ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཚུལ་ཁྲིམས་མཐར་ཕྱིན།
སྡུག་བསྔལ་ཆུ་བཞིའི་རང་བཞིན་གཟིགས་ཏེ་འཁོར་བ་སྙིང་པོ་མེད་པ་དང་།།
རྒྱལ་སྲིད་དཔལ་འབྱོར་ཇི་ལྟར་མཆིས་ཀྱང་གཏན་གྱི་བདེ་བ་མི་རྙེད་པ།།
དེ་ལྟར་ཤེས་པས་རྒྱལ་སྲིད་སྤངས་ཏེ་དབེན་པའི་ནགས་ཚལ་གཤེགས་ནས་ནི།།
བདེན་བཞིའི་བླང་དོར་མ་ནོར་རྟོགས་ཏེ་འགྲོ་ལ་ཐར་པའི་ལམ་སྟོན་རྒྱལ།།
ཤེས་རབ་རྣོན་པོའི་རྣམ་དཔྱོད་གཅིག་གིས་ཤེས་བྱའི་གནས་ལུགས་ཐུགས་སུ་ཆུད།།
རྨད་བྱུང་རྟེན་འབྲེལ་བདུད་རྩིའི་ཆོས་ཀྱིས་སྐལ་ལྡན་གདུལ་བྱ་སྨིན་བྱེད་ཅིང་།།
དངོས་སྟོབས་རིགས་པའི་རལ་གྲིའི་སོ་ཡིས་བདག་འཛིན་ལོག་རྟོག་གཅོད་མཛད་པ།།
ཚུལ་གཉིས་ཟུང་འཇུག་ཤིང་རྟའི་སྲོལ་འབྱེད་ཟ་ཧོར་སྲས་པོས་བདག་སྐྱོངས་ཤིག།
ཅེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི་རྒྱལ་བ་དོན་ཀུན་གྲུབ་པའི་བཀའ་དྲི་མ་མེད་པ་དེ་ཉིད་ལ་མ་རིག་ལོག་རྟོག་གི་ཆུ་བོ་ཟློག་པར་བྱེད་པའི་བསྟན་བཅོས་ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་བརྟག་པ་བཅུ་གཉིས་པ་ལས་འཕྲོས་ཏེ་ཅུང་ཙམ་དཔྱད་པར་བྱ་བ་ལ།
གནས་མ་བུའི་འདོད་པ་བརྗོད་པ། རོང་ཟོམ་མ་ཧཱ་པཎྜི་ཏས་ཇི་ལྟར་བཞེད་ཚུལ། དེ་གཉིས་འགལ་མིན་ཇི་ལྟར་ཡིན་མིན་བཤད་པ། འཕྲོས་དོན་ཅུང་ཙམ་གླེང་བའོ། །དང་པོ་ལ་གཉིས་ཏེ་འདོད་པ་དངོས་དང་། དོགས་སྤོང་སྒོ་ནས་འཐད་པ་སྒྲུབ་པའོ།།
དང་པོ་འདོད་པ་དངོས་ནི།
ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། འདི་ལྟར་དགེ་བ་དང་མི་དགེ་བའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པ་པོ་དང་། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་འདོད་དང་མི་འདོད་པའི་ཟ་བ་པོ་དང་། གང་ཡང་ཕུང་པོ་སྔ་མ་ཡོངས་སུ་དོར་ནས་ཕུང་པོ་གཞན་ལེན་པས་འཁོར་བ་དང་གྲོལ་བ་གང་ཡིན་པ་དེ་བདག་ཡིན་ནོ་ཞེས་པ་འདི་ནི་བདག་གི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ལས་རྒྱུ་འབྲས་ཀྱི་རྟེན་དུ་གྱུར་པའི་རྟག་མི་རྟག གཅིག་ཐ་དད་གང་དུའང་བརྗོད་དུ་མེད་པའི་གང་ཟག་ཡོད་པར་འདོད་པ་ཡིན་ནོ། །དེ་ལྟར་མེད་ན་ལས་འབྲས་འཆོལ་བར་འགྱུར་རོ་ཞེས་འདོད་པ་ཡིན་ནོ།།
