བཤད་སྒྲུབ་ཉིན་བྱེད། ལོ་རིམ་བདུན་པ།
སྟོང་པའི་མཁའ་ལ་མིག་ཟུང་བཙིར་ཡང་མཐོང་རྒྱུ་རིག་རྒྱུ་མེད་པ་ཡི།།
ཡེ་ཤེས་ལྷ་དང་ངེས་དོན་ལྷ་སོགས་རེ་ཞིག་འདི་ནས་མི་མཆོད་དེ།།
ཁ་ཡོད་ལག་ཡོད་མིག་མཐོང་ལག་ཟིན་བྱིས་པ་བཞིན་དུ་བདག་བསྙོར་བའི།།
ཡབ་ཡུམ་གཉིས་གཙོས་བཤེས་གཉེན་ཉི་ཟླ་སྤྱི་བོའི་གཙུག་གི་རྒྱན་དུ་མཆོད།།
དེ་ལ་འདིར་དཔལ་གསང་བ་སྙིང་པོའི་སྤྱི་དོན་གྱི་རྒྱུད་ཀྱི་དངོས་པོ་བཅུ་གཅིག་གམ་བསླབ་པའི་མཐའ་བཅུ་གཅིག་གི་ཡ་གྱལ་དེ་ཁོ་ན་ཉིད་ལྟ་བ་ཞེས་པ་ལས་འཕྲོས་ཏེ་གསར་རྙིང་གཉིས་ཀྱི་ལྟ་བའི་སྐོར་ལ་ཅུང་ཟད་དཔྱད་པའི་ཚུལ་བགྱིས་ཏེ་རྨོངས་ཚོད་ཀྱིས་འུར་གཏམ་རོབ་ཙམ་བརྗོད་པར་འདོད་པ་ལ།
སྤྱིར་ན་ལྟ་བའི་སྐོར་ལ་འཕགས་བོད་ཀྱི་མཁས་གྲུབ་ཆེན་པོ་ས་ལ་གཤེགས་ཤིང་གྲུབ་པའི་རྟགས་མཐོན་པོར་སོན་པ་རྣམས་ཀྱང་ཞལ་གཅིག་གྲགས་ཤིག་མ་བྱུང་བ་ནི་ཡ་མཚན་པའི་གནས་ཤིག་ཏུ་འཁུམས། མ་ཟད་དེ་ལས་ལྡོག་སྟེ་གཅིག་གིས་གཅིག་ལ་ལོ་གྲག་ཟེར་གསུམ་གྱི་སྐད་ཆ་དང་ཁོས་བཤད་པ་རྒྱུ་མཚན་ལྟར་སྣང་དང་རང་ཉིད་ཀྱིས་བཤད་པ་རྒྱུ་མཚན་ཡང་དག་པར་འགྲེལ་མཁན་རྐྱང་རྐྱང་ལས་གཅིག་གིས་བཤད་པར་གཅིག་གིས་རམ་འདེགས་སམ་ཡི་རང་བྱེད་མཁན་ནི་ཆེས་ཉུང་ཉུང་ཡིན་པ་མ་ཟད་ལོ་རྒྱུས་ཐོག་ན་མངོན་རྒྱུ་མེད་པའི་རི་མོ་ལྟ་བུ་ཞིག་ཡིན། དེ་ཡང་སྨྱོ་ཧམ་གྱིས་རྫུན་གཏམ་ལྷུ་སྒྲིག་བྱས་པ་ཙམ་མིན་པར་ཁོང་རྣམས་ཀྱི་ཡིག་ཆ་ལ་ཁུངས་གཏུགས་ནས་བཤད་པར་བྱ་རྒྱུ་ཡིན། དེ་ལ་ཡང་། གསར་མའི་མཁས་པས་དཔའ་གཏམ་བརྗོད་ཚུལ་དང་། རྙིང་མ་བའི་མཁས་པས་བདེན་གཏམ་སྨྲ་ཚུལ། རང་གིས་བསམ་ཚུལ་བཤད་པ་བཅས་ས་བཅད་གསུམ་གྱི་དབང་དུ་བྱས་ཏེ་འཆད་པར་འདོད་པ་ཡིན།
གསར་མའི་མཁས་པས་དཔའ་གཏམ་བརྗོད་ཚུལ།
གངས་རིའི་ལྗོངས་སུ་གྲུབ་མཐའ་ལ་གསར་རྙིང་གཉིས་སུ་ཕྱེ་བའི་གསར་མའི་སྐྱེས་ཆེན་རིག་པའི་གནས་ལྔ་ལ་ཕུལ་དུ་བྱུང་བ་ས་སྐྱ་པཎ་ཆེན་ཞེས་གྲགས་པ་དོན་གནས་ཀྱི་མཁས་པའི་དབང་པོ་ཁོང་དང་དེའི་རྗེས་འབྲངས་དང་བཅས་པས་ནི་ལྟ་བ་ཞེས་པ་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཁོ་ན་ལ་འཇོག་པ་ལས་ལྟ་བ་ཡུལ་ཅན་དུ་ཁས་ལེན་མེད་པར་མ་ཟད། གཞན་གྱིས་ལྟ་བ་ཡུལ་ཅན་ལ་འདོད་པ་དང་། ལྟ་བ་བདེན་སྟོང