ཚེ་གཡོག་ལམ་ལུགས་ཀྱི་ཆེད་དུ་དམག་འཐབ་མི་བགྱིད་པར། རང་དབང་གི་དོན་དུ་དམག་འཐབ་ལ་ཞུགས་དགོས་པར་བཤད་པ།[1]
ལོ་རིམ་བདུན་པའི་སློབ་གཉེར་བ། དངོས་གྲུབ་དབང་ཕྱུག
ཁོ་བོས་དགོངས་དག་ཞུ་ཡི་ཡོད། འོན་ཀྱང་ཁོ་བོ་རྒྱལ་པོ་ཆེན་པོ་བྱེད་འདོད་མེད། དེ་ནི་ཁོ་བོའི་ལས་འགན་མིན། ཁོ་བོས་གཞན་སུ་གང་ཡང་དབང་དུ་སྒྱུར་འདོད་དང་འཇོམས་འདོད་མེད། ཅི་སྟེ་སྒྲུབ་ཐུབ་ན་ཁོ་བོས་ཚང་མར་ཕན་གྲོགས་བྱེད་འདོད་ཡོད། འཇིའུ་དང་ཡ་རབས་ཅན་གྱི་དཀར་ནག་ཚོ། འུ་ཅག་ཐམས་ཅད་གཅིག་གིས་གཅིག་ལ་ཕན་ཚུན་ཕན་གྲོགས་བྱས་ནས་སྡོད་འདོད་ཡོད། འགྲོ་བ་མི་ཟེར་བ་དེ་འདྲ་ཡིན། འུ་ཅག་ཕན་ཚུན་དགའ་སྐྱིད་ཀྱི་ངང་ནས་མི་ཚེ་འཚོ་འདོད་པ་རེད། ཕན་ཚུན་ཉམ་ཐག་པའི་ལམ་ནས་མིན། འུ་ཅག་ཕན་ཚུན་ཞེ་འཁོན་འཛིན་འདོད་དམ་མཐོང་ཆུང་བྱེད་འདོད་མེད། གོ་ལ་འདིའི་ཐོག་ཐམས་ཅད་ལ་སྡོད་གནས་ཡོད། དེ་མ་ཟད་གོ་ལ་བཟང་པོ་འདི་ཉིད་ཕྱུག་པོ་ཡིན་པས་ཚང་མར་མཁོ་སྤྲོད་བྱེད་ཐུབ། མི་ཚེ་འཚོ་ཡུན་དེ་རང་དབང་ཅན་ནམ་ཡིད་དུ་འོང་བ་ཞིག་ཡོང་ཐུབ་ཀྱང་། འུ་ཅག་རྣམ་པས་ལམ་ཕྱོགས་དེ་ཤོར་ཟིན་པ་རེད།
སྐྱེས་བུའི་རྣམ་པར་ཤེས་པ་ནི་འདོད་རྔམ་གྱི་དུག་གིས་བཟི་ནས་འདུག དེས་གོ་ལ་འདི་ཉིད་དུ་ཞེ་ལོག་གིས་འཐབ་རྩོད་བྱེད་ཀྱིན་འདུག གང་ཞིག་གིས་འུ་ཅག་སྡུག་བསྔལ་དང་ཁྲག་སྦྱོར་ནང་དུ་ངང་འགྲོས་སུ་བཀོད་ནས་ཡོད། འུ་ཅག་གི་ཡར་རྒྱས་ཀྱི་མགྱོགས་ཚད་དེ་གོང་དུ་འཕེལ་འདུག་ཀྱང་དེས་རང་ཅག་རྣམས་ནང་དུ་བཀག་ནས་གདའ། འཛད་མེད་དུ་སྟེར་བའི་འཕྲུལ་ཆས་དེ་ཚོས་འུ་ཅག་འདང་མིན་གྱི་གནས་ལུགས་སུ་གཡུགས་ནས་མཆིས། འུ་ཅག་གི་ཤེས་ཡོན་དེས་ཡིད་མ་རངས་པ་བཟོས་ཟིན། འུ་ཅག་གི་སྤྱང་གྲུང་འཛོམས་པའི་སེམས་ཉིད་ནི་མཁྲེགས་པོ་དང་གནག་པོའི་རང་བཞིན་ལས་མ་འདས། འུ་ཅག་རྣམ་པས་ཧ་ཅང་ཁྱོན་ཆེ་བའི་བསམ་གཞིག་བྱེད་རུང་སྙིང་རྗེ་ནི་ཤིན་ཏུ་ཆུང་། དེས་ན་འུ་ཅག་ལ་འཕྲུལ་ཆས་ལས་ལྷག་པའི་འགྲོ་བ་མིའི་རིགས་ཀྱི་རང་གཤིས་དེ་དགོས་ལ། སྤྱང་གྲུང་འཛོམས་པོ་ལས་ལྷག་པའི་ཕན་སེམས་སམ་ཡ་རབས་སྤྱོད་ལྡན་གྱི་རང་བཞིན་དེ་མཁོ་གནད་རེད། ཡ་རབས་ཀྱི་ཁྱད་ཆོས་དེ་མེད་ཚུན་ཆད་འུ་ཅག་གི་མི་ཚེ་དེ་འཚེ་བ་ཅན་དང་དོན་མེད་ཆུད་ཟོས་སུ་འགྱུར།