དབུ་མ་རྟོག་གེ་འབར་བ་ལས། གནས་མའི་བུའི་དམ་ཚིག་ནི་ཉེ་བར་བླང་བའི་ཉེ་བར་ལེན་པ་དང་ལྡན་པ་ནི་བཏགས་པའོ། །ཆོས་གང་ཡང་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོ་བ་མེད་དོ། །གང་ཟག་ནི་ཕུང་པོ་ལྔ་ཉེ་བར་བླངས་ནས་འཕོ་བར་འགྱུར་རོ། །འདུས་བྱས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ། །གང་ཟག་ནི་ཉེ་བར་བླངས་པའི་ཕུང་པོ་ཉིད་དང་གཅིག་པའམ། གཅིག་པ་མ་ཡིན་པར་བརྗོད་པར་མི་བྱའོ། །ཞེས་གསུངས་པ་བཞིན་ནོ།།
གཉིས་པ་དོགས་སྤོང་གི་སྒོ་ནས་འཐད་པ་སྒྲུབ་པ་ནི།
རྩ་བ་ལས། མུ་སྟེགས་ལྟ་བ་ཐལ་འགྱུར་ཕྱིར། །གང་ཟག་ཕུང་པོ་ལས་གཞན་མིན། །དུ་མ་སོགས་འགྱུར་ཕྱིར་དེ་ཉིད། །མ་ཡིན་དེ་ཕྱིར་བརྗོད་མེད་ལགས། །ཞེས་པ་ལྟར་གང་ཟག་ཕུང་པོ་ལས་ཐ་དད་ཡིན་ན་མུ་སྟེགས་ཀྱིས་ཀུན་ཏུ་བརྟགས་པའི་བདག་ཏུ་ལྟ་བར་འགྱུར་བའི་ཕྱིར་བདག་རྟག་པ་ལ་ལས་འབྲས་བྱེད་པ་པོ་དང་མྱོང་བ་པོ་མི་རིགས་ཏེ། ཐམས་ཅད་ལ་ཁྱད་མེད་པར་ཁྱབ་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །སྟོན་པས་བདག་རྟག་པའི་མཐའ་བཀག་པ་དང་། ཆོས་ཐམས་ཅད་བདག་མེད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །འོ་ན་གཅིག་ཡིན་ན་ཕུང་པོ་བཞིན་དུ་གང་ཟག་དུ་མ་ཡོད་པར་ཐལ་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། འཇིག་རྟེན་དུ་སྐྱེ་བ་ན་གང་ཟག་གཅིག་སྐྱེ་སྟེ། དེ་བཞིན་གཤེགས་པ་ལྟ་བུའོ། །ཕུང་པོ་ལྟར་མི་རྟག་པ་མ་ཡིན་ཏེ། རྒྱུན་ཆད་པ་མེད་པའི་ཕྱིར། ཕུང་པོ་བཞིན་དུ་འགྱུར་ན་སྟོན་པས་ཆད་པར་ལྟ་བའི་མཐའ་དགག་པར་མཛད་པས་རྒྱུ་མཚན་དེའི་ཕྱིར་ན་བརྗོད་དུ་མེད་པའི་གང་ཟག་ཡོད་པར་གྲུབ་པ་ཡིན་ནོ་ཞེས་འདོད་པའོ།།
གཉིས་པ་རོང་ཟོམ་མ་ཧཱ་པཎྜི་ཏས་ཇི་ལྟར་བཞེད་ཚུལ་ནི།
སེམས་ཅན་ལ་རྫུས་སྐྱེས་འདོགས་པ་དང་ཆོས་ཐམས་ཅད་ཀྱི་གནས་ལུགས་མཉམ་ཉིད་རོ་གཅིག་ཡིན་པའི་རྒྱུ་མཚན་གྱིས་གནས་མ་བུའི་སྡེ་པས་གང་ཟག་མི་རྟག་པ་ཡིན་པ་ཁས་ལེན་པར་སྒྲུབ་པ་ཡིན་ཏེ། ལྟ་བའི་བརྗེད་བྱང་ལས། གང་ཟག་ལ་རྫུས་ཏེ་བྱུང་བའི་སེམས་ཅན་ཞེས་འདོགས་ཏེ། དེས་རྡུལ་ཕྲ་རབ་ལས་བསྡུས་པའི་ལུས་ལེན་ཅིང་འདོར་བར་བྱེད་དོ་ཞེས་འདོད་དོ། །ཞེས་གསུངས་སོ། །གང་ཟག་བདག་མེད་རྟོགས་པའི་ཆུས་ལོག་རྟོག་གི་དྲི་མ་རིམ་བཞིན་དེད་དེ་ཐེག་ཆེན་གྱི་ཆུ་བོར་བསྡོངས་ནས་མཐར་རྫོགས་ཆེན་གྱི་རྒྱ་མཚོ་ལ་འབབ་པས་མཉམ་པ་ཆེན་པོའི་ངང་དུ་རོ་གཅིག་ཏུ་མི་འགྱུར་བ་རྡུལ་ཙམ་ཡང་མེད་དེ། ལྟ་བའི་བརྗེད་བྱང་ལས། ནང་པ་སངས་རྒྱས་པའི་ལྟ་བའི་བྱེ་བྲག་བསྟན་པ་དེ་དག་ནི་སྤྱིར་ཆོས་རྣམས་ལས། ཕྱི་རོལ་མུ་སྟེགས་ཅན་གྱིས་རྫས་ཀྱི་དངོས་པོ་དགུ་བཞག་པའི་གཞི་དེ་ལས། སངས་རྒྱས་རྣམས་ཀྱིས་ཐེག་པ་རིམ་པ་རིམ་པས་རྫས་ཀྱི་རིམ་པ་རིམ་པར་སྤྲོས་པ་གཅད་པའི་ཚུལ་བསྟན་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་པའི་ཚུལ་གཅིག་པ་འབྲས་བུ་ཐ་དད་མེད་པར་མཉམ་པ་ཆེན་པོའི་ངང་དུ་རོ་གཅིག་པར་བསྟན་པའོ། །ཞེས་གསུངས་སོ། །རྒྱུ་དང་བྱེད་པོ་བདག་རང་བཞིན་རྣམས་མི་འཐད་པ་བཀག་སྟེ་སྐད་ཅིག་མའི་མི་རྟག་པ་ཡོད་པར་བསྒྲུབས་པ་ཡིན་ཏེ།
