ཝི་ཀྲ་མ་ཤི་ལཱའི་«Vikram Shila»གཙུག་ལག་སློབ་ཁང་ཆེན་མོ།
ཝི་ཀྲ་མ་ཤི་ལཱའི་གཙུག་ལག་སློབ་ཁང་ཆེན་མོ་ནི། དུས་རབས་ ༨ པའི་ནང་དུ་པཱ་ལ་རྒྱལ་རབས་ཀྱི་རྒྱལ་བརྒྱུད་དགེ་བསྙེན་དྷརྨ་པཱ་ལས་ཕྱག་བཏབ་ཡོད་པ་དང་། འདི་ཉིད་དར་ཁྱབ་བྱུང་བ་ལ་དུས་རབས་ ༡༢ པའི་བར་དུ་ལོ་ངོ་ ༤༠༠ འགོར་ཡོད། ས་ཕྱོགས་ཀྱི་ཆ་ནས་བི་ཧཱར་མངའ་སྡེའི་བྱེ་བྲག་བྷ་གལ་པུར་རྫོང་གི་ཁོངས་གཏོགས་སུ་ཡོད། གཙུག་ལག་སློབ་ཁང་ཆེན་མོ་འདི་ཉིད་ཐད་ཀར་ནཱ་ལནྡཱ་དང་འགྲན་པའི་ཟླ་ལྟ་བུར་གྱུར་པས། དགེ་བའི་བཤེས་གཉེན་ ༡༠༠ དང་སློབ་ཚོགས་ ༡,༠༠༠ ལྷག་ཚད་ཀྱི་ཐོ་འགོད་བྱས་ཡོད། གཙུག་ལག་སློབ་ཁང་ཆེན་མོ་འདི་ཉིད་ཀྱི་ཆེད་ལས་སློབ་སྦྱོང་ནི་རྒྱུད་སྡེའི་ཕྱོགས་ཡིན་པས། དེའི་ཕྱོགས་ལ་ཤེས་རྒྱ་ཧ་ཅང་ཟབ་པོ་ཡོད། གཙུག་ལག་སློབ་ཁང་འདི་ནས་སློབ་ཐོན་བྱུང་བའི་གྲགས་ཅན་མི་སྣ་ནི་ཇོ་བོ་རྗེ་ཨ་ཏི་ཤ་དི་པཾ་ཀཱ་ར་སྟེ། བོད་བརྒྱུད་ནང་བསྟན་གྱི་ཕྱི་འགྱུར་གསར་མའི་རིང་ལུགས་ཀྱི་བསྟན་པའི་དབུ་འཛིན་ཡིན་ཞིང་། བོད་དུ་ནང་བསྟན་སླར་གསོ་མཛད་པ་པོ་ཞིག་ཡིན།
ཝལླ་བྷཱི་«Vallabhi»གཙུག་ལག་སློབ་ཁང་ཆེན་མོ།
ཝལླ་བྷཱི་གཙུག་ལག་སློབ་ཁང་ཆེན་མོ་ནི། རྒྱ་གར་གུ་ཇ་རཱཏ་མངའ་སྡེའི་བྱེ་བྲག་སཽ་རཱ་གྲོང་སྡེའི་ནང་དུས་རབས་ ༦ པ་ཙམ་དུ་ཕྱག་བཏབ་ཡོད་པ་དང་། འདི་ཉིད་དུས་རབས་ ༡༢ པའི་བར་དུ་ལོ་ངོ་ ༦༠༠ རིང་དར་ཁྱབ་བྱུང་ཡོད། དུས་རབས་ ༧ པའི་ནང་གཙུག་ལག་སློབ་ཁང་འདིར་གནས་སྐོར་དུ་ཕེབས་པའི་རྒྱ་ནག་གི་འགྲུལ་པ་“ཨིའི་ཙིང་”ཞེས་པས། གཙུག་ལག་སློབ་ཁང་འདི་ཉིད་ཤེས་ཡོན་གྱི་བསྟི་གནས་ཆེན་པོ་ཞིག་ཏུ་འགྲེལ་བརྗོད་བྱས་འདུག འདི་ནས་སློབ་ཐོན་བྱུང་བའི་མི་སྣ་གྲགས་ཅན་ནི། ནང་བསྟན་གྱི་མཁས་པ་གྲགས་ཅན་ཡོན་ཏན་བློ་གྲོས་«གུ་ཎ་མ་ཏི།»དང་བརྟན་པ་བློ་གྲོས་ «སྠི་ར་མ་ཏི།»ཞེས་གྲགས་པ་གཉིས་བྱུང་ཡོད། གཙུག་ལག་སློབ་ཁང་འདི་ནི་མི་མང་སོ་སོའི་རང་མོས་ལྟར་སློབ་ཚན་ཅི་རིགས་ལ་སློབ་གཉེར་བྱེད་ཆོག་ཅིང་། སློབ་ཚོགས་ཀྱི་ཆ་ནས་བསམས་ན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་སློབ་གཉེར་བྱེད་དུ་འབྱོར་གྱི་ཡོད། ཅིའི་ཕྱིར་ཞེ་ན་གཙུག་ལག་སློབ་ཁང་ཆེན་མོ་འདི་ནི་སློབ་སྦྱོང་གི་གནས་ཚད་ཧ་ཅང་མཐོན་པོ་ཡིན་ཞིང་། འདི་ནས་བསླབ་པ་མཐར་སོན་པ་དག་ལའང་གདེང་འཇོག་ཆེན་པོ་དང་འབྲེལ་འཛིན་སྐྱོང་གི་དབང་ཚད་མཐོན་པོ་གནང་གི་ཡོད།
པུཥྤ་གི་རཱི་«Pushpagiri»གཙུག་ལག་སློབ་ཁང་ཆེན་མོ།
པུཥྤ་གི་རཱི་གཙུག་ལག་སློབ་ཁང་ཆེན་མོ་ནི། གནའ་བོའི་ཀ་ལིངྐའི་རྒྱལ་གཞིས་ཀྱི་སྐབས་སུ་འཛུགས་སྐྲུན་བྱས་ཡོད་པ་དང་། ད་ལྟའི་ཆར་ཡུལ་དེ་“ཨོ་ཌི་ཤ་”«Odisha»ལ་ངོས་འཛིན་གྱི་ཡོད། འདི་ཉིད་ཕྱག་བཏབ་པའི་ལོ་ནི་དུས་རབས་ ༣ པ་ཙམ་ནས་ཡིན་པ་དང་། དུས་རབས་ ༡༡ པའི་བར་དུ་ལོ་ངོ་ ༨༠༠ རིང་དར་ཁྱབ་བྱུང་ཡོད། གཙུག་ལག་སློབ་ཁང་འདིའི་ཁྱབ་ཁོངས་ནི་རི་ཕྲན་གསུམ་གྱི་བར་དུ་ཁྱབ་ཡོད་པ་སྟེ། ལ་ལི་ཏ་གི་རཱི་དང་། རཏྣ་གི་རཱི། ཨུ་ད་ཡ་གི་རཱི་བཅས་སོ། །གཙུག་ལག་སློབ་ཁང་ཆེན་མོ་འདི་ཉིད་ནཱ་ལནྡཱ་དང་། ཝི་ཀྲ་མ་ཤི་ལཱ། ཏཀྵ་ཤི་ལཱ་བཅས་དང་དུས་མཉམ་པར་གནའ་བོའི་རྒྱ་གར་ནང་གི་ཧ་ཅང་ཕུལ་དུ་བྱུང་བའི་ཤེས་ཡོན་གྱི་བསྟི་གནས་ཆེན་པོ་ཞིག་ཡིན། སྤྱི་ལོ་ ༦༣༩ ལོར་རྒྱ་ནག་གི་ཡུལ་སྐོར་བ་“ཞུའེན་ཙང་”ངམ་“ཧུའིན་ཙང་”ཞེས་བྱ་བ་གནས་འདིར་ཕེབས་འབྱོར་བྱུང་འདུག
