དུས་རབས་གསར་པ་སྔོན་བསུ་བྱེད་པའི་ས་ཚུགས་སུ། ཁེ་ལས་པ་དང་སྲིད་གཞུང་བ་དག་གིས་ཀྱང་དེ་ལ་མིག་དཔེ་ལེན་གྱིན་ཡོད།
རྩོམ་པ་པོ། ཡཱེ་ཧན་ཕཱ་ཁཱི།
ལོ་རིམ་གཉིས་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།
འདས་ཟིན་པའི་དུས་རབས་ཕྱེད་ཀྱི་རིང་ལ། དཀར་ཟས་རིང་ལུགས་པ་གཙང་མ་ཞིག་ནི་རྒྱུན་ལྡན་ལྟར་ན། གྲངས་ཉུང་མི་རིགས་ནང་གི་ཉུང་ཤོས་ཤིག་ཆགས་ཡོད། བརྟག་ཞིབ་མཇུག་འབྲས་ལྟར་ན། ༢༠༡༥ ལོར་ཨ་རིའི་མི་གྲངས་ ༣·༤% ཙམ་དཀར་ཟས་པ་དང་། དེ་ལས་ཀྱང་མི་གྲངས་ ༠·༤% ཙམ་མ་གཏོགས་དཀར་ཟས་རིང་ལུགས་པ་མི་འདུག ཡིན་ནའང་ ༢༠༡༩ ལོ་ནི་དཀར་ཟས་རིང་ལུགས་པ་དག་གཙོ་བོར་འཛིན་པའི་ལོ་ཞིག་རེད།
དམིགས་བསལ་གྱི་དུས་རབས་གསར་པའི་ནང་དུ་མི་རྣམས་ཀྱིས་འཚོ་བ་ལ་བཟུང་བའི་འདོད་མོས་སམ་དགའ་ཕྱོགས་ནི། དམར་ཟས་དང་ཀོ་ཆས་ཀྱི་རིགས་གཅིག་པུ་མ་ཡིན་པར། སྒོ་ང་དང་། ལུག་བལ་དང་། དར་གོས་ཙམ་མ་ཟད། སྲོག་ཆགས་དང་འབྲེལ་ཡོད་ཀྱི་དངོས་རྫས་ཡོད་དོ་ཅོག་མྱུར་ཚད་ལྡབ་ཀྱིས་འཕར་གྱིན་འདུག ཨ་རིའི་ལོ་ན་ ༢༥-༣༤ བར་གྱི་མི་སྣའི་བརྒྱ་ཆ་བཞི་ཆ་ལས་གཅིག་ (༡/༤) གིས་དཀར་ཟས་རིང་ལུགས་པ་གཙང་མའམ་དཀར་ཟས་རིང་ལུགས་པ་ཡིན་ཞེས་ལབ་ཀྱིན་ཡོད།
ད་ལྟ་དཀར་ཟས་ཀྱི་མཁོ་འདོན་བྱེད་སྒོ་ཡང་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་གི་ཡོད། མཱིས་ཏཱང་ལོས་ (麦老当 | McDonald) ཐོག་མར་ཨེམ་སི་དཀར་ཟས་བཟའ་བཅའ་ (Mcvegan | 汉堡) ཕྱིར་འཚོང་བྱེད་སྐབས་ནས་ ༢༠༡༨ ལོའི་ཟླ་ ༠༦ པའི་བར་ཨ་རིའི་དཀར་ཟས་གཙང་མའི་བཟའ་བཅའི་ཕྱིར་འཚོང་འཕེལ་ཕྱོགས་ཀྱི་མྱུར་ཚད་ནི་རྒྱུན་ལྡན་བཟའ་བཅའི་ཕྱིར་འཚོང་ལས་ལྡབ་བཅུས་འཕར་བ་རེད། གཞི་རྒྱ་ཆེ་བའི་བཟའ་བཅའི་སྤྱི་གཉེར་ཁང་གིས་དུས་རླབས་ཀྱི་རྗེས་ཟིན་ཏེ། རང་གིས་གསར་གཏོད་ཀྱིས་དཀར་ཟས་རིང་ལུགས་པ་སྐྲུན་པ་དང་། བྱེད་སྒོ་གསར་པའི་སྤྱི་གཉེར་ཁང་འཛུགས་པ་སོགས་རང་གཞན་གཉིས་ཕན་གྱི་བྱ་བ་སྒྲུབ་ཀྱིན་ཡོད།
