ལོ་རིམ་གཉིས་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།
བྱིན་རླབས་ཞེས་པ་ས་ཆུ་མ་ཡིན་དེ་བཞིན་མེ་དང་རླུང་མ་ཡིན།།
རྡོ་བ་མ་ཡིན་ལྦུ་བ་མ་ཡིན་སོར་མོའི་བར་གྱི་ཕྱག་རྒྱའང་མིན།།
བུམ་ཆུ་ཆུ་རེད་བུམ་སྒྲོ་སྒྲོ་རེད་སྒྲོ་དང་བུམ་པའི་མཛེས་པའང་མིན།།
འཐོར་ནས་འབྲུ་རེད་ལག་པ་ཤ་རེད་འབྲུ་དང་ལག་པའང་བྱིན་རླབས་མིན།།
ཉི་མའི་འོད་ཟེར་གྱང་ལ་འཚེར་བའི་ལྡེབས་ཀྱི་རི་མོའི་ཚོན་རིས་མིན།།
རྔ་ལྤགས་ཀོ་རེད་རྔ་ལྕག་ཤིང་རེད་ཀོ་དང་ཤིང་གི་འབྲེལ་བའང་མིན།།
ཌཱ་མ་རུ་ཡི་འུར་སྒྲའི་གསེང་གི་རྣ་བར་འཇེབས་པའི་སྒྲ་ཡང་མིན།།
ལྷ་ཁང་སྟེང་གི་མིག་ལ་རན་པའི་རི་དྭགས་འཁོར་ལོའི་བཟོ་ལྟའང་མིན།།
བསླུ་མེད་ལུང་གིས་ཡང་ཡང་ཟིན་ཏེ་ལྔ་བརྒྱའི་གཙུག་གི་རྒྱན་དུ་ཤར།།
འགྲོ་བའི་དོན་དུ་སྲིད་པའི་གནས་སུ་སླར་ཡང་མི་ཡི་གར་ལ་རོལ།།
གྲངས་མེད་བྱེ་བའི་སྨོན་ལམ་མཐུ་ཡིས་ཆེད་དུ་བསྟན་པའི་དོན་ལ་བྱོན།།
རིས་སུ་མ་ཆད་གྲུབ་མཐའ་ཡོངས་ལ་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
གསར་བརྗེ་རུལ་དྲི་སྙིང་ལ་གཟན་པས་ཁ་བའི་ཡུལ་ནས་རྒྱང་དུ་ཆས།།
མི་འགྱུར་དམ་བཅའི་གོ་ཆ་བརྟན་པོ་སྙིང་སྟོབས་སྲོག་གི་རི་མོར་བརྐོས།།
གཞན་དོན་ཁོ་ན་ཁུར་དུ་བཞེས་ནས་རང་དོན་རྒྱབ་ཀྱི་ཕྱོགས་སུ་བསྐྱུར།།
ཆོས་པ་ཞིག་གི་རང་ཚུགས་སྒམ་པོས་དམ་པའི་རྗེས་སུ་བསྙེགས་པ་ཡི།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
གོས་ཆེན་སེར་པོའི་རྒྱས་སྤྲོས་མི་དགོས་རས་རྐྱང་ངན་ངོན་ཙམ་ལ་དགྱེས།།
མཐོན་པོའི་ཁྲི་ཡི་རྔམ་བརྗིད་མི་དགོས་གྲྭ་རྐྱང་ཕལ་པའི་འཚོ་བར་འཐད།།
དཔུང་དང་གཉེན་གྱི་འདུ་ཚོགས་མི་དགོས་དགྲ་དང་གཉེན་གྱི་དབྱེ་བ་མེད།།
ཀུན་དང་བསྟུན་པའི་ཕྱག་ལས་དག་གི་རྣམ་ཐར་དད་པའི་གསོས་སྨན་གྱི།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
དཀའ་བའི་ལས་ལ་འཛེམ་བག་མ་མཆིས་ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་ཡིན།།
མཐོན་པོའི་མི་ཡི་ང་རྒྱལ་མ་མཆིས་ཕྱག་ལས་གནང་བ་བགྲང་ཡས་ཡིན།།
འགྲོ་བའི་དོན་དུ་སྲོག་གི་གཤེད་མའི་དུག་གི་ངར་ལ་འཛེམས་དོགས་མེད།།
སློབ་ཚོགས་ཆེད་དུ་ཞབས་ཐང་བསྐྱོད་དེ་ཚོང་གི་ལས་སུའང་བྲེལ་མྱོང་བའི།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
འདྲ་མཉམ་ལྟ་བ་གཙུག་ཏུ་བཀུར་ཏེ་བཙུན་མའི་ལམ་ལ་འོད་ཟེར་བསྒྲོན།།
དམངས་གཙོའི་ཀ་བ་མཐོ་རུ་བཏེག་སྟེ་སྒེར་གཅོད་སྤྱོད་པའི་གཤིས་ཀ་དོར།།
ཐོབ་ཐང་ཁ་ཡིག་ཐུགས་སུ་བརྐོས་ཏེ་འབུ་སྲིན་ཙམ་ལ་འཚེ་མི་བྱེད།།
དུས་དང་མཐུན་པའི་མིག་རྒྱང་འདི་ལ་བགྲོད་པའི་ཐུགས་རྗེ་སྤྱན་ཡངས་པའི།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
སྙིགས་མའི་དུས་ཀྱི་མར་གཤམ་འདི་ན་བསོད་ནམས་བྱེ་བ་ལས་བསྐྲུན་པའི།།
སྐྱེ་དགུའི་དད་པའི་གཙུག་གི་རྒྱན་གཅིག་སྐྱབས་རྗེ་འགྲོ་བའི་དེད་དཔོན་མཆོག།
ཤ་ཡི་ཚུགས་ཀས་མི་ཡུལ་བྱོན་པའི་བྱམས་བརྩེ་འོད་ཀྱི་ཟེགས་མ་དེས།།
ཕལ་པའི་ཚུལ་གྱིས་ཕལ་པའི་མི་དག་སྐྱོབ་པའི་ཐུགས་རྗེས་གཟིགས་པ་ཡི།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
གང་གི་ཐུགས་བརྩེ་ཀུན་ལ་ཁྱབ་པའི་གྲུབ་དབང་དམ་པའི་ཞབས་རྗེས་ལ།།
ས་དང་མཚམས་ཀྱི་དབྱེ་བ་མ་མཆིས་ཏི་སེ་ལྷུན་པོའི་སྤོ་ལས་བརྒལ།།
ཐུགས་བསྐྱེད་སྨོན་ལམ་སུ་ལའང་བཏབ་མཛད་བདག་དང་གཞན་གྱི་སྐད་ཆ་མེད།།
མཛད་པའི་འོད་ཀྱི་ཕྲིན་ལས་དག་ཀྱང་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་འཕྲོས།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
སྔ་འགྱུར་བསྟན་པའི་མིང་ཙམ་ལྷག་པའི་སྙིགས་མའི་དུས་ཀྱི་མར་གཤམ་ན།།
མཐའ་འཁོབ་ཅིག་ཏུ་དཔུང་མེད་ཁེར་བུར་མཚོ་སྐྱེས་རྒྱལ་བའི་མེ་རོ་གསོས།།
ཕྲུགས་བཞིའི་གྲངས་ཀྱིས་དགེ་འདུན་བཙུན་པའི་གྲྭ་པའི་མིང་གི་ལྷག་མ་དེ།།
བརྒྱུད་མར་སྤེལ་ནསཤར་ནུབ་ཀུན་ཏུ་བཤད་སྒྲུབ་བསྟན་པའི་དོན་མཛད་པའི།།
མཁན་སློབ་དག་གི་མཛད་པ་ཕྲིན་ལས་ཕྱོགས་ཀུན་ཁྱབ་པར་སྣང་བ་ཡི།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
ན་བའི་སྡུག་བསྔལ་རིང་དུ་འདོར་བར་འཆི་མེད་ཚེ་ཡི་དཔལ་སྟོབས་བསྐྱེད།།