ལ་ལི་ཏ་གི་རི་ནི་ཕྱི་ལོའི་སྔོན་གྱི་དུས་རབས་ ༢ པའི་ཡར་སྔོན་ནས་འཛུགས་སྐྲུན་བྱས་ཡོད་པ་དང་། མ་ཟད་འདི་ཉིད་ནང་པའི་དགོན་སྡེ་ནང་གི་འཛུགས་སྐྲུན་རྙིང་ཤོས་ལྟ་བུ་ཡིན། ཉེ་ཆར་གཙུག་ལག་ཁང་འདིར་ཆོས་རྒྱལ་མྱ་ངན་མེད་ཀྱི་འདྲ་རིས་གསར་རྙེད་བྱུང་ཞིང་། དེས་གཙུག་ལག་ཁང་འདི་ཉིད་ཆོས་རྒྱལ་མྱ་ངན་མེད་ཉིད་ཀྱིས་ཕྱག་བཏབ་པར་མཚོན་ཡོད།
ཨོ་དནྟ་པུ་རཱི་«Odantapuri»གཙུག་ལག་སློབ་ཁང་ཆེན་མོ།
ཨོ་དནྟ་པུ་རཱི་གཙུག་ལག་སློབ་ཁང་ཆེན་མོ་ནི། དུས་རབས་ ༨ པའི་རྗེས་སུ་ཡུལ་མ་ག་དྷ་རུ་པཱ་ལ་རྒྱལ་བརྒྱུད་ཀྱི་རིང་དགེ་བསྙེན་དྷརྨ་པཱ་ལས་ཕྱག་བཏབ་པ་དང་། དུས་རབས་ ༡༢ པའི་བར་དུ་ལོ་ངོ་ ༤༠༠ རིང་དར་ཁྱབ་བྱུང་ཡོད། ཝི་ཀྲ་མ་ཤི་ལཱའི་མཁས་དབང་གྲགས་ཅན་“ཨཱ་ཙཱརྱ་ཤྲཱི་གངྒཱ་” ནི་གཙུག་ལག་སློབ་ཁང་འདི་ནས་སློབ་ཐོན་བྱུང་བ་ཡིན། གནའ་རབས་བོད་ཀྱི་ཡིག་རྙིང་དག་ཏུ་གཙུག་ལག་སློབ་ཁང་འདིར་སློབ་གཉེར་བའི་གྲངས་ ༡༢,༠༠༠ ཡོད་པར་ཟིན་ཐོར་བཀོད་འདུག དེ་ལ་སོགས་པ་བོད་ཀྱི་ཡིག་ཆ་དག་ཏུ་གཙུག་ལག་སློབ་ཁང་འདི་དང་། གཞན་ཡང་ཝི་ཀྲ་མ་ཤི་ལཱ། ནཱ་ལནྡཱ། སོ་མ་པུ་ར། ཇ་གདྡ་ལ་བཅས་བཞིའི་སྐོར་འཕྲོས་བཤད་ཀྱི་ཚུལ་དུ་ཡང་ཡང་གླེངས་ཡོད།
སོ་མ་པུ་ར་«Soma Pura»གཙུག་ལག་སློབ་ཁང་ཆེན་མོ།
སོ་མ་པུ་ར་གཙུག་ལག་སློབ་ཁང་ཆེན་མོ་ནི། དུས་རབས་ ༨ པའི་རྗེས་སུ་ཡུལ་བྷེང་གལ་དུ་པཱ་ལ་རྒྱལ་བརྒྱུད་ཀྱི་རིང་དགེ་བསྙེན་དྷརྨ་པཱ་ལས་ཕྱག་བཏབ་པ་དང་། དུས་རབས་ ༡༢ པའི་བར་དུ་ལོ་ངོ་ ༤༠༠ རིང་དར་ཁྱབ་བྱུང་ཡོད། སྤྱིར་བཏང་ཨེ་ཀར་ ༢༡ ཚད་ཅན་གྱི་ས་ཁོངས་ནི་རྒྱ་ཁྱོན་ཆེ་ཤོས་གྲས་སུ་རྩི་ཡི་ཡོད་ཀྱང་། གཙུག་ལག་སློབ་ཁང་འདིའི་ཁྱབ་ཁོངས་ནི་ཨེ་ཀར་ ༢༧ གྱི་ཚད་ལས་བརྒལ་བའི་ས་ཁོངས་ཡོད་ཅིང་། གཙུག་ལག་སློབ་ཁང་འདི་ཉིད་ཤེས་ཡོན་གྱི་བསྟི་གནས་རྒྱ་ཆེན་པོ་ཞིག་ཡིན་པ་དང་། འདིར་ནང་པའི་ཆོས་དང་། ཇཻན་«Jain»གྱི་ཆོས། ས་ནཱ་ཏ་ན་«Sanatana»སྟེ་ཧིནྡུའི་ཆོས་བཅས། ཆོས་ལུགས་གསུམ་གྱི་ལྟ་གྲུབ་རྣམས་ལ་སློབ་ཀྱི་ཡོད། དེ་ཡང་འདིར་ཆོས་ལུགས་གསུམ་གྱི་ལྟ་གྲུབ་རྣམས་དར་ཡོད་པར་མཚོན་བྱེད་དུ་དེང་སང་གཙུག་ལག་སློབ་ཁང་གི་ཕྱི་ཁྱམས་ཀྱི་རྒྱང་ངོས་སུ་ཅུང་གསལ་བཤད་མཚོན་པའི་མཛེས་རྒྱན་གྱིས་སྤྲས་པའི་ས་དམར་གྱི་རི་མོ་ཞིག་བཀོད་ཡོད་པ་མིག་མཐོང་ལག་ཟིན་བྱུང་ཡོད།
གནའ་རབས་ཀྱི་གཙུག་ལག་སློབ་ཁང་ཆེན་མོ་གཞན་དག་ཁག
གོང་དུ་གསལ་བཤད་ཞུས་པ་དེ་ཙམ་གྱིས་ད་དུང་ཡང་གནའ་རབས་རྒྱ་གར་གྱི་གཙུག་ལག་སློབ་ཁང་ཆེན་མོ་དག་གི་གྲངས་མ་ངེས་ཤིང་ཁ་མཚམས་ཆོད་མེད། པཱ་ལ་རྒྱལ་བརྒྱུད་ཀྱི་རིང་དགེ་བསྙེན་དྷརྨ་པཱ་ལ་གཅིག་པུས་ཀྱང་ཁོ་རང་གི་རྒྱལ་ཁམས་སྐྱོང་སྐབས་ཤེས་ཡོན་གྱི་བསྟི་གནས་ཆེན་པོ་ ༥༠ ཕྱག་བཏབ་ཡོད་ལ། བསྟི་གནས་དེ་དག་ཧ་ཅང་ཆེན་པོ་ཡིན་ཞིང་ཁྱབ་བརྡལ་ཡང་ཤུགས་ཆེར་ཕྱིན་པ་རེ་ཟུང་གོང་དུ་ཞུས་པ་ལྟར་རེད། གཞན་ཡང་དཔེ་མཚོན་ཙམ་བཀོད་ན། “མུན་ཤི་གཉྫ་ཝི་ཧ་ར་”ཞེས་བྱ་བའི་སྐོར་ཞིག་ཉེ་ཆར་སྤྱི་ལོ་ ༢༠༡༣ ཟླ་བ་ ༠༣ ཚེས་ ༢༣ ཉིན་གསར་རྙེད་བྱུང་ཡོད་པ་དང་། དེ་ནི་དུས་རབས་ ༩ པ་ཙམ་དུ་ཡུལ་བྷེང་གལ་དུ་ཕྱག་བཏབ་ཡོད་པ་དང་། རྒྱ་བལ་བོད་གསུམ་དང་ཐཱའི་ལེནྜ་སོགས་འཛམ་གླིང་གི་ཐག་རིང་ས་ཕྱོགས་གང་ས་ནས་ཕེབས་པའི་སློབ་གཉེར་བ་ ༨,༠༠༠ ཙམ་བྱུང་ཡོད་འདུག
གཙུག་ལག་སློབ་ཁང་ཆེན་མོ་དེ་དག་གཏོར་སྐྱོན་དུ་སོང་བའི་སྐོར།
གོང་དུ་གསལ་བཤད་ཞུས་པ་ལྟར་གཙུག་ལག་སློབ་ཁང་ཆེན་པོ་དེ་དག་ཐམས་ཅད་པོ་དུས་རབས་ ༡༢ པའི་ནང་དུ་མཇུག་བསྒྲིལ་ཡོད་པར་ཁྱེད་རང་གིས་གཟིགས་ཐུབ་ཀྱི་རེད། ནཱ་ལནྡཱ་དང་ཝི་ཀྲ་མ་ཤི་ལཱ་ལ་སོགས་པའི་གཙུག་ལག་སློབ་ཁང་ཆེན་མོ་དག་ནི། སྤྱི་ལོ་ ༡༡༩༣ ལོར་རྒྱ་གར་དུ་ཁ་ཆེའི་བཙན་འཛུལ་འོག་ཊར་ཀི་«Turkey»རྒྱལ་ཁབ་ཀྱི་རྨོངས་ཞེན་ཅན་“བཁྟི་ཡར་ཁིལྗི་”«Muhamad Bin Bakhtiyar Khilji»ཞེས་པས་གཏོར་བཤིག་བཏང་ཡོད་པ་དང་། ནཱ་ལནྡཱའི་དཔེ་མཛོད་ཁང་ཆེན་མོ་དེ་ཡང་ཁིལྗིའི་དམག་དཔོན་ཚོས་གཏོར་བཤིག་དང་འཕྲོག་བཅོམ་མེར་སྲེག་སོགས་བཏང་ཡོད་ལ། དུས་ཡུན་དེའི་སྐབས་དཔེ་མཛོད་ཁང་ཆེན་པོ་དེ་ན་ཡོད་པའི་དཔེ་ཆ་རྣམས་ཟླ་ངོ་གསུམ་གྱི་རིང་མེས་འཚིག་བཞིན་གནས་པ་བྱུང་ཡོད། ལོ་ངོ་ཆིག་སྟོང་གི་རིང་དོ་ནན་པོས་ཉར་ཚགས་བྱས་པའི་གནའ་རབས་རྒྱ་གར་བའི་གསུང་རབ་བསྟན་བཅོས་གྲངས་ལས་འདས་པ་མེར་སྲེག་གིས་གཏོར་སྐྱོན་ཆེན་པོ་བཏང་འདུག དེ་བཞིན་ཁིལྗིའི་དམག་དཔོན་དག་གིས་དགེ་འདུན་འདུས་པ་ཆིག་སྟོང་ཙམ་ལའང་གསོན་པོར་མེར་སྲེག་དང་མགོ་བོ་གཅོད་པ་སོགས་མནར་གཅོད་ཚད་མེད་བཏང་ཡོད།
ཡང་ཌི་སི་ཨ་ཧིར་ «DC Ahir»[1]ཟེར་བ་ཞིག་གི་བཤད་ཚུལ་ལྟར་ན། དེ་ལྟར་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ནཱ་ལནྡཱ་ལ་སོགས་པའི་གཙུག་ལག་སློབ་ཁང་དེ་དག་ཉམས་པའི་དོན་རྐྱེན་ནི། གནའ་བོའི་རྒྱ་གར་གྱི་ཚན་རིག་རྗེས་མཐུན་གྱི་ཨང་རྩིས་རིག་པ་དང་། གཟའ་སྐར་དཔྱད་རིག གསེར་སྒྱུར་རྩི་སྦྱོར། གཟུགས་ཕུང་ཆགས་རིམ་སོགས། རང་ལ་འགན་འཁྲི་ཡོད་པའི་མེས་པོའི་བཤུལ་བཞག་རིག་གནས་དག་ཉམས་པའི་རྐྱེན་ཡིན་པར་བཤད་ཡོད།
བསྒྱུར་གཞི།
རྩོམ་པ་པོ་དེ་ཉིད་སྒེར་གྱིས་གཉེར་བའི་སྤྱི་ཚོགས་དྲ་བ་ཁ་བྱང་ http://www.hitxp.com/articles ཞེས་པའི་ནང་དུ་ཡོད་པའི་རྩོམ་ཡིག «Ancient Universities of India apart From Takshashila and Nalanda» ཞེས་པ་ལ་ཁུངས་གཏུགས་ཏེ་བསྒྱུར་པའོ།།
སྒྱུར་བ་པོའི་དམིགས་ཡུལ།
