ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།
ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུའི་ནོར་དང་འགྲན་པ་ཞིག་གི་ཆུང་མ་ལ། རྒྱུ་སྐར་ཆུ་སྨད་ལ་བབ་པའི་རེས་ཤིག་ན་ཁྱེའུ་ཞིག་བཙས་པ་ལ། མིང་ཆུ་སྨད་ཅེས་བཏགས་སོ། །དེ་ཆེར་སྐྱེས་ནས་ཕ་ཤི་བའི་འོག་ཏུ་ཁྱིམ་གྱི་བདག་པོར་གྱུར་ནས་ཉོ་ཚོང་གིས་འཚོ་བར་བྱེད་ཅིང་། ཉིན་རེ་བཞིན་སངས་རྒྱས་ཀྱི་སྤྱན་སྔར་འགྲོ་ཞིང་ཆོས་ཉན་པས་དད་པར་གྱུར་ཏེ། རབ་ཏུ་བྱུང་བར་འདོད་པ་ན། མ་དེས་བདག་མ་ཤིའི་བར་དུ་རབ་ཏུ་མ་བྱུང་ཞིག དེའི་འོག་ཏུ་ཅི་དགའ་བར་བྱོས་ཤིག དེ་ནས་དེས་ཀྱང་མ་ཡི་ངག་ཉན་ཏེ་ཅི་སྙེད་པ་ཐམས་ཅད་མ་ལ་བྱིན་ཏེ། ཡུམ་འདིས་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་པ་དག་གྱིས་ཤིག་ཅེས་བྱས་སོ། །དེའི་མ་དེ་ནི་བརྐམ་ཆགས་ཅན་འཇུངས་པ་ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་ཞིག་སྟེ་ཀཱརྵཱ་པ་ཎ་དེ་དག་སྦས་ཏེ། དགེ་སློང་དང་བྲམ་ཟེ་གང་དག་ཟས་འདོད་དེ་ཁྱིམ་དེར་འོངས་པ་དེ་དག་ལ་ཁྱེད་ནི་ཡི་དྭགས་སུ་སྐྱེས་པ་བཞིན་དུ་ཁྱིམ་ཕྱི་ཉུག་ཅིང་སློང་ངོ་ཞེས་ཟེར་རོ། །བུ་དེ་ལ་ཡང་སླུ་བར་བྱེད་དོ། །བདག་གིས་ཉིན་གཅིག་བཞིན་དུ་དགེ་སློང་འདི་སྙེད་ཅིག་ལ་ཟན་བྱིན་ནོ་ཞེས་ཟེར་རོ། །ཕྱིས་ཤིག་ན་ཤི་སྟེ་ཡི་དྭགས་སུ་སྐྱེས་ཤིང་བུ་ཆུ་སྨད་ནི་མ་དང་བྲལ་བའི་མྱ་ངན་གྱིས་ནོན་ཏེ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་ཁྱིམ་གྱི་འཁོར་བཏང་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བརྩོན་པས་རིམ་གྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ།།
དེ་ནས་དེ་ཕྱིས་ཤིག་ན་ཆུ་ཀླུང་གང་གཱའི་འགྲམ་དུ་ལོ་མའི་སྤྱིལ་པོ་བྱས་ཏེ་གནས་པ་ན། དེའི་མ་ཡི་དྭགས་སུ་སྐྱེས་པ་དེ་འོངས་ནས་སྨྲས་པ། བུ་གཅིག་གང་ལས་བཙས་པ་ཡི། །བྱམས་པའི་མ་ནི་བདག་ཡིན་ཏེ། །ཟས་དང་སྐོམ་དང་བྲལ་བ་ཡི། །ཡི་དྭགས་རྣམས་ཀྱི་ནང་དུ་སྐྱེས། །བདག་ནི་ཤི་བའི་དུས་འདས་ནས། །ལོ་གྲངས་ཉི་ཤུ་ལྔ་ལོན་ཏེ། །ཆུ་ཡི་བག་ཀྱང་མ་མཐོང་ན། །ཁ་ཟས་ལྟ་ཞིག་ག་ལ་མཐོང་། །འབྲས་བུར་ལྡན་པའི་ཤིང་རྣམས་ནི། །དྲང་སོང་དེ་དག་འབྲས་མེད་འགྱུར། །གང་བའི་མཚོ་འགྲམ་བདག་སོང་ཡང་། །དེ་དག་ཀྱང་ནི་སྐམ་པར་འགྱུར། །བཙུན་པའི་ཤིང་དྲུང་བདེ་བ་ལགས། །ཁྱོད་ཀྱི་སྣོད་ནང་ཆུ་ཡང་བསིལ། །བཀྲེན་པ་དག་ལ་ཐུགས་རྗེ་སྐྱེད། །སྐོམ་གྱིས་གདུང་གིས་ཆབ་སྩོལ་ཅིག །དེ་ནས་ཆུ་སྨད་ཀྱིས་མ་ལ་སྨྲས་པ། ཡུམ་ཁྱོད་མིར་གྱུར་པའི་ཚེ་བདག་གིས་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱེད་དུ་མ་བཅུག་གམ། ཡི་དྭགས་མོས་སྨྲས་པ། བུ་གཅིག་བདག་སེར་སྣས་ནོན་པས་སྦྱིན་པ་དག་ཀྱང་མ་བྱིན། བསོད་ནམས་དག་ཀྱང་མ་བྱས་ཏེ་ནོར་རྙེད་པ་དེ་དག་སྡིག་པའི་སེམས་ཀྱིས་དོང་དུ་སྦས་སོ། །བུ་གཅིག་དེ་བས་ན་བདག་གི་ཕྱིར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་ནས་ཡོན་གྱི་རབས་འདོན་པར་གསོལ་ཅིག དེས་བདག་ཡི་དྭགས་ཀྱི་སྐྱེ་གནས་ནས་ཐར་བ་ཡང་སྲིད་དོ། །ཆུ་སྨད་ཀྱིས་དེ་ལྟར་བགྱི་ཡིས་ཁྱོད་ཀྱང་གྲལ་དཔོན་གྱི་མདུན་དུ་འདུག་ཅིག ཡི་དྭགས་མོས། བདག་ནི་གཅེར་བུར་འདུག་པས་ངོ་ཚ་སྟེ་མི་ནུས་སོ། །ཆུ་སྨད་ཀྱིས། ཡུམ་ཁྱོད་སྡིག་པ་བྱེད་པའི་ཚེ་ངོ་མི་ཚ་ན། ད་ལྟ་འབྲས་བུ་མྱོང་བའི་ཚེ་ཅིའི་ཕྱིར་ངོ་ཚ། ཡི་དྭགས་མོས་འོ་ན་དེ་བཞིན་དུ་འོང་བར་བྱའོ།།
དེ་ནས་ཆུ་སྨད་ཀྱིས་ཉེ་དུ་རྣམས་ལ་བསྐུལ་ནས། དེའི་ཕྱི་ཉིན་དུ་སངས་རྒྱས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་ནས། གདུགས་ཚོད་ལ་བབས་པ་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་ཀྱང་འདུས། ཡི་དྭགས་མོ་ཡང་གྲལ་དཔོན་གྱི་མདུན་དུ་འདུག་སྟེ། སྲོག་ཆགས་འབུམ་ཕྲག་དུ་མ་འདུས་པ་རྣམས་ཀྱིས་ཡི་དྭགས་མོ་དེ་མཐོང་ངོ་། །དེ་དག་གིས་དེའི་ལུས་མི་སྡུག་པ་མཐོང་ནས་ཤིན་ཏུ་སྐྱོ་བ་སྐྱེས་ཏེ་སངས་རྒྱས་ལ་སེམས་དགའ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་སངས་རྒྱས་འཁོར་དང་བཅས་པ་ཞལ་ཟས་བཟང་པོས་ཚིམས་པར་བྱས་ནས་ཡི་དྭགས་མོའི་ཆེད་དུ་ཡོན་བསྔོ་བར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