ཐེག་ཆེན་ཚུལ་འཇུག་ལས། ཚངས་པ་ཆེན་པོ་དང་དབང་སྒྱུར་གྱི་ལྷ་ནི་ཡོད་ཀྱང་རྟག་པ་མ་ཡིན་ནོ། །བདག་དང་རང་བཞིན་ནི་གཏན་མེད་དོ། །རྫུས་ཏེ་སྐྱེས་པའི་གང་ཟག་པ་ནི་ཕུང་པོ་དང་དེ་ཉིད་གཞན་དུ་བརྗོད་དུ་མེད་པའི་ཚུལ་དུ་ཡོད་དེ་ཆུ་དང་ཀླུ་འདྲའོ། །གང་ཟག་པ་དེ་འཕོ་བ་ནི་ཡོད་དེ་ཆུ་སྐམས་ན་ཀླུ་འབྲོས་པ་བཞིན་ནོ། །འོན་ཀྱང་དེ་ལ་སྐད་ཅིག་མའི་མི་རྟག་པ་ནི་ཡོད་དོ། །ཞེས་གསུངས་པ་ཡིན་ནོ། །མདོར་བསྡུས་ན་གནས་མ་བུའི་སྡེ་པས་འདོད་པའི་བརྗོད་མེད་ཀྱི་གང་ཟག་དེ་སྐད་ཅིག་མའི་མི་རྟག་པ་ཡིན་པ་འདོད་པར་གསུངས་པ་ཡིན་ནོ།།
གསུམ་པ་དེ་གཉིས་འགལ་མིན་ཇི་ལྟར་ཡིན་མིན་བཤད་པ་ནི།
འགལ་མིན་ཇི་ལྟར་ཡིན་ཞེ་ན། ཚིག་ཙམ་ལ་འགལ་བ་ཡོད་ཀྱང་དོན་ལ་འགལ་བ་མེད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་དོན་ལ་མི་འགལ་ཞེ་ན། གང་ཟག་མི་རྟག་པ་ཡིན་པ་དངོས་ཤུགས་ཀྱི་ཁྱད་པར་ལས་དོན་ལ་གཉིས་ཀས་ཁས་ལེན་པ་ལ་ཁྱད་མེད་པའི་ཕྱིར་རོ། །འོ་ན་གང་ཟག་ཕུང་པོ་བཞིན་དུ་མི་རྟག་པ་ཡིན་ན་ཆད་པར་འགྱུར་བའི་སྐྱོན་ཡོད་པར་བརྗོད་པ་མིན་ནམ་ཞེ་ན། ཕུང་པོ་བཞིན་དུ་འཇིག་པ་ཡིན་ན་དེ་ལྟར་འགྱུར་བའི་སྐྱོན་བརྗོད་པ་ལས་སྤྱིར་མི་རྟག་པ་ཡིན་ན་ཆད་པར་འགྱུར་བའི་སྐྱོན་འཕངས་པ་མ་ཡིན་ཏེ། གང་ཟག་དེའི་ཕུང་པོ་སྔ་མ་དོར་ནས་ཕུང་པོ་གཞན་ལེན་པ་དང་ལས་འབྲས་ཀྱི་བྱེད་པ་པོ་དང་མྱོང་བ་པོ་ཁས་ལེན་པ་གང་ཞིག་འཇིག་པའི་མི་རྟག་པ་ཡིན་པར་ཁས་མི་ལེན་པའི་ཕྱིར་དང་སྐད་ཅིག་མའི་མི་རྟག་པ་ཡིན་པར་འདོད་པའི་ཕྱིར་རོ། །ཐལ་བ་དེ་ཡང་འཇིག་པའི་མི་རྟག་པར་གཞིར་བཞག་པའི་སྒོ་ནས་སྐྱོན་བཏང་བ་ཡིན། གང་ཟག་ཆོས་ཅན། ཕུང་པོ་བཞིན་དུ་མི་རྟག་པ་མ་ཡིན་ཏེ། འགག་པར་འགྱུར་ན་ཆད་པའམ་མི་འཕོ་བ་མ་ཡིན་པའི་ཕྱིར། འཇིག་པའི་མི་རྟག་པ་བཀག་ནས་ཚུར་སྐད་ཅིག་མའི་མི་རྟག་པར་བསྒྲུབས་པ་ཡིན་ནོ།།
རོང་ཟོམ་ཆོས་བཟང་གིས་ཐེག་ཆེན་ཚུལ་འཇུག་ལས། འདིའི་གྲུབ་མཐའ་ལྟར་ན་མུ་སྟེགས་ཅན་གྱིས་ཚངས་པ་ཆེན་པོ་ལ་སོགས་པ་དེ་དག་རྟག་པ་དང་རྒྱུ་ཡིན་པར་ལྟ་བ་ནི། ཀུན་ཏུ་བརྟགས་པ་ཡིན་ཏེ་མེད་དོ། །ཞེས་མེད་པར་བཀག་པས་སྒྲུབ་པར་བྱེད་དོ། །གང་ཟག་པ་ནི་ཡོད་པ་དང་དེ་འཕོ་ཞིང་མི་འཇིག་པ་དང་རྡུལ་ཕྲ་རབ་མི་འཇིག་པ་ནི་མ་ཡིན་པར་བཀག་པས་བསྒྲུབས་ཏེ། དོན་དམ་པའི་མཚན་ཉིད་པ་རྫས་སུ་ཡོད་པ་དང་ཡིན་པར་སྒྲུབ་པར་བྱེད་དོ། །ཞེས་གསུངས་སོ།།
མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས། ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་རིགས་སུ་གཏོགས་པ་གནས་མ་བུའི་སྡེ་པ་ལ་སོགས་པ་ཁ་ཅིག སེམས་ཅན་ཡོད་ལ་རྟག་ནི་མི་རྟག་སྟེ། དེ་ཡང་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཡོད་དེ། ཞེས་འདོད་པ་ལྟ་བུ་དག་གོ །ཞེས་གསུངས་པ་ལྟར་གནས་མ་བུའི་སྡེ་པས་གང་ཟག་དེ་སྐད་ཅིག་མའི་མི་རྟག་པར་འདོད་པས་འགལ་མེད་ཡིན་པ་མ་ཟད་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་དོ།།
འཕྲོས་དོན་ཅུང་ཙམ་གླེང་བ་ནི།
གནས་མ་བུའི་སྡེ་པས་རྟག་ཆད་དང་བྲལ་བའི་བདག་མེད་རྟོགས་ཀྱང་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གཅིག་ཐ་དད། རྟག་མི་རྟག་གང་དུའང་བརྗོད་མེད་ཀྱི་གང་ཟག་ཡོད་པར་ཁས་བླངས་པའི་དབང་གིས་དབུ་ཚད་གཉིས་ཀྱིས་དགག་གཞག་གི་རྩོད་པ་མང་པོ་བྱུང་བ་གསལ་པོ་ཡིན་ཏེ། །རྩ་བ་ལས། དེ་དག་ལ་སྨྲ་གང་ཟག་ནི། །དོན་དམ་པར་མེད་དེ་ཉིད་དང་། །གཞན་ཉིད་སོགས་པར་བརྗོད་མེད་ཕྱིར། །ནམ་མཁའི་པདྨ་ལ་སོགས་བཞིན། །ཞེས་ཁྱེད་ཅག་གིས་འདོད་པའི་གང་ཟག་དེ་དངོས་མེད་ཡིན་ཏེ་དོན་དམ་དང་ཐ་སྙད་ལ་སོགས་པར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའི་པདྨ་ལ་སོགས་པ་བཞིན། དཀའ་འགྲེལ་ལས། ཁྱེད་ཅག་གིས་བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བའི་རང་གི་ཚིག་ཉིད་ཀྱིས་གང་ཟག་དངོས་པོར་ཡོད་པ་མ་ཡིན་པར་བསྟན་པ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་དངོས་པོ་ལས་ཉིད་དང་། གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་དངོས་པོ་མ་ཡིན་ཏེ་ནམ་མཁའི་པདྨ་བཞིན་ནོ། །ཞེས་གང་ཟག་དེ་དངོས་མེད་བསྒྲུབས་པ་ཡིན་ནོ། །རྩ་བ་དང་དཀའ་འགྲེལ་གཉིས་ནས་དངོས་པོ་མ་ཡིན་ཏེ་རང་དང་གཞན་ཉིད་ལས་མ་འདས་པའི་ཕྱིར་ན་བརྗོད་མེད་ཀྱི་གང་ཟག་དེ་དོན་དམ་དང་ཐ་སྙད་གཉིས་ཀར་མི་སྲིད་པར་རིགས་པའི་རྣམ་གྲངས་དུ་མས་བཀག་པ་ཡིན། དེ་ཉིད་ལས། དངོས་པོ་ནི་དངོས་དེ་ལས་དེ་ཉིད་དང་གཞན་ཉིད་ལས་མ་འདས་པའི་ཕྱིར་རྩ་བའི་གཏན་ཚིགས་གྲུབ་བོ། །ཞེས་དང་། རྩ་བ་ལས། གང་ཟག་ཕུང་པོ་ལས་གཞན་མིན། །ཞེས་པས་འདི་ནི་གཞན་མིན་བརྗོད། །ཕུང་པོ་གང་ཟག་མིན་ཞེས་པས། །དེ་ནི་གཞན་འདི་ཡིན་པར་གསལ། །འགལ་བའི་ཆོས་དང་འབྲེལ་བ་ནི། །ཕུང་པོ་ཐ་དད་པར་བརྗོད་དོ། །ཞེས་ཁྱེད་ཅག་གིས་གང་ཟག་ཕུང་པོ་ལས་གཞན་མིན་ཞེས་དང་ཕུང་པོ་གང་ཟག་མིན་ཞེས་པ་དེ་ནི་གཞན་ཡིན་པ་གསལ་པོ་ཡིན་པའི་ཕྱིར་དེ་གཉིས་ཕན་ཚུན་ཐ་དད་འགལ་བའི་ཕྱིར་ན་དེ་ལྟར་མི་རིགས་སོ་ཞེས་གསུངས་པ་ཡིན་ནོ། །དཀའ་འགྲེལ་ལས། གཞན་ཡང་ཁྱེད་ཅག་གང་ཟག་བརྗོད་དུ་མེད་པ་ཡིན་ནོ་ཞེས་སྨྲ་བ་ན། གང་ཟག་ཕུང་པོ་དག་ལས་གཞན་ཉིད་དུ་ཆེས་གསལ་བོར་འཐོན་པའི་སྒྲས་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། སྦྱོར་བ་ནི་གང་ཟག་ཕན་ཚུན་སྤངས་ཏེ་གནས་པའི་ཆོས་དང་ལྡན་པ་དེ་དག་ནི་ཕན་ཚུན་ཐ་དད་པ་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པའི་ཆོས་དང་ལྡན་པའི་གཟུགས་དང་ཚོར་བ་དག་ལྟ་བུའོ། །ཞེས་དེ་གཉིས་ཕན་ཚུན་སྤང་འགལ་ཡིན་པ་མི་རིགས་པར་བསྟན་པ་ཡིན་ནོ། །གཞན་ཡང་རྩ་བ་དང་དཀའ་འགྲེལ་གཉིས་ཀས་རྟག་པ་ཡིན་ན་རིམ་དང་ཅིག་ཆར་དུ་དོན་བྱེད་པ་དང་འགལ་བ་དང་། སྐད་ཅིག་མ་ཉིད་དུ་གང་ཟག་བརྗོད་དུ་མེད་ན་དངོས་པོར་ཡོད་པར་མ་ཡིན་ཏེ། སྐད་ཅིག་མ་ལོག་ན་གང་ཟག་ལྡོག་པའི་ཕྱིར། ཤིང་ལོག་ན་ཤ་པ་ལྡོག་པ་བཞིན་ཞེས་པས་བཀག་པར་མཛད་དོ། །ཁུར་ཁྱེར་བའི་གང་ཟག་དང་བརྫུས་ཏེ་སྐྱེས་པའི་སེམས་ཅན་ཡོད་པར་གསུངས་པ་ནི་གདུལ་བྱ་ལ་དགོངས་ནས་བཏགས་ཡོད་ཙམ་གསུངས་པ་ལས་རྫས་སུ་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་བསལ་བ་ཡིན་ནོ། །ཚད་མ་རྣམ་འགྲེལ་ལས། མི་རྟག་ཉིད་དུ་བརྗོད་མེད་གང་། །དེ་ནི་འགའ་ཡིའང་རྒྱུ་མ་ཡིན། །བརྗོད་བྱ་མིན་ལའང་བཅིང་དང་ཐར། །ཇི་ལྟ་བུར་ཡང་ཡོད་མ་ཡིན། །གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་བརྗོད། །ཅེས་མི་རྟག་པ་མ་ཡིན་པའི་རྒྱུ་འགའ་དང་བཅིང་བ་དང་ཐར་བའི་རྟེན་དུ་གྱུར་པའི་བརྗོད་མེད་ཀྱི་གང་ཟག་མི་སྲིད་པའི་ཕྱིར་རང་བཞིན་འཇིག་པ་མེད་པ་ལ་མཁས་པ་རྣམས་ཀྱིས་རྟག་པ་ཡིན་ཞེས་བརྗོད་པ་བཞིན་ངོ་ཚ་མེད་པའི་ལྟ་བ་དེ་སྤོངས་ལ་རྟག་པ་ཡིན་ཞེས་བརྗོད་དང་ལེགས་པར་འདུག་ཅེས་གསུངས་པ་ཡིན་ནོ། །ལེགས་བཤད་སྣང་བའི་གཏེར་ལས། དེ་བས་བྱིས་པའི་རྩེད་མོ་དང་འདྲ་བར་ཚིག་ལ་འཆེལ་བས་ཅི་བྱ་སྟེ་ཚིག་དེ་ལྟར་བརྗོད་ཀྱང་དོན་བཅིང་གྲོལ་གྱི་རྟེན་དུ་གྱུར་པའི་བདག་དེ་འདྲ་ཡོད་མི་སྲིད་པས་སོ། །ཡང་ན་ལས་བྱེད་པ་པོའི་རྒྱུ་ཉིད་དུ་ངེས་པར་ཁས་ལེན་ན་མི་རྟག་པར་འགྱུར་ལ། དེ་ལྟ་ན། གང་གི་རང་བཞིན་འཇིག་པ་ཅན། །དེ་ལ་མཁས་རྣམས་མི་རྟག་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་མི་རྟག་པར་སྨྲོས། །ཞེས་འདོན་པ་བསྒྱུར་བས་འགྲུབ་བོ། །དེ་ལྟར་འགོག་པ་ཉིད་བཤད་པས་ཞི་བ་སོགས་གཞན་ཡང་ཤེས་པར་འགྱུར་རོ། །ཞེས་གསུངས་སོ།།
དབུ་མ་རྒྱན་ལས། སྐད་ཅིག་སྐད་ཅིག་མ་ཡིན་པར། །གང་ཟག་བསྟན་དུ་མི་རུང་བས། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བར་གསལ་བ་རབ་ཏུ་ཤེས། །ཞེས་དང་། དེའི་རང་འགྲེལ་ལས། ཕ་རོལ་གྱིས་ཁས་བླངས་པའི་གང་ཟག་ཆོས་ཅན་ལ། གཏན་ཚིགས་ཀྱི་རྩ་བ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཚེགས་མེད་པ་ཉིད་དུ་འགྲུབ་བོ། །སྐད་ཅིག་མར་གྱུར་ན་ནི་དུ་མའི་རང་བཞིན་དུ་འགྱུར་ཏེ། སྐད་ཅིག་རེ་རེ་ལ་ཡང་རང་བཞིན་གཞན་དང་གཞན་འབྱུང་བའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་ན་ནི་རྟག་ཏུ་བརྟན་པ་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར་གཅིག་པུའི་རང་བཞིན་དུ་འགྱུར་རོ། །གཉི་ག་ལྟར་ཡང་བརྗོད་དུ་མེད་ན་ནི་ཚེགས་མེད་པར་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཉིད་དུ་གྲུབ་བོ། །ཞེས་གསུངས་སོ། །དེའི་དཀའ་འགྲེལ་ལས། སྐད་ཅིག་མ་ཡིན་པར་གྱུར་ན་ནི་རང་བཞིན་གཞན་དང་གཞན་འབྱུང་བའི་ཕྱིར་དུ་མའི་རང་བཞིན་ཉིད་དུ་འགྱུར་རོ། །སྐད་ཅིག་མ་མ་ཡིན་ན་ནི་རང་བཞིན་ཕྱི་མ་གཞན་མི་སྐྱེ་བའི་ཕྱིར་དང་། སྔ་མ་ཡང་མ་ཞིག་པའི་ཕྱིར་གཅིག་པུ་ཉིད་དུ་འགྱུར་རོ། །གཉི་གའི་ངོ་བོ་ཡང་མི་སྲིད་ན་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་ཇི་ལྟར་མི་འགྱུར་ཁྱབ་པར་བྱེད་པ་ལོག་ན་ཁྱབ་པར་བྱ་བ་གནས་པ་ནི་མེད་དེ། ཁྱབ་པར་བྱེད་པས་མ་ཁྱབ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། བརྗོད་མེད་ཀྱི་བདག་ནི་བདེན་པའི་ཁྱད་གཞི་ལོག་པའི་ཁྱབ་བྱ་བདེན་པར་གནས་པ་ག་ལ་སྲིད་དེ་གཅིག་དང་ཐ་དད་གང་དུ་མེད་པ་དེ་ཉིད་ཀྱི་ཕྱིར་ན་ནམ་མཁའི་མེ་ཏོག་ལ་སོགས་པ་ལྟར་བསྒྲིམ་མི་དགོས་པར་གྲུབ་ལ། ཐ་སྙད་དུའང་དངོས་པོ་ཡིན་ན་གཞི་གཅིག་ལ་ལྟོས་ནས་གཅིག་དང་ཐ་དད་གང་རུང་དུ་གཞག་ཏུ་ཡོད་པས་ཁྱབ་ལ། བདག་ལ་དེ་མེད་པས་ན་བདག་དེ་དངོས་པོོར་ཡོད་ཅེས་དམ་བཅའ་བ་ཁྱབ་བྱེད་མེད་པའི་ཁྱབ་བྱ་ཁས་ལེན་པ་ནི་ཤིན་ཏུ་བླུན་པ་སྟེ། ཤིང་མེད་པར་ཁས་བླངས་ནས་ཤ་བ་ཡོད་པར་འདོད་པ་བཞིན་ནོ། །ཞེས་གསུངས་པ་བཞིན་ནོ། །དབུ་མའི་སྙིང་པོ་ལས། གང་ཟག་ཡང་དག་ཉིད་