གུས་པ་ནི་སྤྱིར་བཏང་ཤེས་འཇོན་གྱིས་དབུལ་ཞིང་ཁྱད་པར་སྐད་རིགས་ལའང་དེ་ཙམ་བྱང་ཆུབ་པ་མེད་མོད། འོན་ཏེ་འདི་ལྟ་བུའི་རྩོམ་ཞིག་བསྒྱུར་དགོས་དོན་གྱི་དམིགས་ཡུལ་ནི། རང་ཅག་བོད་བརྒྱུད་ནང་བསྟན་པ་སྤྱི་དང་ཁྱད་པར་འདི་གའི་ཁོར་ཡུག་ལ་དམིགས་ནས་བསྒྱུར་པ་ཞིག་ཡིན། དེ་ཡང་ང་ཚོའི་ཁོར་ཡུག་ན་ཕལ་ཆེ་བས་གནའ་བོའི་རྒྱ་གར་ནང་གི་གཙུག་ལག་སློབ་ཁང་ལ་ནཱ་ལནྡཱ་དང་ཝི་ཀྲ་མ་ཤི་ལཱ་གཉིས་ཙམ་མ་གཏོགས་བྱུང་མེད་སྣང་འདྲ་ཤར་སྡོད་ཀྱི་ཡོད་པ་རྒྱུན་ལྡན་རེད། དེ་བཞིན་འདས་པའི་ལོ་ཤས་སྔོན་དུ་རྒྱ་གར་བའི་སྤྱི་ཚོགས་ཁྲོད་དུའང་ཏཀྵ་ཤི་ལཱ་དང་ནཱ་ལནྡཱ་གཉིས་ལས་ཡོངས་སུ་མ་གྲགས་པའི་ཕྱིར། གནའ་བོའི་རྒྱ་གར་ནང་དུ་གཙུག་ལག་སློབ་ཁང་ཆེན་མོ་དེ་གཉིས་ཙམ་ལས་ཁས་མི་ལེན་པའི་སྐོར་རྩོམ་ཡིག་འདིའི་རྒྱབ་ལྗོངས་ལས་དཔོག་ཐུབ། དེས་ན་གུས་པའི་ཞེ་འདོད་ནི་རྩོམ་པ་པོ་ཉིད་ཀྱི་དགོངས་བཞེད་དང་གཅིག་པར། དེང་གི་དུས་སྐབས་སུ་ཆེད་ལས་ཞིབ་འཇུག་པ་རྣམ་པས་དཔྱད་ཞིབ་བྱས་པས་བརྒྱུད་ད་ལྟའི་ཆར་རིམ་བཞིན་གནའ་བོའི་རྒྱ་གར་ནང་གི་གཙུག་ལག་སློབ་ཁང་ཆེན་མོ་ཁག་དུ་མའི་ལོ་རྒྱུས་རྙེད་སོན་འབྱུང་གི་ཡོད་པ་དང་། གཙུག་ལག་སློབ་ཁང་ཆེན་མོ་དེ་དག་ལས་རེ་ཟུང་ཞིག་གཙོ་བོ་ཕྱི་རོལ་པའི་གཙུག་ལག་སློབ་ཁང་གི་གྲས་ཡིན་སྲིད་ཀྱང་ཕལ་ཆེ་བ་ནང་བསྟན་དང་མ་འབྲེལ་བ་མེད་པ་ལྟ་བུ་རྐྱང་རྐྱང་ཡིན་འདུག དེས་ན་ནང་བསྟན་སྤྱི་དང་བྱེ་བྲག་རྣམས་ཀྱི་གཙུག་ལག་སློབ་ཁང་ལ་གོང་ཞུས་ལྟར་དེ་དག་གཉིས་ཙམ་དུ་གྲངས་མ་ངེས་ཤིང་ཁ་མཚམས་མི་ཆོད་པས། དེ་དག་གི་ཕྱིར་གནའ་བོའི་རྒྱ་གར་ནང་དུ་གཙུག་ལག་སློབ་ཁང་གཞན་ཡང་ཡོད་ཚུལ་སྐོར་གྱི་རྩོམ་ཡིག་འདི་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་སྙིང་འདོད་པ་ལགས།