་ཀྱང་གོང་དུ་བསྟན་པའི་ཚིག་བཞི་པོ་དེ་གསུངས་ནས་ཡོན་བསྔོ་བར་མཛད་ཅིང་། གཞི་དེ་ལ་བརྟེན་ནས་མཐུན་པའི་ཆོས་བསྟན་པས་སྲོག་ཆགས་འབུམ་ཕྲག་དུ་མས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏོ། །ཡི་དྭགས་མོ་དེ་ཡང་སེམས་དགའ་བར་གྱུར་ཏེ་ཤི་ནས་ཡི་དྭགས་རྫུ་འཕྲུལ་ཆེན་མོར་སྐྱེས་སོ།།
དེར་ཆུ་སྨད་ཀྱིས་སྨྲས་པ། ཡུམ་ད་ནི་མཐུ་ཡོད་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བར་གྱིས་ཤིག དེར་སྨྲས་པ། བུ་གཅིག་བདག་ནི་སྦྱིན་པ་ལ་དགའ་བ་མེད་དེ་མི་ནུས་སོ། །དེར་ཆུ་སྨད་ཀྱིས། ཆགས་པའི་མུན་པས་མིག་ནི་རབ་བསྒྲིབས་ཏེ། །ཁྱོད་ཀྱིས་ཡི་དྭགས་འཇིག་རྟེན་བསྒྲུབས་པ་ཡི། །ཁྱོད་ཀྱི་རུས་བུ་ཆེན་པོ་ཤ་མེད་པ། །རུས་པ་པགས་པ་སྐྱི་རྣམས་ད་དུང་འདུག །ཅེས་སྤྲོས་ཏེ་ལན་མང་དུ་སྨྲས་པས། དེའི་འོག་ཏུ་དེ་ལས་རས་ཟུང་ཞིག་ཐོབ་བོ། །དེ་ཆུ་སྨད་ཀྱིས་དགེ་འདུན་ལ་ཕུལ་ཞིང་། དེ་ལས་དགེ་སློང་ཞིག་གིས་ཉོས་ནས་གོས་ཀྱི་གདང་ལ་བཞག་པ་ན། ཡི་དྭགས་མོ་དེ་མཚན་མོར་འོངས་ནས་ཕྱིར་བརྐུས་སོ། །དེ་ནས་དགེ་སློང་དེས་ཆུ་སྨད་ལ་བསྙད་ནས་ཆུ་སྨད་ཀྱིས་ཡི་དྭགས་མོ་ལ་སྤྱོས་ནས་ཕྱིར་བཀུག་སྟེ་བྱིན་ནོ། །དེ་བཞིན་དུ་ལན་གསུམ་གྱི་བར་དུ་ཕྱིར་བརྐུས་པ་ཚུར་བཀུག་པའི་འོག་ཏུ་དགེ་སློང་དེས་ཀྱང་རས་དེ་བཤགས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་སྟན་ལ་གླན་པས་དེ་ཕྱིན་ཆད་མ་བརྐུས་སོ། །དེ་བས་ན་སེམས་ཅན་རྣམས་ལ་སེར་སྣས་དེ་ལྟར་མཐོ་འཚམ་པར་བྱེད་པ་མཐོང་ནས། ཅིས་ཀྱང་ཡི་དྭགས་མོ་དེའི་ཉེས་པ་དེ་ལྟ་བུ་མི་འབྱུང་བའི་ཕྱིར་སེར་སྣ་སྤོང་ལ་བརྩོན་པར་བྱའོ་གསུངས།
འདི་གཉིས་ཀྱིས་སེར་སྣའི་ཉེས་དམིགས་དང་། གཤིན་པོ་སོགས་ཀྱི་ཕྱིར་ཤུལ་གྱི་ཉེ་དུ་རྣམས་ཀྱིས་དགེ་རྩ་བགྱིས་ཤིང་བསྔོས་པའི་ཕན་ཡོན་ཁུངས་ཀྱང་བསྟན་ཏོ།།
ཁུངས་གཏུག་སའི་ཡིག་ཆ།
ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་«མདོ་ལས་བྱུང་བའི་གཏམ་རྒྱུད་སྣ་ཚོགས།»
ཞེས་པ་ལས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས།