ལོ་རིམ་བདུན་པའི་སློབ་གཉེར་བ། གློ་བོ་ལྷུན་གྲུབ།
གཟུ་བོར་གནས་པས་མཁས་པའི་དབུས་སུ་བརྗིད།།
སྙིང་རྗེའི་རང་གཟུགས་ཉམས་ཆུང་ཁྲོད་དུ་མཛེས།།
སུ་ལའང་མི་མཐུན་མེད་པའི་སྐྱེས་བུ་མཆོག།
བདག་གི་སྟོན་པའི་ཆེ་བ་སྙིང་ནས་དྲན།།
སྤྱིར་ན་གངས་ཅན་པ་རྣམས་ཕྲག་དོག་ཆེ།།
ལྷག་ཏུ་གསར་གཏོད་པ་ལ་ལྟ་སྟངས་ངན།།
དེ་འདྲའི་ཡོ་ལང་ཆེ་བའི་སྤྱི་ཚོགས་ཁྲོད།།
གཤེགས་སྙིང་རྗེན་པར་སྟོན་མཛད་གང་དེ་རྒྱལ།།
སྔོན་གླེང་།
དེ་ཡང་སྙིང་རྗེའི་བདག་ཉིད་སྟོན་པ་བཅོམ་ལྡན་འདས་དང་དེའི་རྗེས་སུ་འཇུག་པའི་མཁས་པ་རྣམས་ཀྱིས་མཛད་པའི་བཀའ་བསྟན་གྱི་བརྗོད་བྱ་དག་ལ་དྲང་དོན་དང་ངེས་དོན་གྱི་རྣམ་གཞག་དབྱེ་རྒྱུ་ཡོད་པ་ནི་མི་ཡུལ་འདི་ཡི་ཆོས་ལུགས་གཞན་ལ་མེད་པའི་གུ་ཡངས་ཀྱི་ལྟ་བ་ཞིག་གམ་ཡང་ན་གྲུབ་མཐའ་གཞན་ལ་མེད་པའི་ཁྱད་ནོར་ཞིག་ཡིན་པར་འདོད་ཆོག མ་ཟད་མེས་པོ་གོང་མའི་རྗེས་ཤུལ་ལ་འདང་རེ་རྒྱག་དུས་གཞུང་ལུགས་གང་ཞིག་ལ་དཔྱད་པ་བྱ་རྒྱུ་དང་ལུང་རིགས་རྣམ་དག་གི་སྒོ་ནས་རང་ཕྱོགས་བཞག གཞན་ཕྱོགས་དགག་པའི་སྲོལ་བཟང་དེ་བོད་ཙམ་དུ་མིན་པར་འཕགས་ཡུལ་མཁས་པའི་དབུས་སུ་ཡང་དར་ཡོད་པ་ལོ་རྒྱུས་ཀྱི་ངོས་རིས་སུ་གསལ་ཡོད་པ་སུས་ཀྱང་བསུབ་ཏུ་མེད། དེ་བས་ཀྱང་སྤོབས་པར་འོས་པ་ཞིག་ལ་མེས་པོ་དེ་དག་གིས་རྩོད་གླེང་གི་བརྒྱུད་རིམ་ཁྲོད་ཕན་ཚུན་འཁོན་འཛིན་གྱི་རྗེས་ཤུལ་ངན་པ་གང་ཡང་བཞག་མེད་པ་དེ་རེད།
འོན་ཀྱང་སེམས་ཕམ་དགོས་པ་ཞིག་ལ་དུས་རབས་བཅུ་བཞི་ཡས་མས་ནས་གངས་ཅན་ལྗོངས་སུ་ཆོས་ལུགས་ཀྱི་འཁོན་འཛིན་མཆེད་པ་ནས་བཟུང་། དེང་དུས་རབས་ཉེར་གཅིག་པའི་མཚམས་འདི་རུ་སླེབས་ཟིན་རུང་ད་དུང་བོད་བརྒྱུད་ནང་བསྟན་པ་ཚོས་རང་ཕྱོགས་ལྷ་རུ་འཛིན་ཞིང་གཞན་ཕྱོགས་འདྲེ་རུ་རྩི་ཞོར། ཁྱོད་ཀྱི་ཁ་དང་ང་ཡི་སྣ་རྩོད་པར་བྱེད་པ་ལས་སེམས་ཀྱི་གཏིང་རུམ་ནས་ཐུབ་བསྟན་ལ་བདག་གཉེར་མཛད་མཁན་ཧ་ཅང་དཀོན་པའི་གནས་སུ་འཁུམས། དེ་དག་ལ་སེམས་ཐེངས་རེ་རེར་འཇིགས་སུ་རུང་བའི་སྣང་བརྙན་ཞིག་མིག་ལམ་ནས་སེམས་ཀྱི་གཏིང་རུམ་དུ་འཚང་ཞིང་སྙིང་ཆུང་ཤེད་ཀྱིས་སྐྱོམ་པར་བྱེད། དེ་བས་རྩོམ་ཡིག་འདིར་ཡང་གཞན་སྟོང་དགག་བྱ་རུ་འདོད་པའི་བོད་ཀྱི་མཁས་པ་ང་ཡིན་ཁོ་ཡིན་རློམས་པ་རྣམས་ཀྱི་གཞུང་ཚིག་འགའ་རེ་བཀོད་ནས་ཅི་ཞིག་འགྲིག་མེད་པའི་སྐྱོན་འཛུགས་གཡག་རོ་འདྲ་བ་ཁ་ཤས་བཤད་ན་དེང་གི་འགྲོ་ལུགས་དང་ཆེར་མི་མཐུན་པ་མེད་ནའང་ཐང་། རང་ཚོད་རང་གིས་བཟུང་སྟེ་གཞན་ལ་སྐྱོན་གྱི་མཛུབ་མོ་འཛུགས་པ་ལས་སྟོན་པ་བཀའ་དྲིན་ཅན་གྱི་བཀའ་སྤྱི་དང་སོ་སོའི་བླ་མ་དམ་པ་རྣམས་ཀྱི་གསུང་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལེན་ཨེ་ནུས་ལ་རེ་རྒྱུ་འགངས་ཆེ་བར་མཐོང་སྟབས། དེ་འདྲའི་ངལ་བ་དག་ཕངས་མེད་ཀྱི་སྒོ་ནས་བསྐྱུར་བ་ལགས་སོ།།
སྟོན་པ་ཉིད་དང་འཕགས་ཡུལ་མཁས་པས་གཞན་སྟོང་བསྟན་ཡོད་ཚུལ།