རྒས་པའི་ཟུག་རྔུ་བདག་གིར་བཞེས་ནས་རིན་མེད་རྒན་གསོའི་དོན་ལ་འབད།།
མ་རིག་འགྲོ་བའི་རྨོངས་པ་སེལ་ཕྱིར་ཤེས་རབ་འོད་གསལ་རལ་གྲི་འཕྱར།།
མདོ་རྒྱུད་ཀུན་ལ་ཕུལ་དུ་བྱུང་བའི་མདོ་སྔགས་རིག་པའི་འབྱུང་གནས་བསྐྲུན།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
བཅོས་མིན་ངེས་འབྱུང་རྒྱུད་ལ་འཁྲུངས་ཏེ་རྣམ་དག་ཚུལ་ཁྲིམས་དྲི་བསུང་འཐུལ།།
སྤོབས་པའི་གཏེར་བརྒྱད་ལྷུག་པོར་གྲོལ་ནས་སྙིང་སྟོབས་མི་འགྱུར་ལྷུན་པོ་མཐོ།།
སྒྲུབ་པའི་སྙིང་པོ་རྟགས་ཀྱི་མཚན་མ་ཆོས་སྐྱོང་སྲུང་མ་རང་འཁོར་ཡིན།།
མདོ་སྔགས་ཟུང་འབྲེལ་ཉམས་བཞེས་གནང་བའི་གྲུབ་པའི་འབྲས་རྟགས་རྨད་དུ་བྱུང་།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
གཟུགས་སྐུའི་བཀོད་པ་འཇིག་རྟེན་འདི་ནས་དག་པའི་ཞིང་གཞན་མ་བརྗེས་བར།།
གྲངས་མེད་བྱེ་བའི་རྔུལ་ཆུའི་ཐིགས་པ་བསགས་པའི་རྨད་བྱུང་འབྲས་བུ་ལ།།
སྤྱིར་བཏང་ལུང་རྟོགས་ཆོས་ཀྱི་འཁོར་ལོ་ཐུབ་པ་མཆོག་གི་བསྟན་པ་དང་།།
ཁྱད་པར་སྔ་འགྱུར་ཚང་ལ་མ་ནོར་ཟབ་རྒྱས་ཚུལ་གཉིས་རྒྱ་མཚོ་སོགས།།
བརྒྱུད་པའི་ཕྲེང་བའི་མན་ངག་མ་ཆད་སྒྲུབ་པ་རིག་འཛིན་བཀའ་བརྒྱད་ཀྱི།།
མཛད་པ་འདི་ཀོ་དོན་དང་ལྡན་པའི་ངོ་མཚར་འབར་བའི་བྱིན་རླབས་ཡིན།།
འཇིགས་མེད་མི་ཟད་གཏེར་ལས་གྲུབ་པའི་དམ་པ་བརྗོད་དཀའི་མཚན་ཅན་གྱིས།།
ཐུབ་བསྟན་རྒྱལ་མཚན་དགུང་དུ་བསྒྲེངས་ཏེ་འབད་པའི་འབྲས་བུ་གཡུར་དུ་ཟ།།
བཤད་སྒྲུབ་ལུང་རྟོགས་བསྟན་པའི་ཉིང་ཁུས་འགྲོ་ཀུན་འདྲེན་པ་འགན་དུ་བཞེས།།
ཆོས་ཀྱི་སྣང་བ་ཕྱོགས་བཅུར་སྤེལ་བའི་ཐུགས་བསྐྱེད་སྨོན་ལམ་འོད་ཟེར་གྱི།།
སྒྲ་དབྱངས་འདི་དག་སྙན་ཞིང་འཇེབས་པ་འགྲན་ཟླས་དབེན་པའི་བྱིན་རླབས་ཡིན།།
བླ་མའི་བྱིན་རླབས་ཀུན་ལ་ཁྱབ་ཡོད་བྱམས་པའི་ཐུགས་ལ་ཉེ་རིང་མེད།།
བླ་མའི་བྱིན་རླབས་ཀུན་ལ་བགོས་ཡོད་ཕྱུག་དང་དབུལ་པོའི་ཁྱད་པར་མེད།།
བླ་མའི་བྱིན་རླབས་གང་སར་འཚེར་ཡོད་ས་དང་ལམ་གྱི་དབྱེ་མཚམས་མེད།།
བླ་མའི་བྱིན་རླབས་ཇི་སྙེད་སུ་དག་ཡོངས་ལ་སྙོམས་པའི་ཉི་ཟླ་ཡིན།།
༢༠༡༩/༡༠/༠༦ གཟའ་ཉི་མའི་ཉིན་མཐའ་གྲུབ།