ལོ་རིམ་དགུ་པའི་སློབ་གཉེར་བ། ཚེ་དབང་ནོར་བུ།
ད་ལྟའི་རྒྱ་གར་བ་ཕལ་ཆེ་བས་གནའ་བོའི་དུས་ཀྱི་གཙུག་ལག་ཁང་ཆེན་པོ་རྣམ་པ་གཉིས་ཀྱི་སྐོར་ཤེས་རྟོགས་ཧ་ཅང་ལེགས་པོ་བྱུང་ཡོད། གཙུག་ལག་ཁང་ཆེན་པོ་དེ་གཉིས་ནི་ཏཀྵ་ཤི་ལཱ་དང་ནཱ་ལནྡཱ་རྣམ་པ་གཉིས་ཏེ། དེ་གཉིས་ནི་འཛམ་བུའི་གླིང་འདིའི་ནང་གི་གཙུག་ལག་ཁང་རྙིང་ཤོས་གྲས་རེད། འོན་ཀྱང་གནའ་བོའི་རྒྱ་གར་ནང་ཤེས་ཡོན་གྱི་སྡེ་ཆེན་པོ་དེ་གཉིས་ཙམ་ལས་གཞན་མེད་དམ་ཞེ་ན། རྒྱ་གར་གྱི་སྤྱི་ཚོགས་ནང་རིག་བྱེད་ཀྱི་རིག་གཞུང་དར་ཁྱབ་བྱེད་འགོ་ཚུགས་ནས་བཟུང་། རིག་བྱེད་པ་དག་གི་བླ་མའི་གདན་ས་«གུ་རུ་ཀུ་ལ།»དང་མཚམས་ཁང་ངམ་དབེན་གནས་«ཨཱཤྲམ།»རྣམས་ཤེས་ཡོན་གྱི་བསྟི་གནས་ལྟ་བུ་ཆགས་པ་ཡིན། དེ་ནས་རིམ་བཞིན་དུས་ཀྱི་འགྱུར་ལྡོག་རིམ་བགྲོད་ལ་བརྟེན་ནས་ཏཀྵ་ཤི་ལཱ་དང་ནཱ་ལནྡཱ་གཉིས་ནི་གནའ་བོའི་རྒྱ་གར་ནང་གི་ཤེས་ཡོན་གྱི་བསྟི་གནས་གྲགས་ཆེ་ཤོས་གྲས་སུ་ད་ལྟ་ར་འཕྲོད་བྱུང་ཡོད། གཤམ་དུ་བཀོད་པ་དག་ནི་གནའ་བོའི་རྒྱ་གར་ནང་དར་ཁྱབ་བྱུང་བའི་གཙུག་ལག་ཁང་ཆེ་ཤོས་གྲས་རྣམས་ཡིན།
ཏཀྵ་ཤི་ལཱ་«Taksha Shila»གཙུག་ལག་སློབ་ཁང་ཆེན་མོ།
འདི་ལ་དེང་གི་དུས་སུ་ཏཀྵ་ཤི་ལཱ་ཞེས་འབོད་ཅིང་། གཙུག་ལག་སློབ་ཁང་ཆེན་མོ་འདི་ནི་ལོ་གྲངས་ ༢,༧༠༠ ཡར་སྔོན་དུ་ཕྱག་བཏབ་ཡོད་པ་དང་། འཛམ་གླིང་གི་ས་ཕྱོགས་གང་ས་ནས་སློབ་གཉེར་བ་ ༡༠,༥༠༠ ལས་བརྒལ་བ་རང་རང་གི་ཆེད་ལས་སློབ་སྦྱོང་མཐར་འཁྱོལ་ཡོང་ཆེད་གཙུག་ལག་སློབ་ཁང་འདིར་ཡོང་གི་ཡོད་པ་དང་། དེ་ཡང་གཙུག་ལག་སློབ་ཁང་འདིར་བསླབ་བྱ་རིག་པའི་གནས་ནི། རིག་བྱེད་ཀྱི་གཞུང་དང་། བརྡ་སྤྲོད་རིག་པ། ལྟ་གྲུབ་རིག་པ། གསོ་བ་རིག་པ། སོ་ནམ་རིག་པ། སྲིད་དོན་རིག་པ། འཕོང་རྩལ་རིག་པ། དམག་དོན་རིག་པ། གཟའ་སྐར་རིག་པ། ཚོང་ལས་རིག་པ། སྤྱི་ཚོགས་རིག་པ། གླུ་གཞས། ཞབས་བྲོ་སོགས་རིག་པའི་གནས་ ༦༤ ལ་སློབ་གཉེར་བྱེད་ཀྱི་ཡོད་པ་རེད། འདི་ནས་བསླབ་པ་མཐར་སོན་པ་གྲགས་ཅན་དག་ནི། ཙཱ་ན་ཀྱ། པཱ་ནི་ནི། ཙ་ར་ཀ ཝིཥྞུ་ཤར་མ། ཇི་ཝ་ཀ་བཅས་ཡིན་པ་དང་། འདི་ནི་གནའ་བོའི་རྒྱ་གར་ནང་གི་གཙུག་ལག་ཁང་རྙིང་ཤོས་གྲས་ཤིག་རེད།
ནཱ་ལནྡཱ་«Nalanda»གཙུག་ལག་སློབ་ཁང་ཆེན་མོ།