སྤྱིར་གཞན་སྟོང་གི་ལྟ་གྲུབ་འདི་ཉིད་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་བཀའ་རྣམས་དང་། རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བ་མ་ཕམ་པ་དང་སློབ་དཔོན་ཀླུ་སྒྲུབ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ས་ལ་གཤེགས་པ་རྣམས་ཀྱིས་སྔ་ས་ནས་གསུངས་ཡོད། ཕྱིས་སུ་མཁས་པའི་དབང་པོ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཀའ་དྲིན་ལ་བརྟེན་ནས་གངས་ཅན་ལྗོངས་སུ་ཡང་དེའི་དོན་ཚང་ལ་མ་ནོར་བ་ཐོས་བསམ་གྱི་སྒོ་ནས་རྩལ་བཏོན་མཛད་པའི་སྲོལ་བཟང་དར་བ་ཡིན་གྱི། བོད་ཀྱི་རྟོག་བཏགས་ལར་ནས་མིན་ལ་གྲངས་ཅན་པའི་ལྟ་བ་[1]དང་དེ་བས་ཀྱང་མི་མཚུངས་ཏེ། སྟོང་པ་ཉིད་ཆེན་པོའི་མདོ་ལས།[2] ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དྭགས་འཛིན་གྱི་མའི་ཁང་བཟང་འདི་གླང་པོ་ཆེ་དང་རྟ་དང་བ་ལང་དང་ལུག་དང་བྱ་གག་དང་ཕག་གིས་སྟོང་ཞིང་། ནོར་དང་འབྲུ་དང་འགྲོན་བུ་དང་གསེར་གྱིས་སྟོང་ལ། བྲན་དང་བྲན་མོ་ལས་བྱེད་དང་ཞོ་ཤས་འཚོ་བ་དག་དང་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་དག་གིས་སྟོང་ཡང་འདི་ན་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་ཁོ་ནའམ། དེ་ལས་གཞན་ཞིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ། །ཀུན་དགའ་བོ་དེ་བཞིན་དུ་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་དང་། མདོ་མྱ་ངན་ལས་འདས་པ་ཆེན་པོར་ཡང་།[3] དེ་ལྟར་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་དང་ཆོས་རྣམ་པ་བཞི་པོ་འདི་དག་ནི་སྟོང་པ་ཉིད་ཅེས་མི་བྱ་སྟེ། ཞེས་དང་། གཞན་ཡང་། སོར་ཕྲེང་གི་མདོ་ལས།[4] སོར་མོའི་ཕྲེང་བས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཁྱོད་སྟོང་པ་ཆེན་པོ་མཐོང་བའི་མཆོག་ན། འཇིག་རྟེན་ན་སྟོང་པ་མཐོང་བ་གང་ཡིན། སྟོང་པ་སྟོང་པ་ཞེས་བྱ་བའི་དོན་ཅི། ཤེས་པ་ཆེན་པོ་དང་ལྡན་པ་མྱུར་དུ་སྨོས་ཏེ་ངའི་ཐེ་ཚོམ་མྱུར་དུ་ཆོད་ཅིག དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཞེས་པ་ནས། ཅི་ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་མི་མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ་ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་པ་ཡིན་ནམ་ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་བའི་མི་དང་ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་བསྒོམ་སྟེ། གཅེར་བུ་པའི་སྦྲང་མ་ཁྱོད་ཅང་མ་ཟེར་ཅིག ཅེས་པའི་བར་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་པའི་མདོ་ལས།[5] འཇམ་དཔལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ལྷའི་བསྐལ་པ་བྱེ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་འཁོར་བཞི་ལ་ཇི་འདོད་པའི་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་གྱིས་མཐུན་པར་བྱ་བའི་དོན་དུ་གཡོས། དེ་བཞིན་གཤེགས་པ་ནི་རྟག་པའོ། །དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ་། །ཞེས་ཚིག་ཏུ་སྨྲ་ན་ཡང་དེས་བསོད་ནམས་དེ་བས་ཆེས་གྲངས་མེད་པ་སྐྱེད་པར་བྱེད་དོ། །ཞེས་དང་།
འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླ་འགྲེལ་པ་ལས།[6] དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་ནི་མི་སྟོང་ངོ་། །ཞེས་གསུངས་སོ། །དེ་བཞིན་དུ་ཡེ་ཤེས་སྙིང་པོས་ཀྱང་།[7] རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པ། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཞེས་པ་ལ་སོགས་པ་དང་། རྩ་ཤེས་ལས། རང་བཞིན་དང་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ལ་སོགས་པ་དྲི་མེད་ལུང་གི་བང་མཛོད་སྤྲིན་འཁྲིགས་པ་ལྟར་ཤིན་ཏུ་མང་པོ་བཞུགས་ཡོད་དོ།།[8]
དེ་ལྟ་བས་ན་འཇམ་མགོན་མི་ཕམ་པའི་སྟོང་ཐུན་སེང་གེའི་ང་རོ་ལས། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་མཐའ་མའི་དོན་ལ་མཆོག་ཏུ་བསྔགས་པའང་འཁོར་ལོ་མཐའ་མར་གཏོགས་ཚད་མ་ཡིན་གྱི་སྙིང་པོ་བསྟན་པའི་ངེས་དོན་གྱི་ཕྱོགས་ནས་དེ་ལྟར་གསུངས་པ་སྟེ། རིགས་ཁམས་ནོར་བུ་སྦྱོང་བའི་དཔེ་བསྟན་པ་སོགས་མདོ་གཞན་གྱིས་དེ་ལྟར་གསལ་བར་ངེས་ནུས་སོ། །དེས་ན་འཁོར་ལོ་བར་པར་བསྟན་པའི་སྟོང་པ་ཉིད་དང་། མཐའ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། ཞེས་དང་། ངེས་ཤེས་སྒྲོན་མེ་ལས། ཀླུ་སྒྲུབ་ལུགས་དང་བྱམས་པའི་གཞུང་། །ཕན་ཚུན་བུ་རམ་སྦྲང་རྩི་བཞིན། །ཞེས་སོགས་མང་དུ་གསུངས་ཡོད་པ་བཞིན། རེ་ཞིག་ཕྱོགས་རིས་བ་དན་གྱི་གཉའ་རིང་དེ་ཕབ་སྟེ་དོན་ངོ་མའི་སྟེང་ནས་གཞིགས་ན་རྒྱལ་བའི་ཡུམ་གྱི་དོན་ཟབ་མོ་བཀའ་བར་མཐའ་གཉིས་ཀ་ཟབ་མོ་དབུ་མའི་ཚུལ་མ་ནོར་བར་བསྟན་པས་ངེས་དོན་གྱི་མདོ་ཡིན་པ་དང་། དེ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས་ཀྱང་དེ་མཚུངས་སོང་བས། བཀའ་བར་པ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཁོ་ན་ངེས་དོན་ཡིན་གྱི་དེ་ལས་གཞན་པའི་བཀའ་བསྟན་ཡོད་ཚད་དྲང་དོན་ཁོ་ནར་འདོད་ན་མི་རིགས་སོ། །འདི་ཡི་ཚུལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་གཞུང་དག་ཏུ་ལུང་རིགས་རྣམ་དག་གིས་རྒྱ་ཆེར་བསྒྲུབས་གནང་ཡོད་པས་དེ་དག་ལ་གཟིགས་པར་འཚལ་ལོ།།
གཞན་སྟོང་པའི་འདོད་པ་ངོ་མ་གང་ཡིན་འཚོལ་བ།
ད་ནི་ཚུལ་དེའི་དོན་ཅུང་ཙམ་སྤྲོས་ནས་བཤད་ན། གཞན་སྟོང་སྨྲ་བ་རྣམས་ཀྱི་འདོད་པ་གཙོ་བོའི་ནང་གི་ཡང་སྙིང་ལྟ་བུ་ནི། གནས་སྣང་མི་མཐུན་པའི་འཁྲུལ་བ་རྣམས་ནི་འཁྲུལ་བའི་ངོར་སྣང་བ་ལྟར་དུ་དོན་ལ་མ་གྲུབ་པའི་ཕྱིར་ཀུན་རྫོབ་ཅེས་བྱ་ལ། དེ་ལས་ལྡོག་ནས་མ་འཁྲུལ་བའི་འཕགས་པ་རྣམས་ཀྱི་གཟིགས་ངོར་སྣང་བ་རྣམས་ལ་ཚད་མས་གནོད་པ་མེད་པའི་ཕྱིར་དོན་དམ་བདེན་པར་བཞེད་དོ། །དེ་ཡང་དབུ་མའི་གཏན་ཚིགས་ཆེན་པོ་ལྔས་ཆོས་ཀུན་ཡོད་པ་དང་མེད་པ་གཉིས་ཀ་དང་གཉིས་མེད་སོགས་མཐའ་གང་དུའང་མ་གྲུབ་པ་ཆོས་དབྱིངས་ནམ་མཁའ་ལྟ་བུའི་དོན་ཚུལ་བཞིན་མ་ནོར་བར་གཏན་ལ་ཕབ་པའི་སྤྲོས་ཀུན་ཉེ་བར་ཞི་བའི་ཆོས་ཉིད་དང་། དེ་ཡི་དོན་ཇི་བཞིན་དུ་གཟིགས་པའི་ཡེ་ཤེས་གཉིས་ཀ་ལ་དོན་དམ་དུ་བཞེད་པའི་གནད་ཀྱིས། དོན་དམ་རང་ངོས་ནས་མི་སྟོང་པ་དང་། བདེ་གཤེགས་སྙིང་པོ་རྟག་པའོ། །ཐེར་ཟུག་གོ །གཡུང་དྲུང་ངོ་ལ་སོགས་པའི་ཐ་སྙད་ཇི་ཙམ་གྱི་སྒོ་ནས་གཞུང་བསྲངས་པར་མཛད་ཀྱང་། རིགས་པའི་གནོད་པ་མི་འཇུག་སྟེ་གནས་ལུགས་དེ་ཉིད་ཚད་མ་གང་གིས་ཀྱང་རྫུན་པའི་ངོ་བོར་སྒྲུབ་མི་ནུས་པས་སོ།།
ཚུལ་ཇི་ལྟར་ཞེ་ན་ཐ་སྙད་ཚད་མས་ནི་ཡོད་པའི་ཆོས་ཤིག་མེད་པར་སྒྲུབ་པའི་གནས་མེད་ལ། དོན་དཔྱོད་རིགས་པས་ཀྱང་མི་གནོད་དེ་ཚད་མ་དེའི་གྲུབ་དོན་ཡིན་པའི་ཕྱིར་རོ། །དེ་ཡང་འཇམ་མགོན་བླ་མའི་གཞན་སྟོང་ཁས་ལེན་སེང་གེའི་ང་རོ་ལས། དོན་དམ་རང་གི་ངོ་བོས་མི་སྟོང་སྟེ་དོན་དམ་མ་འཁྲུལ་བའི་ཡུལ་ཡུལ་ཅན་གཉིས་ཀ་ཡོད་པའི་ཕྱིར་དང་། ཡོད་པ་དེ་ལ་དེ་ལྟར་མ་ཡིན་པའི་ཚད་མས་གནོད་པ་མི་སྲིད་པ་དང་། སྟོང་ཉིད་སྒྲུབ་པའི་རིགས་པ་སྔོན་དུ་བཏང་བས་གྲུབ་དོན་ཡིན་པ་དང་། ཐ་སྙད་བདེན་པ་དཔྱོད་པའི་ཚད་མ་ཡང་དག་པས་བསྒྲུབ་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་སུས་ཀྱང་ཆོས་བཞིན་རྒོལ་མི་ནུས་སོ། །དེ་ལྟར་ན་དོན་དམ་རང་ངོས་ནས་བདེན་པ་དང་མི་སླུ་བ་ཡིན་པའི་ཕྱིར། དེ་ལྟ་ཡིན་པའི་ཆོས་ཀྱིས་ནམ་ཡང་མི་སྟོང་སྟེ། སྟོང་ན་མི་བདེན་པ་དང་འཁྲུལ་བར་འཇོག་པའི་ཚད་མ་ཡོད་དགོས་ན་དེ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྲིད་ན་ཞི་བ་མྱ་ངན་འདས་པ་ནི་ཡིད་བརྟན་གྱི་གནས་མ་ཡིན་པར་འགྱུར་དགོས་ན། དེ་ལྟ་བུ་ཁས་ལེན་པ་ནི་བདུད་དང་མུ་སྟེགས་པ་ཚད་མ་དང་མི་ལྡན་པའི་སྨྲ་བ་ཅན་རྣམས་ལས་བསྟན་པ་འདི་ལ་གུས་པ་དག་གིས་སྨྲ་བ་མ་ཡིན་ནོ། །ཞེས་གསུངས་འདུག་པ་ལྟ་བུའོ།།
འོ་ན་བདེན་པ་ཡིན། རྟག་པ་ཡིན། གཡུང་དྲུང་ཡིན་པར་ཁས་བླངས་ན་ཚད་མ་གང་གི་ངོར་བདེན་པར་འདོད་པ་ཡིན་ནམ་སྙམ་ན། དེ་དག་ཐམས་ཅད་ནི་རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས་དཔྱོད་པའི་ཚེ་ན་ཡིན་ནོ། །སྤྱིར་ན་གོང་མ་གོང་མ་ལ་ལྟོས་ན་འོག་མ་འོག་མ་ཚད་མིན་དང་གང་ལ་སྣང་གཞིར་གྱུར་པའི་ཡུལ་ཡང་རྫུན་པར་འདོད་དགོས་ཤིང་། འོག་མ་འོག་མ་ལ་ལྟོས་ན་གོང་མ་གོང་མའི་ཡུལ་ཅན་རྣམས་ཚད་མ་དང་སྣང་གཞི་ཡང་བདེན་པར་འདོད་དགོས་པ་དངོས་པོའི་སྟོབས་ཞུགས་ཀྱི་རིགས་པས་སྒྲུབ་ཏུ་ཡོད་པ་ལྟར། ཐ་སྙད་དུ་ཆོས་ཀུན་མ་དག་པར་སྣང་བའི་ཚད་མ་ལ་ཐ་སྙད་དག་གཟིགས་ཚད་མས་གནོད་དེ། ཚད་མ་དེས་དཔྱད་ན་ཡུལ་མ་དག་པར་སྣང་བའི་འཇིག་རྟེན་རང་ག་བའི་ཚད་མ་རྣམས་ནི་རྫུན་པ་དང་བསླུ་བའི་རང་བཞིན་ཅན་དུ་རྟོགས་ཀྱི། དག་གཟིགས་ཚད་མ་ཉིད་དང་དེའི་ངོར་སྣང་བྱའི་ཡུལ་ཏེ། སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འབྲལ་མེད་ཡེ་ལྡན་དུ་ཡོད་པ་རྣམས་དང་། གདོད་ནས་དག་པའི་བདེ་གཤེགས་སྙིང་པོ་རྣམས་ནི་གང་ལ་སྣང་བ་ལྟར་དུ་མི་བསླུ་བའམ་བདེན་པའི་ཆ་ནས་བདེན་གྲུབ་ཏུ་འདོད་དེ། དཔེེར་ན་མ་དག་ཚུར་མཐོང་ཚད་མའི་ངོར་སྣང་བའི་བུམ་པ་ལྟ་བུ་ལ་མཚོན་ན་དེ་དེའི་ངོར་བདེན་པར་གྲུབ། གནས་ལུགས་རེད། ཡིན་ལུགས་དང་མཐུན། ཕལ་སྐད་ལྟར་ན་“ངོ་མ་” “ཡོད་” “ཡིན་”སོགས་ཀྱི་ཐ་སྙད་བྱ་རྒྱུ་ཡོད་པ་ལ་སུས་ཀྱང་འགལ་བ་མཐོང་མི་སྲིད་པ་བཞིན་ནོ། །དཔལ་ལྡན་ཟླ་བས་ཀྱང་འཇུག་པར།[9] དབང་པོ་རབ་རིབ་བཅས་པ་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །ཞེས་གསུངས་པའི་ཚུལ་དང་གོ་བ་ཕྱོགས་མཚུངས་པ་ལགས་སོ། །མདོར་ན་རང་ཅག་སྔ་འགྱུར་བའི་ཆོས་སྐད་ཐུན་མིན་ལྟར་ན་ཐ་སྙད་དག་གཟིགས་ཚད་མའི་ངོར་བདེན་པར་འདོད་དོ།།
ཡང་ལ་ལའི་བསམ་པར་གོང་དུ་ཁྱོད་ཀྱིས་བཤད་པ་དེ་ལྟ་བུ་ནི་གཞན་སྟོང་སྨྲ་བའི་གཞུང་གང་དུའང་མི་མངོན་ནོ་ཟེར་ན། གངས་ཅན་ལྗོངས་སུ་གཞན་སྟོང་སྨྲ་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཞལ་སྔ་ནས།[10] དེའི་ཕྱིར་འཁོར་ལོ་ཕྱི་མ་གཉིས་དང་རྡོ་རྗེ་ཐེག་པའི་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན། ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་པ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན། འཁོར་ལོ་མཐའ་མ་དང་རྡོ་རྗེའི་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན། ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པ་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ། །དེས་ན་འདིར་གནས་ལུགས་ལ་ཡོད་མེད་དང་། རང་རང་གི་ངོ་བོས་སྟོང་མི་སྟོང་དང་། རྣམ་གཅོད་ཡོངས་གཅོད་དང་། མེད་དགག་མ་ཡིན་དགག་དང་། སྤངས་པ་དང་རྟོགས་པ་ལ་སོགས་པ་གཤིས་ལ་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་ཕྱེ་སྟེ་བསྟན་པར་བྱའོ། །ཞེས་དང་། ཡང་དེ་ཉིད་ཀྱི་ཞལ་ནས། གཞུང་རྣམ་དག་གཞན་དང་། གཞན་རྣམས་སུ་ཡང་། ཡོད་མེད་དང་། བདེ་སྡུག་དང་། བདེན་རྫུན་དང་། རྟག་མི་རྟག་དང་། སྟོང་མི་སྟོང་དང་། གཙང་མི་གཙང་དང་། ཞི་མ་ཞི་དང་། དབེན་མི་དབེན་དང་། བདག་ཡོད་མེད་དང་། སྐྱེ་འགག་ཡོད་མེད་དང་། མཚན་མ་ཡོད་མེད་དང་། ཟག་པ་ཡོད་མེད་དང་། དགེ་མི་དགེ་དང་། འཇིག་རྟེན་ལས་འདས་མ་འདས་དང་། རྣམ་ཤེས་དང་རྟོག་གེ་ལས་འདས་མ་འདས་དང་། སྐད་ཅིག་དང་རྟེན་འབྲེལ་ལས་འདས་མ་འདས་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་གསུངས་པ་རྣམས་ཀྱང་། ལ་ཟློ་བ་མཉམ་གཞག་ཟབ་མོ་ཅིར་ཡང་མི་རྟོག་པའི་སྐབས་ལ་དགོངས་པ་ཡིན་པས། ཁུངས་དེ་རྣམས་ཡོད་མེད་ལ་སོགས་པར་ཤན་འབྱེད་པ་སོ་སོར་རྟོག་པའི་སྐབས་རྣམས་ལ་གནོད་བྱེད་དུ་མི་རུང་ངོ་། །དེ་ལྟ་བས་ན་གསུང་རབ་ཀྱི་དགོངས་པ་ལ་མཁས་པར་འདོད་པ་རྣམས་ཀྱིས་སྐབས་སོ་སོ་དེ་དག་གི་དགོངས་པ་མ་འདྲེས་ཤིང་མ་འཆོལ་བར་བྱའོ། །ཞེས་དང་། [11]རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས་དཔྱད་ཚེ། མཐར་འབྲས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་བདག་ཉིད་མི་བསླུ་བའི་བདེན་པ་དམ་པ་ཡིན་ཅིང་། མཉམ་གཞག་ལ་ཟློ་བའི་ཚེ་ན་སྤྲོས་པ་ཀུན་བྲལ་བསྒོམ། ཞེས་སོགས་གསུངས་ཡོད་ལ། དེ་བཞིན་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་། གཞན་སྟོང་ཁས་ལེན་སེང་གེའི་ང་རོ་ལས། འོ་ན་དོན་དམ་དེ་བདེན་མེད་དང་སྤྲོས་བྲལ་མ་ཡིན་ནམ་ཞེ་ན། དེ་བདེན་མེད་དང་སྤྲོས་བྲལ་མ་ཡིན་པ་ཞིག་དོན་དམ་ཡང་ག་ལ་ཡིན་ཏེ་སྐབས་འདིའི་ཀུན་རྫོབ་བཞིན་ནོ། །འོ་ན་དོན་དམ་བདེན་མེད་དང་སྟོང་པ་ཡིན་ན། བདེན་གྲུབ་དང་རང་ངོས་མི་སྟོང་ཞེས་ཅི་སྨྲ་སྙམ་ན། སྐབས་འདིའི་བདེན་གྲུབ་དང་མི་སྟོང་པ་ནི་ཐ་སྙད་དཔྱོད་པའི་ཚད་མའི་ངོར་གྲུབ་པ་དང་ཡོད་པ་ལ་བརྗོད་པའི་དོན་ཁྱེད་ཅག་གིས་གཏན་མ་གོ་བར་རྒོལ་བ་ཙམ་དུ་ཟད་དོ། །ཞེས་པ་ལ་སོགས་པ་ཚད་ལྡན་གྱི་ལུང་མང་དུ་འདུག་གཤིས་ཁུངས་མེད་ལུང་མེད་དུ་སྨྲ་རྒྱུར་བདག་མི་སྤྲོའོ།།
དེ་ལྟ་བུའི་གསུང་གི་བདུད་རྩི་ཟབ་མོ་དག་གི་བསྟན་དོན་ནི་དྲི་མ་མེད་པ་ཉིད་ཡིན་ཏེ། དེ་མིན་རྒྱལ་བ་མ་ཕམ་པའི་རྒྱུད་བླ་མ་ལས། རྣལ་དབྱེར་བཅས་པའི་མཚན་ཉིད་ཀྱིས། །གློ་བུར་བདག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། ཡང་དེ་ཉིད་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་ཡོད་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། སེམས་ཉིད་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་། གཞན་ཡང་། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་རྩ་ཤེས་ལས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་གཞན་ཡང་གོང་དུ་དྲངས་པའི་མདོ་ལུང་སོགས་ཀྱི་སྐབས་ནས་ཉམས་བྱ་མིན་པའི་ཁམས་སུ་བསྟན་པ་དག་ལའང་རིགས་པའི་གནོད་བྱེད་མཚུངས་སོ། །མ་གཞི་ནས་ཁྱེད་ཅག་ལ་གནའ་སྔ་མོ་ནས་གོམས་གཤིས་ངན་པ་ཞིག་ཡོད་པ་ནི། བོད་ཀྱི་མཁས་པས་གང་གསུངས་ལ་རིགས་པས་གནོད་འདུག་ཟེར་ཕོད་ལ། དེ་དག་དང་ཚིག་དོན་ཁ་ཕྱོགས་སྒོ་ཀུན་ནས་མཚུངས་ཀྱང་རྒྱ་གར་མཁས་པའི་གསུང་ཡིན་ཕྱིན་ཅི་དང་གང་ཞིག་ལ་དགོངས་ནས་གསུངས་པ་ཡིན་པས་ལོས་འགྲིག་ཟེར་སྡོད་པ་ལས་བཀག་ན་འགོག་མཉམ་དང་བཞག་ན་འཇོག་མཉམ་བྱེད་སྲོལ་མི་འདུག་པ་དགེ་ཆོས་ལགས་ཀྱིས་གསུངས་པར་ཆེས་བདེན་ནོ། །མདོར་ན་བཀའ་བར་པའི་སྐབས་ནས་དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་པ་ལ་བདེན་གྲུབ་དུ་འཇོག་སྲོལ་ཡོད་པ་དང་གཞན་སྟོང་སྨྲ་བས་བདེ་གཤེགས་སྙིང་པོའམ་ཆོས་ཉིད་བདེན་གྲུབ་དུ་འདོད་པ་སྒྲ་ཙམ་འདྲ་བའི་རྒྱུ་མཚན་དུ་བྱས་ནས་དོན་ལའང་ཁྱད་མེད་དུ་གོལ་མི་རུང་བའི་གནད་དེ་ཤེས་ན་ད་གཟོད་གཞན་སྟོང་པས་སྙིང་པོ་རྟག་པ་སོགས་སུ་འདོད་པ་ལ་ཡིད་རྟོན་དུ་རུང་བའི་གནས་ལུགས་ཤིག་མཐོང་འོང་བ་ལགས་སོ།།