་མེད་དགག་ཙམ་དུ་འདོད་པ། ལྟ་བ་གཞན་སྟོང་དུ་འདོད་པ་དག་ལ་ཚིག་ངན་གྱི་མདའ་མོ་སྙིང་ལ་ན་ཟུག་སྟེར་བ་དེ་འདྲ་འཕངས། དེ་ཡང་ཀུན་མཁྱེན་གོ་རམས་པས།[1] ལྟ་བའི་ཤན་འབྱེད་ལས། མཐར་ཐུག་གི་ལྟ་བའི་གནད་ལ་མི་འདྲ་བ་གསུམ་དུ་སྣང་སྟེ་འདི་ལྟར། རྟག་མཐའ་ལ་དབུ་མར་སྨྲ་བ་དང་། ཆད་མཐའ་ལ་དབུ་མར་སྨྲ་བ། མཐའ་བྲལ་དབུ་མར་སྨྲ་བའོ། །ཞེས་གསུམ་དུ་འཇོག་པར་མཛད། དང་པོ་ནི་ཀུན་མཁྱེན་དོལ་པོ་པ་དང་ཇོ་ནང་ཏཱ་ར་ནཱ་ཐ་ཡབ་སྲས་ཀྱིས་ལྟ་བ་གཞན་སྟོང་དུ་ཁས་ལེན་པ་དང་། བཀའ་འཁོར་ལོ་དང་པོ་དྲང་དོན་དང་། བར་པ་ངེས་དོན་ཕྱེད་མ། ཐ་མ་ངེས་དོན་མཐར་ཐུག་ཏུ་བཞེད་པར་མ་ཟད། འཁོར་ལོ་མཐའ་མ་ནས་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོར་དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད། ངོ་བོ་འགྱུར་བ་གཏན་ནས་མེད་པ་རྟག་བརྟན་ཐེར་ཟུག་བདེན་པར་ཡོད་པ་ཞིག་ཁས་ལེན་པས་ན་དེ་ལ་ཟུར་ཟའི་ཚུལ་དུ་རྟག་མཐའ་སྨྲ་བ་ཞེས་དང་།
གཉིས་པ་ནི། དུས་རབས་བཅུ་བཞི་པའི་རྗེས་ཀྱི་མཁས་པ་ཆེན་པོ་གངས་རིའི་ཁྲོད་དུ་རིག་པའི་ངར་སྐད་སྒྲོག་པ་ལ་ཁྱད་དུ་འཕགས་པ་མཉམ་མེད་ཙོང་ཁ་པ་ཆེན་པོ་དང་དེའི་རྗེས་འབྲངས་དང་བཅས་པས་ལྟ་བ་བདེན་སྟོང་མེད་དགག་ཏུ་འདོད་པ་ལ་དེ་མི་འཐད་པའི་ཚུལ་དུ་ཆད་མཐའ་སྨྲ་བའི་གྲལ་དུ་བཞག་པ་མ་ཟད། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཇི་བཞིན་ལོན་མ་ཐུབ་པ་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་རྒྱང་འཕེན་པ་དང་མཚུངས་པ་ཙམ་དུ་བཞག་པ་དང་། མཐར་ཐུག་གི་དཔྱོད་པའི་རིགས་ཤེས་ཀྱི་ངོར་ཡོད་མིན་མེད་མིན་གྱི་ལྟ་བ་ཁས་བླངས་པ་ལ། རྒྱ་ནག་ཧ་ཤང་གི་ལྟ་བ་ཡིན་ནོ་ཞེས་བརྟག་དཔྱད་མ་བྱས་པའི་ཚིག་རང་ག་བ་འཇིག་རྟེན་ཁམས་སུ་འཕངས་པ་དེ་དག བསྟན་པའི་སྙིང་པོ་སྤྲོས་བྲལ་ཉམས་པའི་ཆེད་དུ་བདུད་རིགས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཚུལ་བརྗོད་དེ། མདོར་ན་བྱིས་པ་ཆུང་ངུ་ཞིག་ལ་ཁ་རྡུང་དྲག་པོ་གཏོང་གཏོང་བྱས་ཡོད། དེ་ཡང་གོ་རམས་པས། ལྟ་བའི་ཤན་འབྱེད་ལས།[2] དེས་ན་བདེན་པས་སྟོང་པ་ཙམ་དུ་བཟུང་ནས་ཡོད་མིན་མེད་མིན་གྱི་སྤྲོས་བྲལ་འགོག་པ་འདི་ནི། བླ་མ་དབུ་མ་པའི་འཇམ་དབྱངས་ཀྱིས་བསྟན་པའི་གྲུབ་མཐའ་ཡིན་གྱི། འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དང་འགལ་བ་ཁོ་ན་ཡིན་ནོ། །ཞེས་དང་། དེ་ཉིད་ལས།[3] དོན་དམ་གནས་ལུགས་སྟོང་པའི་ཆད་མཐའ་བཟུང་། །ཀླུ་སྒྲུབ་གཞུང་གི་ལུགས་བཟང་ལས་བྱུང་བའི། །བསྟན་པའི་སྙིང་པོ་མཐའ་བཞི་སྤྲོས་བྲལ་ལ། །རྒྱ་ནག་ཧ་ཤང་ལྟ་བ་ཡིན་ཅེས་སྨོད། །ཅེས་གསུངས། དེས་ན་དེ་དག་དོན་ལ་གནས་མིན་གང་ལྟར་ཡང་མཐར་ཐུག་གི་ལྟ་བ་བདེན་སྟོང་དུ་འདོད་པ་ཞྭ་སེར་ཡབ་སྲས་དང་གཞན་སྟོང་དུ་འདོད་པ་ཇོ་ནང་པ་ཕ་བུ་དག་ལ་རྟག་མཐའ་བ་དང་ཆད་མཐའ་བ་ཞེས་མིང་གི་ཅོད་པན་སྙིང་རྗེ་མོ་རེ་བསྐོན་ཏེ། དམན་པའི་གྲལ་དུ་བཞག་ཡོད།
གསུམ་པ། དེ་ནས་ཀུན་མཁྱེན་གོ་རམས་པ་རང་ཉིད་ཀྱི་རང་ལུགས་འདི་ལྟར་བཞག་པར་སྣང་། ལྟ་བ་ཡུལ་ཅན་ལ་མ་བཞག་པར་ཡུལ་རྐྱང་པའི་སྟེང་ནས་འཇོག་པ་སྟེ། ལྟ་བ་ཡུལ་དང་སྒོམ་པ་ཡུལ་ཅན་གཉིས་སུ་ཕྱེ་ནས་ཡུལ་ཆོས་དབྱིངས་ལ་ལྟ་བ་ཞེས་བཞག་པ་མ་ཟད། དེ་ཡང་དཔལ་ས་སྐྱའི་མཁས་པ་ཆེན་པོ་གཡག་གཞོན་གཉིས་ཀྱི་བར་དུ་བྱོན་པའི་མཁས་པ་ཡོངས་ཀྱིས་ཁ་གཅིག་གྲགས་སམ་དགོངས་པ་གཅིག་ཡིན་ཚུལ་སོགས་བརྗོད་ཡོད། དེ་ཡང་ལྟ་བའི་ཤན་འབྱེད་ལས།[4] དབུ་མའི་དོན་ནི་ཡོད་མེད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། མཐར་འཛིན་པ་དང་མཚན་མར་འཛིན་པ་ཐམས་ཅད་སྤང་དགོས་ལ། ཞེས་དང་། དབུ་མའི་ལྟ་བ་འདིའོ་ཞེས་མཐའ་གཅིག་ཏུ་འཛིན་པ་གཅིག་བྱུང་ན་སྟོང་མི་སྟོང་སོགས་གང་དུ་བཟུང་ཡང་མཐར་འཛིན་ལས་མ་འདས་པས་དབུ་མའི་ལྟ་བ་མིན་ནོ། །ཞེས་དང་། ས་པཎ་གྱིས་ཀྱང་།[5] ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་ཁྱད་པར་བཤད་པ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་ཞིག་ཡོད་གྱུར་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་ལྟ་བ་ཡུལ་ལ་བཞག་པའི་རྐྱེན་གྱིས་མདོ་སྔགས་གཉིས་ཀྱི་ལྟ་བ་ལ་ཡང་ཁྱད་པར་མེད་པ་འདོད་དོ།།
ལྟ་བའི་ཤན་འབྱེད་ལས།[6] གནས་ལུགས་མཐའ་བཞི་སྤྲོས་པས་དབེན་པ་དང་། །རྟོགས་བྱེད་བློ་གཉིས་གཉིས་སུ་དབྱེར་མེད་པར། །བློ་ཉིད་སྤྲོས་བྲལ་ངང་དུ་ཐིམ་པ་ལ། །ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། །ཅེས་གསུངས་སོ།།