དུ་ནི། །འཁོར་དང་ཐར་པར་མི་འགྱུར་ཏེ། །གདགས་བྱ་ཡིན་ཕྱིར་ཁང་པ་བཞིན། །བརྗོད་བྱ་ཡིན་ཕྱིར་དྲི་དང་འདྲ། །ཞེས་དང་། གང་ཟག་བརྗོད་དུ་མེད་ཕྱིར་བས། །རྫས་སུ་ཡོད་པར་མི་འགྱུར་ཏེ། །དྲི་དང་དཀར་སྔོར་བརྗོད་མེད་པའི། །ཞེས་གང་ཟག་འཁོར་བ་དང་ཐར་པའི་རྟེན་དུ་མི་འགྱུར་ཏེ་གདགས་བྱ་ཡིན་པའི་ཕྱིར། དཔེར་ན་ཁང་པ་བཞིན། གང་ཟག་རྫས་སུ་མ་གྲུབ་སྟེ་དྲི་དང་དཀར་པོ་དང་། སྔོན་པོ་ལ་སོགས་པ་བརྗོད་དུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེའི་འགྲེལ་པ་རྟོག་གེ་འབར་བ་ལས། དཔེར་ན་རྩྭ་དང་ཤིང་དང་ས་དང་སྨྱིག་མ་དང་རྡོ་བ་དང་སོ་ཕག་ལ་སོགས་པ་དག་གིས་ཁང་པར་གདགས་པ་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་བརྟེན་ནས་གང་ཟག་ཏུ་གདགས་པར་ཟད་པས་དེ་བདག་མེད་པར་དེ་བསྟན་དཀའོ། །དེའི་ཕྱིར་གང་ཟག་ནི་ཁང་པ་ལ་སོགས་པ་བཞིན་དུ་གདགས་པར་བྱ་བ་ཡིན་པའི་ཕྱིར་དང་། དྲི་བཞིན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་བཅིང་པ་དང་ཐར་པ་མེད་དོ། །ཞེས་གསུངས་སོ།།
བོད་ཀྱི་ཆོས་བརྒྱུད་ནང་དུ་གནས་མ་བུའི་སྡེ་པས་བདག་མེད་རྟོགས་མ་རྟོགས་དང་དེ་ལས་འཕྲོས་ཏེ་ནང་པ་ཡིན་མིན་གྱི་བཞེད་ཚུལ་སྣ་ཚོགས་ཤིག་ཡོད་ལ། སྔ་འགྱུར་རང་ལུགས་ལ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་བཞེད་ཚུལ་མི་མཐུན་པ་ཡོད་དེ། ཀུན་མཁྱེན་རོང་ཟོམ་པས་མུ་སྟེགས་པའི་ཁྱད་པར་གང་ཟག་མི་རྟག་པ་འདོད་པར་གསུངས་པ་དང་། ཀུན་མཁྱེན་ཆེན་པོས་མུ་སྟེགས་པའི་ལྟ་བ་དང་འདྲེས་ཏེ་བརྗོད་མེད་ཀྱི་བདག་ཁས་ལེན་པར་གསུངས་པ་ཡིན་ནོ།།
རང་ལུགས་ལ་མན་ངག་ལྟ་ཕྲེང་ནང་དུ་ལྟ་བ་ལ་མ་རྟོགས་པ་དང་ལོག་པར་རྟོག་པ། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས་པའི་རྣམ་གྲངས་གསུངས་པ་ལས་ཉན་ཐོས་རྣམས་ཕྱོགས་རྟོགས་ཀྱི་གྲས་སུ་བཞག་པ་ལ་བསམས་ན་གནས་མ་བུའི་སྡེ་པས་གང་ཟག་གི་བདག་མེད་རྟོགས་ཡོད་པ་དཔོག་ནུས་ཏེ། མ་རྟོགས་ན་ཕྱོགས་ཙམ་རྟོགས་པའི་གྲས་སུ་མི་འཇོག་པའི་ཕྱིར་དང་སྐྱོན་ཡོད་པའི་ཕྱིར་དང་། ཉན་ཐོས་ཀྱི་བདག་མེད་དེ་ཐག་པ་ལ་སྦྲུལ་མེད་པར་མཐོང་བ་ལྟ་བུའི་བདག་མེད་རྟོགས་པ་ཡོད་པར་གསུངས་ཏེ།
སློབ་དཔོན་ཆེན་པོའི་མན་ངག་ལྟ་བའི་ཕྲེང་བ་ལས། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པས། ཡེ་མེད་པ་ཆད་པའི་ལྟ་བ་དང་། རྟག་པ་ལ་སོགས་པའི་ཡོད་པར་ལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། རྣམ་པར་ཤེས་པ་ནི། དོན་དམ་པར་ཡོད་པར་ལྟ་ཞིང་། འཕགས་པའི་བདེན་པ་བཞི་བསྒོམས་པས་རིམ་གྱིས་འབྲས་བུ་རྣམ་པ་བཞི་གྲུབ་པ་ཡིན་ནོ། །ཞེས་གསུངས་པའོ།།