ནཱ་ལནྡཱ་གཙུག་ལག་སློབ་ཁང་ཆེན་མོ་ནི། དུས་རབས་ ༥ པ་ནས་བཟུང་སྦས་པའི་«གུཔྟ།»རྒྱལ་རབས་ཀྱི་རྒྱལ་བརྒྱུད་ཤཀྲཱདིཏྱ་ཞེས་བྱ་བས་ཕྱག་བཏབ་ཡོད་པ་དང་། དུས་རབས་ ༡༢ པའི་བར་དུ་ལོ་ངོ་ ༦༠༠ ཡི་རིང་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ཡོད། ནཱ་ལནྡཱ་འདི་ནི་འཛམ་བུའི་གླིང་གི་ནང་ནས་གཙུག་ལག་སློབ་ཁང་ཐོག་མ་ཡིན་ལ། འདིར་དགེ་བའི་བཤེས་གཉེན་རྣམས་དང་སློབ་མའི་ཚོགས་གཉིས་ཀ་གཏན་བཞུགས་གནང་གི་ཡོད། དེ་ཡང་སློབ་གཉེར་བ་རྣམས་ནི་ཀོ་རི་ཡ། ཇ་པན། བོད། རྒྱ་ནག ཨིན་ཌོ་ནེ་ཤིའ། པར་སིའ། ཊར་ཀི་བཅས་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ནས་བསླབ་པ་སློབ་གཉེར་ཆེད་ཕེབས་ཀྱི་ཡོད། གཙུག་ལག་སློབ་ཁང་འདིར་ཡོད་པའི་དཔེ་མཛོད་ནི། གནའ་བོའི་དུས་ཀྱི་འཛམ་གླིང་ནང་གི་དཔེ་མཛོད་ཁང་ཆེ་ཤོས་ཡིན་པ་དང་། དཔེ་དེབ་ཀྱི་གྲངས་ཆིག་སྟོང་ཙམ་ཡོད་ལ། སྡེ་ཚན་གྱི་ཆ་ནས་བརྡ་སྤྲོད་རིག་པ་དང་། ཚད་མ་རིག་པ། རྩོམ་རིག་པ། སྐར་རྩིས་རིག་པ། གསོ་བ་རིག་པ་སོགས་ཡོད། དཔེ་མཛོད་ཁང་འདིའི་མིང་ལ་ཆོས་ཀྱི་མཛོད་«དྷརྨ་གཉྫ།»ཞེས་འབོད་ཅིང་། གཞན་ཡང་དཔེེ་དེབ་གཉེར་ས་ཁང་བརྩེགས་ཆེན་པོ་གསུམ་སྟེ། རིན་ཆེན་རྒྱ་མཚོ་«རཏྣ་སཱ་ག་ར།»དང་། རིན་ཆེན་མཚོ་«རཏྣ་ད་དྷི་»དང་། རིན་ཆེན་ཕྲ་ཚོམ་«རཏྣ་རཉྫ་ཀ»ཞེས་བྱ་བ་བཅས་སོ། །དེ་དག་ལས་དཔེ་མཛོད་རིན་ཆེན་མཚོ་ནི་རིམ་པ་དགུའི་ཚད་ཀྱིས་མཐོན་པོ་ཡོད་ཅིང་། དེར་ཤེར་ཕྱིན་གྱི་མདོ་རྣམས་དང་གསང་བ་འདུས་པའི་རྒྱུད་ལ་སོགས་པ་བཞུགས་སུ་གསོལ་ཡོད། སྤྱི་ལོ་ ༢༠༡༠ ལོར་རྒྱ་གར་གྲོས་ཚོགས་ཚོགས་པས་ནཱ་ལནྡཱ་ཡར་རྒྱས་གཏང་རྒྱུའི་འཆར་གཞི་བཀོད་འདོམས་བྱས་ཤིང་། གཙོ་བོ་གཙུག་ལག་གོང་མའི་ཞིབ་འཇུག་སློབ་མར་དམིགས་ཏེ། གནའ་རབས་ནཱ་ལནྡཱ་གཙུག་ལག་སློབ་ཁང་ཆེན་མོ་དེ་«དེང་རབས་ནཱ་ལནྡཱ་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་ཆེན་མོའི་»ངོ་བོར་བསྒྱུར་ཡོད་པ་དང་། རྒྱ་ནག་དང་། སིངྒ་པོར། ཇ་པན་སོགས་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བས་ནཱ་ལནྡཱ་བསྐྱར་གསོའི་བཟོ་སྐྲུན་ཆེད་ཐེབས་རྩའི་མཐུན་རྐྱེན་སྦྱར་གནང་འདུག