རྙིང་མའི་མཁས་པས་བདེན་གཏམ་སྨྲ་ཚུལ།
དེ་ཡང་། བསྟན་རྒྱས་སྨོན་ལམ་ལས།[7] མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་གསུངས་པ་ལྟར། རྒྱལ་བསྟན་གངས་རིའི་ལྗོངས་སུ་ཐོག་མར་འདྲེན་པའིཤིང་རྟ་ཆེན་པོ་གསང་ཆེན་སྔ་འགྱུར་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་སྟེ། མཁན་སློབ་ཆོས་གསུམ། སོ་ཟུར་གནུབས་གསུམ། རོང་ཀློང་རྣམ་གཉིས། ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་རིག་པ་འཛིན་པ་གྲངས་ཀྱིས་མི་ལང་བ་ཞིག་བྱོན་ནའང་ཡོད་ཚད་ཁ་གཅིག་གྲགས་ཀྱི་ངང་ནས་སྔ་འགྱུར་བའི་ལྟ་བ་ནི་ཡུལ་ཆོས་དབྱིངས་ཙམ་ལ་མ་བཞག་པར་མཐའ་བཞི་གང་དུའང་འཛིན་པ་མེད་པར་རྟོགས་པའི་རྗེས་ཀྱི་ངེས་ཤེས་ཤིག་ལ་ངོས་འཛིན་བྱེད་པར་སྣང་སྟེ། སྤྱི་དོན་འོད་གསལ་སྙིང་པོ་ལས།[8] དེ་ཡང་ལྟ་བ་ཞེས་པ་གཏན་ལ་དབབ་བྱའི་དོན་དེ་ངེས་བཟུང་གི་རྣམ་པ་ཅན་ཞིག་ལ་འཇོག་པས་གཙོ་བོར་རྗེས་ཐོབ་ཀྱི་ངེས་ཤེས་ལ་བཞག་དགོས་ཏེ། ཞེས་དང་། དེ་ཉིད་ལས། མདོ་སྔགས་ལྟ་བའི་ཁྱད་པར་འབྱེད་སྐབས།[9] ལྟ་བ་ནི་ཡུལ་ཅན་གྱི་ངོས་ནས་འཇོག་པས་ན་ཁྱད་ཤིན་ཏུ་ཆེའོ། །ཞེས་དང་། ལྟ་བའི་མཚན་ཉིད་འཇོག་པའི་སྐབས་སུ་ཡང་། དེ་ཉིད་ལས།[10] གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱི་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློའོ། །ཞེས་དང་། གཞན་ཡང་དེ་ཉིད་ལས།[11] ལྟ་བ་ཐམས་ཅད་ཀྱི་ཡང་རྩེ། གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག ལམ་ཐམས་ཅད་ཀྱི་སྐྱེལ་སོ། ཐེག་པ་བླ་ན་མེད་པ་འདི་པའི་ལུགས་ཀྱི་ལྟ་བ་ཐུན་མོང་མིན་པ་ནི་སྣང་སྲིད་དག་མཉམ་ཆེན་པོར་ངེས་པའི་བློ་ཡིན་ནོ། །གཞན་ཡང་གསང་བདག་ཞལ་ལུང་ལས།[12] གནས་ལུགས་དང་རྗེས་སུ་མཐུན་པའི་བདེན་དོན་མཐོང་བས་གདེང་དུ་གྱུར་པའི་ཤེས་རབ་བོ། །ཞེས་མདོར་ན་ལྟ་བའི་ངོ་བོ་འདི་ལྟར་འཇོག་པ་སྟེ། ཞེས་མདོ་སྔགས་གང་གི་ལུགས་ལ་ཡང་ལྟ་བ་ནི་ཡུལ་ཅན་གྱི་ངོས་ནས་འཇོག་པ་ལས་ལྟ་བ་ཡུལ་དང་སྒོམ་པ་ཡུལ་ཅན་དུ་འཇོག་པ་མེད་དོ། །དེའི་ཕྱིར་སྔ་འགྱུར་བའི་ལུགས་ལ་ཐེག་པ་རིམ་པ་དགུ་ལ་སོགས་པ་བྱུང་བ་ཡང་ལྟ་བ་ཡུལ་ཅན་ལ་བཞག་པའི་རྐྱེན་གྱིས་བྱུང་བར་སྙམ་སྟེ། ཡུལ་ཆོས་དབྱིངས་མཐོང་ཚུལ་ལ་གསལ་སྣང་ཇེ་ཆེ་ཇེ་ཆེར་སོང་བའི་སྟོབས་ཀྱིས་འོག་མ་འོག་མ་ལས་གོང་མ་གོང་མ་ཁྱད་དུ་འཕགས་པ་བྱུང་བས་ན་ཐེག་པ་རིམ་དགུ་གྲུབ་པ་ཡིན་ནོ།།