དེ་ཁོ་ན་ཉིད་ཀྱི་དཀའ་འགྲེལ་ལས། བདག་རྟག་པ་ནི་བྱེད་པ་པོ་དང་ཟ་བ་པོ་ལ་སོགས་པར་མི་རིགས་ཏེ། དེ་ནི་ནམ་མཁའ་བཞིན་དུ་ཐམས་ཅད་དུ་ཁྱབ་པར་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་བདག་རྟག་པའི་མཐའ་བཀག་པ་དང་། ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་དང་འགལ་ལོ། །ཞེས་དང་། གང་ཟག་ཀྱང་ཕུང་པོ་བཞིན་དུ་ཆད་པར་འགྱུར་རོ། །དེ་ལྟ་བས་ན་བྱས་པ་ཆུད་ཟོས་པར་ཐལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཆད་པར་སྨྲ་པ་དགག་པ་མཛད་པས་དེའི་ཕྱིར་བརྗོད་དུ་མེད་པའི་གང་ཟག་ཡོད་དོ་ཞེས་བྱ་བར་གྲུབ་བོ། །ཞེས་གསུངས་པའོ། །བདག་མེད་རྟོགས་ཚུལ་ལ་ཁྱད་མེད་པ་གོང་གི་ལུང་གཉིས་ཀྱིས་སྒྲུབ་ནུས་ཀྱང་བརྗོད་མེད་ཀྱི་གང་ཟག་ཁས་ལེན་མི་ལེན་གྱི་ཁྱད་པར་ཡོད་ཀྱང་བདག་གིས་དེ་ལྟར་གནས་མ་བུ་སྡེ་པ་ནང་པ་སངས་རྒྱས་པ་ཡིན་པ་དང་གང་ཟག་བདག་མེད་རྟོགས་པའི་གྲུབ་མཐའ་ཡིན་པར་ཁས་བླངས་ནས་འཐད་ཕྱོགས་སུ་བཟུང་བ་ཡིན་ལ། དེ་ལྟར་མ་ཡིན་ན་རང་ལུགས་སུ་ནང་པ་ལ་གྲུབ་མཐའ་བཞི་ཡོད་ཅེས་འཇོག་པར་ཤིན་ཏུ་དཀའ་བའི་གནས་སུ་འགྱུར་བ་ཡིན་ཏེ། ཉན་ཐོས་པའི་གྲུབ་མཐའ་སྨྲ་བས་དེ་ལྟ་བུ་ལས་གཞན་པའི་བདག་མེད་མ་རྟོགས་པའི་ཕྱིར་རོ། །ཚིག་ཙམ་འགལ་བ་ནི་གནད་འགག་ཆེན་པོ་མིན་ཏེ། ཚིག་ལ་ཞེན་ཆེ་ན་དོན་གྱི་གནས་ལུགས་དེ་དབྱིངས་སུ་ཐིམ་པའི་ཉེན་ཁ་ཆེན་པོ་ཡོད་དོ། །དོན་ལ་འགལ་བ་མེད་པ་སློབ་དཔོན་ཆེན་པོས་མཛད་པའི་མན་ངག་ལྟ་བའི་ཕྲེང་བ་དཔང་པོར་ངེས་སོ། །ཀུན་མཁྱེན་རྣམ་གཉིས་ཀྱི་བཞེད་ཚུལ་འགལ་བ་མིན་ཏེ། རོང་པས་གནས་མ་བུའི་སྡེ་པས་གང་ཟག་མི་རྟག་པར་འདོད་པར་གསུངས་པ་དང་། ཀློང་ཆེན་པས་གང་ཟག་ཡོད་པར་ཞེན་པ་དེ་མུ་སྟེགས་པའི་ལྟ་བ་དང་འདྲེས་པར་གསུངས་པ་ཡིན་ནོ། །གང་ཟག་གི་བདག་མེད་རྟོགས་ན་བརྗོད་མེད་ཀྱི་གང་ཟག་རྫས་སུ་ཡོད་པའི་ཞེན་པ་ཡོད་ཀྱང་དེ་ཙམ་གྱིས་ནང་པ་སངས་རྒྱས་པ་མིན་པར་སྒྲུབ་མི་ནུས་པའི་ཕྱིར་རོ།།
སླར་སྨྲས་པ།
འདི་ལྟར་རྣམ་དཀར་ལས་ལ་བརྩོན་པའི་དགེ་བའི་རྟ་བདུན་དབང་པོ་ཡིས།།
མ་རིག་གཟུང་འཛིན་སྨག་རུམ་བསྒྲིབས་པའི་མ་གྱུར་རིགས་དྲུག་སེམས་ཅན་ཀུན།།
རྨོངས་པའི་མུན་པ་མྱུར་དུ་བསལ་ནས་སྐུ་དང་ཡེ་ཤེས་གྲོང་ཁྱེར་གྱི།།
དབྱིངས་ཀྱི་རྒྱལ་པོའི་གོ་འཕང་འཐོབ་པའི་མཐུ་དཔུང་དམ་པ་སྐྱེད་པར་ཤོག།