ཚུལ་འདི་མི་ཤེས་པ་ལ་ལས་ནི་དོན་དམ་བདེན་པ་ཟེར་ལོང་མེད་པར་སྣང་སྟོང་གཉིས་སུ་ཕྱེ་བའི་སྟོང་ཆ་ཉིད་ཡིན་ཁོ་ཐག་དང་། བདེན་གྲུབ་ཀྱི་ཚིག་ཅིག་རྣ་བར་གོ་མ་ཐག་དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཞིག་ལ་བསམ་མནོ་བཏང་ནས་གཞུང་འཛུགས་ཤིང་གཞན་སྟོང་སྨྲ་བའི་ཕྱོགས་ལ་སྐྱོན་བརྗོད་ཀྱི་ཅ་ཅོ་ཅི་ཡང་བསྒྲགས་དང་སྒྲོག་བཞིན་པ་མཐོང་། དེ་ལས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ནི་རང་ཅག་སྔ་འགྱུར་བའི་གཞུང་ལ་ཐོས་བསམ་བྱས་དང་བྱེད་བཞིན་དུ་གོ་བ་ལོག་པའི་གླང་རྒན་འགའ་ཡི་རྗེས་སུ་འབྲངས་ནས་མ་བརྟགས་བབ་ཅོལ་གྱི་གཏམ་གོ་རྒྱུ་མེད་པ་འགའ་བཤད་ནས་ཡིད་ཚིམས་པའི་རྣམ་འགྱུར་རེ་སྟོན་པ་དག་ནི་ཡ་མཚན་དང་སྙིང་རྗེའི་གནས་ངོ་མ་ཞིག་ཅི་ལ་མིན་ཨང་། དེ་དག་ལ་ཉམས་མཚར་གྱི་ཚུལ་དུ་དྲི་བ་འགའ་ཞིག་དྲིས་ན། སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་གྲགས་ཀྱིས་དངོས་པོ་ཡོད་ཚད་བདེན་གྲུབ་ཏུ་འདོད་པར་ཐལ། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར། འཇམ་མགོན་བླ་མས་ཀྱང་ཤེས་བྱའི་ཁོངས་ན་བདེན་གྲུབ་ཡོད་པར་བཞེད་པར་ཐལ། གཞན་སྟོང་ཁས་ལེན་སེང་གེའི་ང་རོར་གསལ་བས་སོ། །མི་ཚད་སྔགས་ཀྱི་སྐབས་ནས་ཡེ་སངས་རྒྱས་པར་བསྟན་པས་མཚོན་སྔགས་ཀྱི་འདོད་ཕྱོགས་མང་དག་ཅིག་ཀྱང་“ཁྱེད་རང་ཚོའི་སྐད་དོད་ལྟར་ན་”དེར་ཐལ་དེའི་ཕྱིར་སོགས་སྨྲ་སྙིང་འདོད། དེར་བརྟེན་དོན་དམ་དང་བདེན་གྲུབ་ཀྱི་སྒྲ་ཙམ་ལ་འཆེལ་ནས་དོན་གྱི་གནད་བསྐྱུར་བ་ནི་རང་ཉིད་དམ་པའི་གཞུང་ལ་ཐོས་རྒྱ་ཆུང་བའི་རང་མཚང་ངོམས་པ་ཙམ་དུ་ཟད་པ་གོང་དུ་དྲངས་ཡོད་པའི་བཀའ་བསྟན་གྱི་ལུང་རྣམས་ལ་ལྟོས་དང་ཤེས་སླའོ། །ལེགས་པར་སོམས་དང་ཁྱེད་ཅག་གི་སྐྱོན་བརྗོད་དེ་དག་དངོས་ཡོད་དང་མཐུན་པ་ཞིག་ཡིན་འདོད་ན། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དང་། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གསུང་དག་ཏུའང་གཞན་སྟོང་དུ་བསྟན་པ་མང་དུ་སྣང་བས་ཁྱེད་ཅག་གི་རིགས་པས་བོད་ཀྱི་གཞན་སྟོང་སྨྲ་བ་དང་མཉམ་དུ། སྟོན་པ་བཅོམ་ལྡན་འདས་དང་། ཀུན་ཏུ་བཟང་པོ། ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་པ། ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཐོགས་མེད་ཡབ་སྲས་དང་བཅས་པ་རྡུལ་དུ་བསྙིལ་འདུག་པས་ཡ་མཚན་ཆེ་བར་འདུག་གོ །ཡང་སྔ་འགྱུར་བའི་གཞུང་ལ་ཐོས་བསམ་བྱས་ལ་གཞན་སྟོང་ལ་མི་དགའ་བ་དག་གིས་སྔགས་དང་མདོ་སོ་སོར་ཕྱེ་ནས་བཤད་དགོས་པ་ལས་ཁོ་བོས་ཤེས་མི་འདུག་སྙམ་ན། ངས་དེ་ལྟར་བཤད་པ་ལ་གནད་ཡོད་དེ་ཁྱེད་ཅག་གི་ལོག་འགྲེལ་གཞིར་བཞག་ན་རིགས་པ་དེ་དག་གིས་སྔགས་ཀྱི་ལྟ་བ་དག་ལའང་གནོད་པ་མཚུངས་མི་འདུག་གམ། ལེགས་པར་སོམས་ཤིག་གུ།
མཐའ་མའི་ཚིག་གསུམ་བརྗོད་ནས་མཇུག་བསྡུ་བ།
གོང་གི་ལུང་ཚིག་དེ་དག་ནི་འུ་ཅག་ཀུན་ཀྱི་ཐུན་མོང་དུ་ཁས་ལེན་རུང་བ་ཤ་སྟག་ཡིན་པ་ལས་བོད་ཀྱིས་གསར་བཟོ་དང་ཁ་སྣོན་བྱས་པ་ལར་ནས་མིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས། དེ་བས་གྲུབ་མཐའ་འདི་ལ་མི་རིགས་པར་སྨྲ་པོ་ཚོས་ལུགས་འདིའི་ཁས་ལེན་གང་ཞིག་བྱེད་མིན་དང་ཁུངས་ལུང་གང་ཞིག་ལ་བཅོལ་ཡོད་མེད་སོགས་ཤེས་དགོས་པ་འགངས་ཆེ་སྟེ། འཇིག་རྟེན་པའི་ལུགས་ལ་ཡང་རྩོད་གླེང་མ་བྱས་སྔོན་དུ་གཞན་གྱི་གང་བཤད་ཧ་གོ་དོན་རྟོགས་རྗེས་