ཊཱའི་སན་བཟའ་བཅའ་ (Tyson Foods) སྤྱི་གཉེར་ཁང་ནི་གཞི་རྒྱ་ཆེ་བའི་ཤ་རིགས་ཚོང་ཁང་ཞིག་ཡིན། དམིགས་བསལ་ཅན་གྱི་ཤའི་རིགས་རྣམས་རྒྱ་ཆ་ ༥% ལས་བརྒལ་བའི་མ་རྐང་ཡོད། བཟའ་བཏུང་མཉམ་འབྲེལ་ཚོང་སྡེ་ལས་ (TGI Friday’s) གཟའ་པ་སངས་ལ་ཤ་མེད་བག་ལེབ་ཕྱིར་འཚོང་བྱས་པ་དང་། འདི་ལྟ་བུའི་དབང་དུ་བཏང་ན་ཕག་ཤ་སོགས་ཤ་ཆེན་དག་ཀྱང་ལྷད་མེད་དཀར་ཟས་ཀྱི་གྲས་སུ་གཏོགས་པ་མིན་ནམ་སྙམ།
ཨ་རིའི་སློབ་ཆེན་ཨང་གཉིས་པར་ཚུད་པའི་ལཱོ་ཧྲན་ཇིས་ (洛杉矶 | Los Angeles) སློབ་གྲྭའི་ཁུལ་དུ་ ༢༠༡༨ ནས་འགོ་བཟུང་སྟེ་ ༢༠༡༩ བར་ཡོངས་རྫོགས་ལ་སླད་མེད་དཀར་ཟས་མཁོ་འདོན་བྱས་པ་དང་། ༢༠༡༨ ལོའི་ལོ་འཁོར་གྲོས་ཚོགས་སྟེང་ཨ་རིའི་གསོ་རིག་མཐུན་ཚོགས་ཀྱིས་ཀྱང་སྨན་ཁང་དག་ལ་ཟས་རིགས་སྣ་འཛོམས་ཀྱི་འབོད་སྐུལ་བྱས་པ་རེད། ཡིན་ནའང་རྒྱལ་ཁབ་ཕལ་ཆེ་བའི་སྲིད་གཞུང་གིས་དཀར་ཟས་རིང་ལུགས་པ་ལ་མོས་མཐུན་ནམ་རྒྱབ་སྐྱོར་བྱས་མེད། འོན་ཀྱང་འདི་འདྲའི་གནས་ཚུལ་དག་ལ་ ༢༠༡༩ ལོར་གཞི་ནས་འགྱུར་བ་ཐེབས་ཏེ། ད་ལྟ་ཡོ་རོབ་ཨུ་ཡོན་ལྷན་ཁང་གིས་ཀྱང་ཐག་གཅོད་རང་བཞིན་ཅན་གྱིས་ག་འདྲ་ཞིག་ལ་དཀར་ཟས་རིང་ལུགས་པ་དང་དཀར་ཟས་རིང་ལུགས་པའི་བཟའ་བཅའ་ཟེར་བ་སོགས་ཁྲིམས་ལྡན་རང་བཞིན་ཅན་གྱིས་མཁོ་སྤྲོད་ཐག་གཅོད་ཀྱང་བྱས་ཡོད་པ་རེད།
དེ་དང་དུས་མཉམ་དུ་ལྷད་མེད་དཀར་ཟས་བཟའ་བཅའ་སྤྱི་གཉེར་ཁང་གིས་བལྟས་ཚོད་ལ་མདོག་དང་བཟོ་ལྟ། བྲོ་བ་སོགས་གང་གི་ཆ་ནས་ཀྱང་ཤ་རིགས་དང་འདྲ་མཚུངས་སམ་ཤ་རིགས་ཀྱིས་ཚབ་མཚོན་ཐུབ་པའི་དངོས་རྫས་མང་པོ་བཟོ་མུས་ཡིན། ད་དུང་སྤུས་ཀ་མཐོ་བའི་ཤའི་བག་ལེབ་ལྟ་བུ་རྣམས་ཀྱང་ཤའི་ཚབ་ཏུ་ཁྲག་དང་འདྲ་བའི་མངར་ཚལ་[1]གྱི་ཁུ་བ་དམར་པོ་ལ་བརྟེན་ནས་བཟོས་ཡོད། ཧོལ་ལེན་ཌི་ (荷兰, Holland) སྤྱི་གཉེར་ཁང་ཝི་ཝེ་ར་ (Vivera) ཡིས་ཟོག་ཤ་ལེབ་མཐུག་ (牛排, steak) གི་ཚབ་ཏུ་བཟོས་པའི་དཀར་ཟས་བཟའ་བཅའ་དེ་སྤྱི་ཟླ་དྲུག་པའི་ནང་སྒོ་རྩིས་ཚོང་རའི་ (超市货架, Supermarket Shelves) སྒྲོམ་སྟེགས་སུ་འགྲེམས་པའི་ཚད་ལ་སླེབས་པ་དང་། གཟའ་འཁོར་གཅིག་གི་ནང་ཕྱིར་འགྲེམས་ཀྱི་གྲངས་ཀའང་ ༤༠,༠༠༠ ཡིན། གལ་ཏེ་རྩི་ཤིང་གིས་རྟེན་གཞི་བྱས་པའི་“ཤ་རིགས་”དར་འགོ་ཚུགས་ན། ལས་གཞི་དེ་ནི་གསར་བརྗེའི་འགྱུར་བའི་རང་བཞིན་གྱི་ལག་རྩལ་ཞིག་ཏུ་འགྱུར་ཐུབ་ལ། ནུབ་ཕྱོགས་མི་ཡི་སྤྲི་དཀར་བཅུད་ཀྱི་ལྗིད་ཚད་ཀྱང་ལེགས་བཅོས་སུ་གཏོང་ཐུབ། ད་དུང་ཕྱུགས་ལས་རིམ་པའི་ཁོར་ཡུག་ལ་བཏང་བའི་གཏོར་བརླག་ཀྱང་ཉུང་དུ་འགྲོ་ཐུབ་པར་མ་ཟད། ཚད་དམའ་བའི་དབུལ་པོའི་རྒྱལ་ཁབ་དག་གི་བཟའ་བཅའི་ཐོན་རྫས་ལའང་མ་གཞིའི་གོང་ཚད་ལྟར་བྱེད་ཐུབ་པའི་རེ་བ་ཡོད།
མ་རྩོམ་གྱི་ཡོང་ཁུངས་དབྱིན་ཇིའི་དུས་དེབ། «经济学人»
༢༠༡༩/༠༦/༠༩ གཟའ་ཉི་མའི་ཉིན་མཐའ་གྲུབ།
ཁ་བྱང་གི་འགྲེལ་ལམ་སྒྱུར་བ་པོའི་སྐད་ཆ།
ཤར་ཕྱོགས་ནང་པའི་རྒྱལ་བ་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཐུབ་པ་སངས་རྒྱས་མཆོག་དང་དེའི་རྗེས་འཇུག་དག་གིས་གཙོ་བོ་ཚེ་སྲོག་འདྲ་མཉམ་ལྟ་ཚུལ་ལམ་སྙིང་རྗེ་གཞི་ལ་བཞག་སྟེ། འདི་ཕྱི་གཉིས་ལ་ཕན་པའི་བླང་དོར་གྱི་རྣམ་གཞག་རྒྱས་འབྲིང་བསྡུས་གསུམ་གྱིས་དམར་ཟས་ཀྱི་ཉེས་དམིགས་དང་དཀར་ཟས་ཀྱི་དགེ་མཚན་སོགས་གསུང་གང་དགོས་དགོས་ཤིག་མཆིས་ཀྱང་། དེ་ནི་རྨོངས་པ་དང་རྗེས་ལུས་ཀྱི་རྣམ་པར་ལྟ་བས། འུད་གཏམ་དང་ཨ་གསར་ལ་དགའ་བའི་ཤ་སྒྲུབ་དགེ་བཤེས་དང་མཁན་པོ། རིག་གསར་བ་རུ་འབོད་པ་དག་གིས་ཧང་སང་མདོག་གིས་དེང་རབས་ཞེས་ཡོད་མདོག་སྟོན་གྱི་འདུག་ཀྱང་། དོན་གྱིས་དེ་རྣམས་ནི་གསར་པའི་གནས་སྟངས་ཀྱི་རྒྱུན་ཤེས་ཙམ་གྱིས་ཀྱང་དབུལ་བ་ཡིན་ཕྱིར། དེ་ཚོ་དང་དེ་དག་གིས་མགོ་སྐོར་ཐེབས་པའི་རོང་འབྲོག་མི་མང་དང་སློབ་གྲྭ་བ་ཁག ད་དུང་ལྷག་ཏུ་རང་གི་ཁོར་ཡུག་དང་ལས་དབང་ཁ་ཕྱོགས་གཅིག་པའི་རིགས་མཐུན་དག་ལ་བློ་སྐྱེད་ཏིལ་འབྲུ་ཙམ་ཡིན་ཡང་ཐོབ་པར་དམིགས་ཏེ། ནུབ་ཕྱོགས་པ་དག་གིས་ནི་ཕྱིའི་འཕྲོད་བསྟེན་དང་བདེ་ཐང་སོགས་ཕྱོགས་ཡོངས་ལ་དམིགས་ནས་ཡོ་རོབ་ཨུ་ཡོན་གྱིས་མཚོན། རྒྱལ་སྤྱིས་དཀར་ཟས་ལ་བཟུང་བའི་རྣམ་འགྱུར་དང་མང་གཙོའི་ཁྲོམ་ར་ཅན་གྱི་དཀར་ཟས་འཕེལ་ཕྱོགས་སོགས་ལ་རྒྱུས་ལོན་ཉུང་ཙམ་བྱེད་ཐུབ་ན། དཀར་ཟས་ཀྱི་དགེ་མཚན་དང་དེའི་སྐོར་གྱི་བློ་སྒོ་གསར་དུ་འབྱེད་པའི་རེ་བ་དང་ཀུན་སློང་ཁུར་ཏེ་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ ༢༠༡༩ ལོའི་ས་ག་ཟླ་བའི་ནང་གསུངས་པའི་“༢༠༡༩ ལོ་ནི་འཛམ་གླིང་གི་དཀར་ཟས་ལོ་རུ་ངོས་བཟུང་ཡོད་པ་རེད།” ཅེས་དཀར་ཟས་སྐོར་གྱི་བཀའ་སློབ་དེས་བསྐུལ་ཏེ། གང་མགྱོགས་མགྱོགས་ཀྱིས་དྲ་རྒྱ་ཁག་ཏུ་གསར་འགྱུར་རམ་མ་རྩོམ་དེ་ཡོད་མེད་བཙལ་བ་ན། དེ་ལ་དཔྱད་རྗོད་མང་བ་དང་། སྐད་གྲགས་ཀྱང་ཧ་ཅང་གིས་ཆེ་བས་སྒྱུར་རྩོམ་གྱི་ཉམས་མྱོང་དང་ཤེས་ཚད་སོགས་མཐོ་མིན་ལ་མ་ལྟོས་པར་རང་གིས་ནུས་པ་ཡོད་དགུ་བཏོན་ཏེ། གང་ཐུབ་ཐུབ་ཀྱིས་ས་ག་ཟླ་བ་དང་བསྟུན་མ་རྩོམ་འདི་བོད་ཡིག་ཏུ་སྒྱུར་བའི་ཐབས་ལ་འབད་པ་ཡིན།
[1] མངར་ཚལ་འདི་ནི་དབྱིན་སྐད་དུ་ Beetroot ཞེས་པའི་ལ་ཕུག་གམ་ཉུང་མའི་རིགས་ཅན་ཏེ། ཕྱི་ཤུན་དང་ནང་ཤའི་ཁ་དོག་དམར་པོ་ཁྲག་གཤེར་འདྲ་བ་ཡོད་ལ། དེང་སང་བོད་དབྱིན་སྦྲགས་མའི་ཚིག་མཛོད་དག་ཏུ་«ཉུང་དམར་»ཞེས་བསྒྱུར་ཡོད།