དངུལ་གཡར་སླ་ཡང་ཕྱིར་འཇལ་དཀའ།

སློབ་དཔོན་ཚེ་དགའ་དབང་རྒྱལ།


“དེ་སྔོན་ང་ཚོར་ཅི་ཡང་མེད་པའི་སྐབས་སུ་ལྷད་མེད་ཀྱི་བརྩེ་སེམས་ཡོད་ལ།
ད་ལྟ་ང་ཚོར་གང་དགོས་ནའང་ཡོད་ཀྱང་དེ་སྔོན་ཡོད་པའི་བརྩེ་སེམས་དེ་མེད།
རྗེས་སུ་ངས་གཞི་ནས་ཤེས་སོང་།
དཔལ་འབྱོར་གྱི་ཆེད་དུ་རང་ཉིད་ཀྱི་བརྩེ་སེམས་ཕམ་ཉེས་སུ་ཕྱིན་པ་ཤེས་བྱུང་།”

གོང་གི་སྤྱི་བསྡོམས་དེ་ནི་ཝང་རྫོང་གི་མི་ཚེའི་ཤུལ་ལམ་ཁྲོད་ནས་རྙེད་པའི་ཉམས་མྱོང་གི་མཐའ་ཚིག་ཅིག་ཡིན། དེ་ནི་དེ་རིང་གི་བསྒྱུར་རྩོམ་འདི་དང་ཧ་ཅང་འབྲེལ་བའི་ཆ་ནས་ཐོག་མར་གཏམ་གྱི་མཚམས་སྦྱོར་དུ་བྲིས་པ་ཡིན།

ཤྲི་ཀཱི་གཞུང་ལས་ཁང་དུ་ལས་དོན་གྱི་བྱ་བ་གཉེར་བཞིན་པའི་སྐབས་གློ་བུར་དུ་ཀུ་ཏི་ཤྲི་ཀཱིའི་འགྲམ་དུ་དངུལ་གཡར་ཡོང་ནས ཤྲི་ཀཱི་ལ་“ལོ་ཤས་རིང་ཁྱེད་འགྱུར་བ་ཧ་ཅང་ཕྱིན་འདུག”ཅེས་བརྗོད། ཤྲི་ཀཱིས་“ཁྱེད་དེ་རིང་འདིར་ཡོང་ཡ་གང་འདྲ་བྱས་ནས་ཁོམ་བྱུང་”ཞེས་དྲིས་པས། ཀུ་ཏིས་“ང་ཚོ་ངོ་ཤེས་ནས་ལོ་མང་པོ་ཕྱིན་པས་ངས་སྐད་ཆ་ཁ་ཐུག་ཤོད་ཀྱི་ཡིན། ང་ལ་ད་ལྟ་ཚོང་གཉེར་གྱི་དཀའ་ངལ་ཆེན་པོ་ཡོད། དེར་བརྟེན་ངས་ཁྱོད་ཀྱི་འགྲམ་ནས་སྒོར་ཉིས་ཁྲི་གཡར་དགོས་དྲན་བྱུང་”ཞེས་ཤོད་སྐབས། ཤྲི་ཀཱིས་དབུགས་རིང་ཞིག་བཏང་ནས་“ང་ཚོ་ཚང་མ་གྲོགས་པོ་རེད། དངུལ་གཡོར་ཡ་སྐོར་དེ་ང་ཚོས་སྐད་ཆ་མ་བཤད་ན་ཡག་གི་རེད། གང་ཡིན་ཟེར་ན་དངུལ་གཡོར་ཡ་དེས་ངའི་གྲོགས་པོའི་མཛའ་བརྩེ་མེད་པར་བཟོས་སོང་།” ཞེས་ཀུ་ཏི་ལ་བཤད། ཀུ་ཏིས་“དངུལ་མ་གཡར་ན་མ་གཡར། སྐད་ཆ་དེ་འདྲ་བཤད་མ་ཡོང་”ཞེས་བརྗོད་ནས་འགྲོ་རྩིས་བྱེད་སྐབས། ཤྲི་ཀཱིས་“སྔོན་ལ་ཁྱེད་རང་མར་སྡོད་དང་། གལ་སྲིད་ཁྱེད་རང་ཁྱིམ་ཚང་གི་དོན་དག་དང་ཁྱེད་རང་མི་སྒེར་གྱི་དཔལ་འབྱོར་གྱི་དཀའ་ངལ་ཡིན་ན་ངའི་འགྲམ་ནས་སྒོར་གཅིག་སྟོང་ཉིས་སྟོང་ག་ཚོད་ཁྱེར་ནའང་འགྲིག་གི་རེད། ཡིན་ནའང་ཁྱེད་རང་གི་དངུལ་གཡོར་ཡ་འདི་ལས་དོན་གཞན་གྱི་ཆེད་དུ་ཡིན་ན་ང་ལ་དངུལ་འདི་འདྲ་གཡོར་ཡ་མེད། གང་ཡིན་ཟེར་ན། དངུལ་གྱི་ཆེད་དུ་མིན། ངའི་གྲོགས་པོའི་མཛའ་བརྩེ་དེས་མེད་པ་བཟོས་སོང་”ཞེས་བརྗོད་པས། ཀུ་ཏིས་“དངུལ་མ་གཡར་ན་མ་གཡར། གལ་སྲིད་ཁྱེད་རང་གིས་ང་ལ་དངུལ་གཡར་བའི་རྐྱེན་གྱིས་ངེད་གཉིས་གྲོགས་པོའི་ལ་རྒྱ་རླག་གི་རེད་ལབ་ན། སྐད་ཆ་འདི་འདྲ་མ་བཤད་ན་ཡག་”ཅེས་བརྗོད་ནས་གོམ་ཁ་ཕྱི་ལ་བསྒྱུར་སྐབས། ཤྲི་ཀཱིས་“སྔོན་ལ་ཁྱེད་བཞུགས་དང་། ཁྱེད་ཀྱིས་ཏཱ་དུའུ་ཏོང་དང་། ཨཱ་ཡང་། ཨཱ་མཱི་ཚང་ངོ་ཤེས་ཀྱི་རེད་པ་”ཞེས་དྲིས། “ང་ཚོ་ཆུང་ཆུང་ནས་མཉམ་དུ་འཚར་ལོངས་བྱུང་བས་ངོ་ཤེས་དང་ཤེས།” ཤྲི་ཀཱིས་“རེད་ངས་ཁོང་ཚོ་ལ་དངུལ་གཡར་བའི་རྒྱུ་རྐྱེན་ལ་བརྟེན་ནས་ད་ལྟ་ང་ཚོའི་གྲོགས་པོའི་འདུ་ཤེས་ཀྱང་མེད་པ་ཆགས་སོང་”ཞེས་བརྗོད། ཀུ་ཏིས་“དེ་གང་འདྲ་བྱས་ནས་ཆགས་པ་རེད་”ཅེས་བརྗོད་སྐབས། ཁྱོད་སྒུགས་ཨ་ངས་ཁོང་ཚོ་ལ་ཁ་པར་བཏང་ཡོང་ཟེར་ནས་ཁ་པར་གཏོང་སྐབས། ཨཱ་ཡང་གིས་ལམ་སང་ཁ་པར་བླངས་པ་དང་། ཤྲི་ཀཱི་ལ་“ཁྱེད་ཀྱིས་གང་ཞིག་ཤོད་རྩིས་ཡོད་པ་ངས་ཤེས་ཀྱི་ཡོད། དངུལ་ཏོག་ཙམ་ཞིག་གི་ཆེད་དུ་མ་རེད་དམ། ཁྱེད་རང་སེམས་ཁྲལ་མ་བྱེད། ང་ལ་ཁེ་སང་བྱུང་བ་དང་སྤྲད་ཡོང་”ཟེར་ནས་ཁ་པར་བཞག
“ཁྱེད་རང་གིས་མཐོང་སོང་ངམ། ལོ་གཅིག་གི་སྔོན་ལ་ཁོས་ཚོང་གཉེར་གྱི་དཀའ་ངལ་ཆེན་པོ་འདུག་ཟེར་ནས། ངའི་རྩ་ནས་སྒོར་ཁྲི་གསུམ་གཡར་སོང་། ཁོས་ང་ལ་ཟླ་བ་གཅིག་རྗེས་ནས་སྤྲད་ཡོང་ཟེར། ད་ལྟ་ལོ་གཅིག་ཙམ་ཕྱིན་སོང་། དེ་སྔོན་དངུལ་གྱི་ཡོང་འབབ་མེད་པའི་སྐབས་སུ་ང་ཚོ་ཚང་མ་གྲོགས་པོ་ཡག་པོ་ཞིག་ཡིན། ཁོང་ཚོས་ཉིན་ལྟར་ང་ལ་ཁ་པར་བཏང་ནས་ཇ་དང་ཚིག་ཇ་འཐུང་དུ་མཉམ་པོར་འགྲོ་བ་དང་། ད་དུང་ཕན་ཚུན་བསམ་ཚུལ་ཡང་ཤོད་རེས་བྱེད་ཀྱི་ཡོད། ད་ལྟ་དེ་འདྲ་ཆགས་ཚར་རེད།” ཏཱ་དུའུ་ཏོང་ལ་ཁ་པར་གཏོང་སྐབས། “ཏིང་ཏིང་…..