ད་གཟོད་གང་ཞིག་བཤད་དགོས་མིན་ལྟ་བ་མ་ཡིན་ནམ། དེ་མཚུངས་གྲུབ་མཐའ་ཕན་ཚུན་གྱི་ལྟ་གྲུབ་རྩོད་པའི་སྐབས་སུ་ཡང་བདག་གི་བླ་མ་ཆེ་གེ་མོའི་གསུང་དང་མཐུན་གྱི་མི་འདུག་པས་དགག་བྱ་ལོས་ཡིན་མི་སྙམ་པར། ཕན་ཚུན་གཉིས་ཀས་ཁས་ལེན་པའི་ལུང་དང་། དངོས་ཡོད་ལ་ཉེ་བའི་རིགས་པས་འགལ་ཟླ་གཅོད་དགོས་པ་དམ་པའི་ལུགས་དང་མཐུན་པ་ལགས་ན། ཁྱེད་གཞན་སྟོང་ལ་མི་དགའ་བ་ཚོས་ཀྱང་གྲུབ་མཐའ་འདིའི་འདོད་པ་གཏིང་ཚུགས་པོ་ཞིག་ཧ་གོ་ན་མི་ལེགས་སམ། དེ་མིན་མྱ་ངན་ལས་འདས་པའི་མདོ་དང་རྡོ་རྗེ་གཅོད་པ་སོགས་སུ་གསལ་བ་ལྟར་དེ་བཞིན་གཤེགས་པ་འདུས་མ་བྱས་ལ་འདུས་བྱས་སུ་ལྟ་བའི་ཉེས་པ་འབྱུང་ཆེ་བས་དོན་མེད་ཆོས་སྤོང་གི་ལས་གསག་རྒྱུ་ལ་མ་བྲེལ་རོགས།
སླར་སྨོན་པ།
སྤྱིར་ན་རིགས་པའི་གཞུང་ལུགས་ཐ་དད་ཀྱང་། །དེ་དག་བདེན་མིན་ལུང་རིགས་རྣམ་དག་དགོས།།
རྒན་པོ་ཨུ་ཚུགས་ཅན་གྱི་གཤིས་ཀ་ལ། །ང་རང་མི་དགའ་ཁྱོད་ཀྱང་དགའ་མི་སྲིད།།
འོལ་ཚོད་བྱས་པའི་ཧར་བཤད་མིན་ན་ཡང་། །ཐོས་རྒྱ་ཆུང་བའི་རང་རྟགས་ངོམས་ཡོད་ཚོད།།
དེ་བས་མཁས་པ་རྣམས་ཀྱི་མདུན་ས་རུ། །ནོར་བ་གང་ཡོད་སྙིང་ནས་བཟོད་པར་གསོལ།།
ཡེ་ནས་གནས་པའི་ཆོས་ཉིད་ཟབ་མོ་དང་། །གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་ལ།།
ལས་ཉོན་སྤྲིན་གྱིས་འབགས་པའི་སེམས་ཅན་རྣམས། །རང་ངོ་རང་གིས་ཟིན་པའི་རྒྱུ་རུ་བསྔོ།།
[1] དེ་སྔ་བོད་ཁ་ཅིག་གིས་ཆོས་ལུགས་འདིའི་ལྟ་བ་གྲངས་ཅན་པ་དང་མཚུངས་པར་བཤད་ཡོད་སྐད།
[2] སྡེ་དགེ་བཀའ་འགྱུར། མདོ་སྡེ། ཤ་པ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་མོ་ཞེས་བྱ་བ། ཤོག་གྲངས། ༢༥༧ པར་གསལ།
[3] སྡེ་དགེ་བཀའ་འགྱུར། མདོ་སྡེ། ཉ་པ། རྒྱ་ཡིག་ནས་བསྒྱུར་པའི་མྱང་འདས་ཆེན་མོ། བམ་པོ། ༢༢ ལེའུ། ༧ ཤོག་གྲངས། ༢༦༠ པར་གསལ།
[4] སྡེ་དགེ་བཀའ་འགྱུར། མདོ་སྡེ། ཚ་པ། སོར་ཕྲེང་གི་མདོ། ཤོག་གྲངས། ༡༥༩ པར་གསལ།
[5] བློ་གྲོས་མཐའ་ཡས་པའི་མཛོད་ཀྱི་པར་མ། དེབ་ཕྲེང་དྲུག་པ། བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོའི་ཤོག་གྲངས། ༢༣༥ ནས་བཏུས་ཏེ་དྲངས།
[6] སྡེ་དགེ་བསྟན་འགྱུར། རྒྱུད་བླ་མའི་རྣམ་བཤད། ཤོག་གྲངས། ༡༡༣ པར་གསལ།
[7] སྡེ་དགེ་བསྟན་འགྱུར། བདེན་གཉིས་རྣམ་འབྱེད་པ། ཤོག་གྲངས། ༢ པར་གསལ།
[8] གསལ་བཤད། རྩ་ཤེས་སོགས་ཀྱི་ལུང་དེ་ཚོ་ཡོངས་གྲགས་དང་དཔེ་ཆ་སོགས་ཀྱང་མཇལ་རྒྱུ་མོད་པས་ལུང་ཁུངས་མ་དྲངས་པ་ཡིན།
[9] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས། ༡༨ པར་གསལ།
[10] རི་ཆོས་ངེས་དོན་རྒྱ་མཚོ། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། ༧ ཤོག་གྲངས། ༡༠༥ པར་གསལ། «གསལ་བཤད། རྡོ་རྗེ་ཐེག་པའི་དོན་གཅིག་མོད།» ཅེས་གཞུང་ཉིད་དུ་དེ་འདྲ་རང་བྲིས་འདུག
[11] ལུང་འདི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ནས་བཏུས་ཏེ་དྲངས་པ་ཡིན། སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༦༧ པར་གསལ།