་ནས་འབྲས་བུ་བྱུང་བ་ལྟ་བུ་སྣང་བ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ནི་ཇི་སྲིད་ནམ་མཁའ་མ་ཟད་བར་དུ་གནས་པ་ལ་སུས་ཀྱང་ཐེ་ཚོམ་མི་དགོས་པའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་བགྲང་བྱ་བཅུ་དགུའི་སྔ་རོལ་ནས་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའམ་སྤྲོས་བྲལ་དུ་གཏན་ལ་ཕབ་ཟིན་ཀྱང་། ད་དུང་ཤེས་བྱའི་ཆོས་ལ་ཟད་མཐའ་མེད་པར་མེ་ལ་བརྟེན་ནས་དུ་བ་འབྱུང་བ་ལྟ་བུ་བྱ་བ་བྱེད་པའི་རིགས་པ་དང་། མེ་ཡི་ངོ་བོར་ཚ་རེག་མི་ལྡོག་པ་ལྟ་བུ་ཆོས་ཉིད་རིགས་པ། མེ་སྐད་ཅིག་སྔ་མ་སྔ་མ་ཞིག་པ་ལ་བརྟེན་ནས་སྐད་ཅིག་ཕྱི་མ་ཕྱི་མ་འབྱུང་བ་ལྟ་བུ་ལྟོས་གྲུབ་ཀྱི་རིགས་པ་དེ་གསུམ་ག་ལ་རིགས་པ་མཆོག་དམན་གང་གིས་ཀྱང་གནོད་པ་མེད་པར་འཐད་སྒྲུབ་རིགས་པས་གྲུབ་པའི་ཕྱིར་རོ།།
མུ་འགོད།
[1] ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། སྟོད་ཆ། ཤོག་གྲངས། ༥༧ པའི་འོག་མཆན་དུ་གསལ།
[2] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༡༥ པར་གསལ།
[3] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༣༧ པར་གསལ།
[4] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༤༡ པར་གསལ།
[5] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༦༡ པར་གསལ།
[6] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༡༣༧༨ པར་གསལ།
[7] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༡༣༨༨ པར་གསལ།
[8] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༣༨༨ པར་གསལ།
[9] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༤༢ པར་གསལ།
[10] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༥༥༨ པར་གསལ།
[11] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༥༥༨ པར་གསལ།
[12] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༩༤ པར་གསལ།
[13] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༢༠༦ པར་གསལ།
[14] ཡེ་ཤེས་སྡེ་པར་མ། དེབ་གཟུགས་། ཤོག་གྲངས། ༢༠༧ པར་གསལ།
[15] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༣༣༥ པར་གསལ།
[16] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༣༨ པར་གསལ།
[17] དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ། ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༧༡ པར་གསལ།
[18] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༡༧༢ པར་གསལ།
[19] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༩༦ པར་གསལ།
[20] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༡༦ པར་གསལ།
[21] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༤༧༤ པར་གསལ།
[22] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༡༨ པར་གསལ།
[23] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༧༢ པར་གསལ།
[24] ལ་དྭགས་མང་སྤྲོ་དགོན། ཤེས་རིག་བདེ་དོན་ཚོགས་པའི་པར་མ། དེབ་གཟུགས། ཤོག་གྲངས། ༤༡༤ པར་གསལ།
[25] ལ་དྭགས་མང་སྤྲོ་དགོན། ཤེས་རིག་བདེ་དོན་ཚོགས་པའི་པར་མ། དེབ་གཟུགས། ཤོག་གྲངས། ༢༣༡ པར་གསལ།
[26] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༦༨ པར་གསལ།
[27] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༧༨ པར་གསལ།
[28] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༤༢ པར་གསལ།
[29] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༤༢ པར་གསལ།
[30] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༩༥ པར་གསལ།
[31] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༢ པར་གསལ།
[32] ནང་ཆོས་ངོ་སྤྲོད་སེམས་ཀྱི་གསང་བ། ཤོག་གྲངས། ༡༧༦ པར་གསལ།
[33] དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ། ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༦༦ པར་གསལ།
[34] དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ། ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༦༩ པར་གསལ།
[35] དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ། ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༧༢ པར་གསལ།
[36] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༣༣༨ པར་གསལ།
[37] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༣༣༧ པར་གསལ།
[38] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༡༠༦ པར་གསལ།
[39] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༡༦ པར་གསལ།
[40] དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ། ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༦༤ པར་གསལ།
[41] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༡༦ པར་གསལ།
[42] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༡༥ པར་གསལ།
[43] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༡ པར་གསལ།
[44] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༡༥ པར་གསལ།
[45] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༨ པར་གསལ།
[46] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༣༦ པར་གསལ།
[47] ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༡༠༥ པར་གསལ།
[48] ཀུན་བཏུས་ནང་དྲངས་ཡོད། གླིང་པར་མ། དེབ་གཟུགས། ཤོག་གྲངས། ༡༨༠ པར་གསལ།
[49] སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༢༤ པར་གསལ།
[50] ཚིག་གསལ། ཡེ་ཤེས་སྡེ་པར་མ། དཔེ་རིང་། ཤོག་གྲངས། ༥༦ པར་གསལ།