དམག་མི་ཚོ། ཁྱེད་རང་རྣམ་པ་སོ་སོ་མི་གདུག་རྩུབ་ཅན་གྱི་ཆེད་དུ་བློས་མ་གཏོང་རོགས། ཁྱེད་རང་ཚོར་མཐོང་ཆུང་གཏོང་མཁན་དང་། བྲན་དུ་བཀོལ་བ་པོ། ཁྱེད་ཚོའི་མི་ཚེ་སྒྲིག་འཛུགས་བྱེད་པོ། གང་ཞིག་བྱེད་དགོས་མིན་བཤད་པོ། གང་དྲན་དགོས་སམ་ཚོར་དགོས་པ་ལབ་མཁན། ཁྱེད་ཚོར་དམག་སྦྱོང་བྱེད་འཇུག་མཁན། ཁྱེད་ཚོར་ཟས་སྤྱོད་འཕྲོད་བསྟེན་བྱེད་འཇུག་མཁན། ཁྱེད་ཚོར་སྒོ་ཕྱུགས་ལྟ་བུའི་ལྟ་ཚུལ་བཟུང་ནས་མེ་སྒྱོགས་གཟན་ཆག་ལྟ་བུར་བེད་སྤྱོད་གཏོང་བ་པོ་དག་གི་དབང་དུ་མ་ཤོར་བར་གྱིས། རྣམ་པ་ཚོའི་འཕྲུལ་ཆས་ཀྱི་དབང་དུ་གྱུར་པའི་སེམས་སམ་འཕྲུལ་ཆས་ཀྱིས་ཁ་ལོར་བསྒྱུར་པའི་སྙིང་དང་ལྡན་པའི་འཕྲུལ་ཆས་ཀྱི་མི་སྟེ། དངོས་པོའི་གཤིས་དང་མི་མཐུན་པ་དག་གི་ཆེད་དུ་ཁྱེད་རང་བློས་མ་གཏོང་རོགས། རྣམ་པ་ཚོ་འཕྲུལ་ཆས་མིན་ལ་སྒོ་ཕྱུགས་ཀྱང་མིན། རྣམ་པ་ཚོ་ནི་མི་ཞིག་ཡིན། རྣམ་པ་ཚོའི་སྙིང་དཀྱིལ་དུ་འགྲོ་བ་མིའི་གཤིས་ཀྱི་བྱམས་བརྩེ་དེ་ཉིད་གནས་ཡོད། རྣམ་པ་ཚོས་ཞེ་འཁོན་འཛིན་གྱི་མེད། མི་ངན་དག་གིས་ནི་ཕན་ཚུན་ཞེ་ལོག་འབའ་ཞིག་འཛིན་པར་འགྱུར་བས། དེ་ནི་ཡིད་དུ་མི་འོང་བ་དང་དངོས་པོའི་རང་གཤིས་དང་མི་མཐུན་པ་ཡིན། དམག་མི་ཚོ། ཚེ་གཡོག་ལམ་ལུགས་ཀྱི་ཆེད་དུ་དམག་འཐབ་མ་བགྱིད་ཪོགས། རང་དབང་གི་ཆེད་དུ་དམག་འཐབ་ལ་ཞུགས་རོགས།
ཨེས་ཊི་ལུའིཀ་ཅེས་པའི་ལེ་ཚན་བཅུ་བདུན་པར་“ལྷའི་རྒྱལ་ཁམས་ནི་མིའི་ནང་དུ་ཡོད་”ཅེས་བྲིས་འདུག དེ་ནི་མི་གཅིག་ལ་ཡང་མིན། མི་རིགས་འགའ་ལ་ཡང་མིན། དེ་ནི་མི་ཐམས་ཅད་ལ་ཡོད་པ་ཡིན། ཁྱེད་རྣམས་ཀྱི་ནང་དུ་ཡོད་པ་ཡིན། ཁྱེད་ཚོ་ལ་དབང་ཆ་ཡོད། འཕྲུལ་ཆས་སྐྲུན་པའི་དབང་ཆ། བདེ་བ་བཟོ་བའི་དབང་ཆ། མི་ཚེ་འདི་ཉིད་རང་དབང་ཅན་དུ་སྐྱོང་ཡ། བདེ་སྐྱིད་བཟོ་ཡ། མི་ཚེ་འདི་ཉིད་ངོ་མཚར་བའི་ཡ་ཡུད་ཆེན་པོ་ཞིག་ཏུ་སྐྲུན་པའི་དབང་ཆ་ཡོད། དེ་ནས་དབང་ཆ་འདྲ་མཉམ་རིང་ལུགས་ཀྱི་མིང་ཐོག་ང་ཚོས་དབང་ཆ་དེ་བེད་སྤྱོད་བྱེད་དགོས། ང་ཚོ་མཉམ་རུབ་བྱེད་དགོས། ང་ཚོས་འཛམ་གླིང་གསར་པའི་ཆེད་དུ་ཤུགས་རྒྱག་དགོས། མི་ཚོར་ལས་ཀ་བྱེད་ཡ་གོ་སྐབས་སྟེར་ཐུབ་པ། མ་འོངས་པའི་ན་གཞོན་ལ་མདུན་ལམ། རྒས་པ་རྣམས་ལ་སྐྱབས་བཅོལ་སྤྲོད་ཐུབ་པའི་ཚུལ་མཐུན་གྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པའི་དབང་ཆ་ཡོད།
གནད་དོན་དེ་དག་ལ་དམ་བཅའ་བྱས་ནས་མི་གདུག་རྩུབ་ཅན་འགས་དབང་ཚད་རྙེད་ཡོད་ཀྱང་ཁོང་ཚོས་གཡོ་ཁྲམ་བྱེད་ཀྱི་ཡོད། ཁོང་ཚོས་དམ་བཅའ་དེ་མི་སྒྲུབ། ཁོང་ཚོས་ནམ་ཡང་མི་སྒྲུབ། སྲིད་དབང་སྒེར་འཛིན་པ་ཁོང་ཚོས་རང་དབང་བེད་སྤྱོད་བྱེད་བཞིན་མི་གཞན་ལ་བྲན་གཡོག་འཁོལ་གྱི་ཡོད། ད་ནི་ང་ཚོས་དམ་བཅའ་དེ་སྒྲུབ་སླད་འབད་བརྩོན་བྱེད་དགོས། ང་ཚོས་འཛམ་གླིང་གི་རང་དབང་། རྒྱལ་ཁབ་ཀྱི་དཀའ་ངལ་རྩ་མེད་དུ་གཏོང་ཆེད། འདོད་རྔམ་གྱི་བརྣབ་སེམས་གཏོར་བཤིག་གཏོང་ཆེད། མི་དགའ་བ་དང་མི་བཟོད་པ་དག་ཀྱང་མེད་པར་བཟོ་ཆེད་དུ་འབད་རྩོན་བྱེད་དགོས། རིགས་པ་དང་མཐུན་པ། ཚན་རིག་དང་འཕེལ་རྒྱས་ཀྱི་ལམ་སྣ་ཁྲིད་དེ་མིའི་བདེ་སྐྱིད་དང་ལྡན་པའི་འཛམ་གླིང་ཞིག་གི་སླད་དུ་ནུས་ཤུགས་འདོན་དགོས། དམག་མི་ཚོ། དམངས་གཙོའི་ལམ་ལུགས་ཀྱི་མིང་ཐོག་ནས་ང་ཚོ་ཐམས་ཅད་མཉམ་རུབ་དང་མཐུན་སྒྲིལ་བྱེད་དགོས།
བསྒྱུར་གཞི།
The Great Dictator ཞེས་པའི་གློག་བརྙན་ནང་གི་གཏམ་བཤད།
[1] ཅར་ལི་ཅེབ་ལིན་གྱིས་འཛམ་གླིང་དམག་ཆེན་དང་པོ་སྤྱི་ལོ་ (༡༩༡༤-༡༩༡༨) དང་འབྲེལ་བའི་ The great dictator ཞེས་པའི་གློག་བརྙན་ཞིག་འཁྲབས་ཡོད་པ་དང་། གློག་བརྙན་དེའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དམག་འཁྲུག་གི་འདུ་ལོང་ཧ་ཅང་ཆེ་བའི་ཚེ། དམག་མི་རྣམས་ལ་གསུངས་པའི་གཏམ་བཤད་དོ།།