ད་དུང་ད་ལྟའི་ཆར་རྒྱ་གར་ནང་གི་གནའ་བོའི་ལོ་རྒྱུས་ཞིབ་འཇུག་པ་སྤྱི་དང་བྱེ་བྲག་དག་གིས་དཔྱད་འཚོལ་དགའ་རབ་བྱས་པའི་མཐུས་རྒྱ་གར་དང་། པ་ཀིསྟཱན། བངྒ་ལ་དེཤ ཨིནྜོ་ནེ་ཤིའ། མ་ལེ་ཤིའ་སོགས་ཡ་གླིང་རྒྱལ་ཁབ་ནང་གི་མི་མེད་དབེན་པའི་གནས་སྤྱི་དང་ཁྱད་པར་རྒྱ་མཚོ་དང་བྲག་རི་བཅས་སུ། ནང་བསྟན་གྱི་གཙུག་ལག་ཁང་དང་སྐུ་འདྲ་ལྡེབས་རིས་སོགས་ཀྱི་ཤུལ་དུ་མ་ཞིག་གསར་རྙེད་བྱུང་དང་འབྱུང་བཞིན་པ་ཡོད། ང་རང་ཚོ་ནང་པའི་ངོས་ནས་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་དང་། དེའི་ཕྱིས་ཀྱི་བསྟན་པའི་གཏད་རབས་བདུན་གྱི་སྐབས། དེ་ནས་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་བྱོན་པའི་སྐབས་དང་མཐུན་པའི་དེའི་ཚེ་དེའི་དུས་ཀྱི་གཙུག་ལག་སློབ་ཁང་གང་དང་གང་ཞིག གནས་གང་དང་གང་དུ་བྱུང་བ་སོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་ལམ་ནས་འགན་འཁྲི་ཡོད་པར་བྱ་དགོས་པའི་སྐོར་གུས་པས་ཞུ་མི་དགོས་པ་ཡིན་པས། ནང་པ་སྤྱི་དང་ཁྱད་པར་ལོ་རྒྱུས་ལ་སྤྲོ་བ་ཅན་འདྲ་ཡོད་ན་དེ་དག་གི་ཐོག་ཁ་གསལ་གཏིང་གསལ་བཟོ་རྒྱུ་གལ་ཆེན་དུ་མཐོང་བ་འདི་ཁོ་བོའི་སེམས་ཁོང་གི་སྐད་ཆ་ལགས་སོ།།
༡༢-༡༣/༡༠/༢༠༡༩
[1] སྒྱུར་བ་པོའི་མཆན། ཌི་སི་ཨ་ཧིར་རམ་མིང་རྒྱས་པ་ཌི་ཝན་ཙནྡ་ཨ་ཧིར་«༡༩༢༨-༢༠༡༢»ཏེ། ནང་ཆོས་སྤྱི་དང་ཁྱད་པར་ཌཀྚར་ཨམྦེཌ་ཀར་རིང་ལུགས་ཀྱི་ཆེད་ལས་ཞིབ་འཇུག་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་དཔེ་དེབ་ ༧༢ ཐམ་པ་ཁྱབ་སྤེལ་གནང་ཡོད་པ་དེ་དག་ད་ལྟའི་གནས་སྐབས་སུ་གཙུག་ལག་སློབ་དཔོན་རྣམས་དང་ཆེད་ལས་ཞིབ་འཇུག་པ་དུ་མའི་རྗེས་དྲན་གྱི་ཡུལ་དུ་གྱུར་ཡོད་ཅེས། ཁོང་གི་ངོ་སྤྲོད་རྣམ་ཐར་དག་ཏུ་གསལ།