འོན་ཀྱང་ཀུན་མཁྱེན་ཀློང་ཆེན་པས། ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང་། །ཞེས་ཡུལ་སྟོང་ཉིད་ལ་ལྟ་བའི་མིང་གིས་བསྙད་པ་ནི་ཡོད་མོད། དེ་ནི་ལྟ་བ་དང་ལྟ་ཡུལ་ཁྱད་མ་ཕྱེས་པའམ་ལྟ་ཡུལ་ལ་ལྟ་བ་ཞེས་མིང་བཏགས་པ་ཙམ་མོ།།
རང་ཉིད་ཀྱིས་བསམ་ཚུལ་བརྗོད་པ།
དེ་ལྟར་གོང་དུ་བཤད་པ་ལྟར་རང་རེའི་བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཡོད་དོ་ཅོག་ཡིན་རྒྱུ་ནི་ཡོད་ཚད་དབུ་མ་པ་ཡིན་ཞེས་སྨྲ་བ་ལ་མཐར་ཐུག་གི་ལྟ་བ་ངོས་འཛིན་མི་འདྲ་བ་སྣ་ཚོགས་པ་བྱུང་བ་འདི་ལྟར། བདེན་སྟོང་མེད་དགག་ལ་འདོད་པ་དང་། རང་གི་ངོ་བོས་མི་སྟོང་པར་ཆོས་གཞན་གྱིས་སྟོང་པར་འདོད་པ། ཆོས་རང་གིས་སྟོང་པར་འདོད་པ་སོགས་མང་པོ་ཞིག་བྱུང་བ་དེ་དག་རྣལ་འབྱོར་པ་ཡིས་དཔྱད་ན་དགོངས་པ་གཅིག་ཏུ་འབབ། ཅེས་ལུང་ཚིག་ཙག་ཙིག་ལ་བརྟེན་ནས་མཐར་ཐུག་གནད་གཅིག་ཏུ་བབས་ཟེར་བ་སོགས་སྣ་ཚོགས་པ་ཞིག་སྨྲ་བ་བྱུང་མོད།
ཁོ་བོའི་བསམ་ཚུལ་ལམ་མཐོང་སྣང་ལ་དེ་དག་ནི་དགོངས་པ་གཅིག་ཏུ་ནམ་ཡང་འབབ་ཐབས་མེད་དེ། དཔེར་ན་བུམ་པ་ལྟ་བུ་ཞིག་ལ་ཆ་མཚོན་ན་རྗེ་བདག་ཉིད་ཆེན་པོ་ལ་སོགས་པས། སྤྱོད་འཇུག་གི་ལུང་ལ་ཁུངས་གཏུགས་ནས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་བུམ་པ་རང་ངོས་ནས་མི་སྟོང་པར་བདེན་པས་སྟོང་ཞེས་དགག་བྱ་དང་དགག་གཞི་ངོས་འཛིན་ལེགས་པར་འབྱེད་དགོས་ཟེར་བ་དང་། ཡང་ཀུན་མཁྱེན་མི་ཕམ་སོགས་ཀྱིས་མདོ་ལ་ཁུངས་བཅོལ་ནས།[13] གཟུགས་གཟུགས་ཀྱིས་སྟོང་སྟེ། ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར། ཞེས་དགག་བྱ་དང་དགག་གཞི་གང་ཡང་ཁྱད་པར་འབྱེད་མི་དགོས་པར་བུམ་པ་ཁོ་རང་འགོག་དགོས་གསུངས། དེ་ལྟར་གསུང་སྒྲོས་གྲ་མ་འགྲིག་པ་དེ་དག་མཐར་ཐུག་གནད་གཅིག་ཏུ་འབབ་བོ་ཞེས་ཨུ་ཚུགས་ཇི་ཙམ་བྱས་ཀྱང་མཐར་ཐུག་གི་གནད་གཅིག་ཏུ་འབབ་ཐབས་ནམ་ཡང་མེད་ལ་གནད་གཅིག་ཏུ་བབས་ཀྱང་དགོས་པ་རྒྱུ་མཚན་དམིགས་བསལ་བ་ཞིག་གང་ཡང་མེད་པས་དོན་མེད་ངལ་བ་བསྟེན་དགོས་མེད། རང་རང་གི་ས་ནས་ཐར་པ་རེ་འཐོབ་རྒྱུ་ནི་ཡོད་པ་མིག་མཐོང་ལག་ཟིན་རེད་འདུག་ན། གནད་ཅིག་ཏུ་འབབ་དགོས་ཞེས་ཕ་བོང་བཞིན་དུ་རྡོག་རྡོག་གཅིག་བཟོ་དགོས་དོན་མེད་པ་མ་ཟད། གནད་གཅིག་ཏུ་བབས་འདུག་ཅེས་དག་སྣང་སྦྱོང་ཁུལ་ཞིག་བྱས་ཀྱང་རྟག་དངོས་གཉིས་གཞི་མཐུན་ཡོད་པར་སྒྲུབ་པ་དང་མཚུངས་འདུག་སྙམ་མོ།།
སླར་སྨྲས་པ།
བགྲང་བྱ་འགའ་ནི་ཁ་ཕྱོགས་མ་ཤེས་ཅི་བྱ་གཏོལ་མེད་གཡང་ལ་ལྷུང་།།
བར་སྐབས་ཤིག་ནི་རྣམ་པར་གཡེང་དང་ནད་གདོན་ཞིག་གིས་སྡུག་ལ་སྦྱར།།
ད་ནི་ལོ་ན་རྒས་ཤིང་རྒས་པས་རྫི་ཡང་རྡིབ་པའི་དུས་འདི་རུ།།
འཕག་འཚག་ང་རོ་ཇི་ལྟར་རྒོད་ཀྱང་མཁས་རྣམས་མགུ་བའི་རྒྱུ་རྐྱེན་མེད།།
[1] བོད་ཀྱི་གཙུག་ལག་ཞིབ་དཔྱོད་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༢༠༧ པར་གསལ།
[2] བོད་ཀྱི་གཙུག་ལག་ཞིབ་དཔྱོད་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༢༢༦ པར་གསལ།
[3] བོད་ཀྱི་གཙུག་ལག་ཞིབ་དཔྱོད་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༢༥༩ པར་གསལ།
[4] བོད་ཀྱི་གཙུག་ལག་ཞིབ་དཔྱོད་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༢༡༥ པར་གསལ།
[5] སྡོམ་གསུམ་རབ་དབྱེ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་པར་མ། ཤོག་གྲངས། ༥༩ པར་གསལ།
[6] བོད་ཀྱི་གཙུག་ལག་ཞིབ་དཔྱོད་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༢༦༠ པར་གསལ།
[7] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༥༩ པར་གསལ།
[8] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༨ པར་གསལ།
[9] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༩ པར་གསལ།
[10] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༧ པར་གསལ།
[11] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༨ པར་གསལ།
[12] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས། ༦ པར་གསལ།
[13] འདི་ཀུན་ངེས་སྒྲོན་འགྲེལ་པ་སོགས་སུ་ཁུངས་དྲངས་པ་མ་གཏོགས་གཞུང་དངོས་མ་མཐོང་།