ཏིང་…..ཏིང་ཏིང་…… ཁྱེད་རང་གིས་གཏོང་སའི་ཞལ་པར་བཀྱག་གི་མི་འདུག” “ལྟོས་དང་། ཁོས་ངའི་ཁ་པར་ཡང་ལེན་གྱི་ཡོད་མ་རེད། དེ་སྔོན་ངས་གོ་ཐོས་ལ་ཁོས་སྐྱེད་ཁའི་བུ་ལོན་ཤུགས་ཆེན་བཞག་འདུག ཁོས་ངའི་རྩར་སླེབས་ནས་འགྱོད་བཤགས་མཐར་ཕྱིན་པ་བྱས་ཏེ་ཚོང་ལས་ཆུང་ཆུང་དེ་འདྲ་གཉེར་གྱི་ཡིན་ཟེར་བཞིན་ངའི་འགྲམ་ནས་སྒོར་ཉིས་ཁྲི་གཡར་སོང་། དེས་ག་ལེར་ག་ལེར་ཚོང་ལས་ཡར་རྒྱས་ཕྱིན་པ་དང་ཕྱོགས་མཚུངས་ཁོས་ང་ལ་ཟླ་ཕྱེད་རྗེས་ནས་བུ་ལོན་སྤྲད་ཡོང་ཟེར། ད་ལྟ་ངའི་ཁ་པར་ཡང་ལེན་གྱི་ཡོད་མ་རེད། གལ་སྲིད་ཁྱེད་རང་ཡིད་ཆེས་མེད་ན་ཁྱེད་ཀྱིས་ཐོངས་དང་ལམ་སང་ལེན་གྱི་རེད་”ཅེས་བརྗོད་པས། ཀུ་ཏིས་ཚོད་ལྟའི་ཚུལ་དུ་གཏོང་སྐབས་ལམ་སང་བཀྱགས་ནས་ཀུ་ཏི་ལ་མཚམས་འདྲི་བྱས། དེ་ནས་ཨཱ་མཱི་ལ་ཁ་པར་གཏོང་སྐབས་ལམ་སང་ཁོའི་བཟའ་ཟླས་བླངས་པ་དང་། ཨཱ་མཱི་ད་ལྟ་ཕྱི་ལ་ཕྱིན་སོང་ཟླ་གཅིག་གི་རྗེས་ལ་ལོག་ཡོང་ཟེར་ནས་ཁ་པར་བཞག “ངས་ག་དུས་ཁ་པར་བཏང་ཡང་ཁོ་ཕྱི་ལ་ཡོད་པ་རྐྱང་རྐྱང་རེད། དེ་སྔོན་དཔལ་འབྱོར་དེ་འདྲ་མེད་པའི་སྐབས་སུ་ཉིན་ལྟར་ང་ཚོ་མཉམ་དུ་འཛོམས་ནས་ཇ་དང་ཚིག་ཇ་འཐུང་ཞིང་། ཕན་ཚུན་སེམས་ཀྱི་སྐད་ཆ་བཤད་ནས་གྲོགས་པོའི་བརྩེ་བ་རྟག་ཏུ་ཡོད། ད་ལྟ་ལྟོས་དང་།” ཀུ་ཏིས་“ང་”ཞེས་མགོ་སྒུར་སྐབས། ཤྲི་ཀཱིས་“ཁྱེད་རང་གིས་ཧ་གོ་ན་འགྲིག་སོང་། ཕལ་ཆེར་ཁོང་ཚོ་ད་ལྟ་དཀའ་ངལ་གྱི་གནས་ལས་གྲོལ་ཚར་ཡོད་རེད། སྐབས་རེར་གཞན་ལ་ཕན་ཐོགས་ཀྱི་བྱ་བ་འགའ་ཤས་རང་གི་རང་ལ་ཁུར་པོ་ཆེན་པོ་བཟོ་ཡི་འདུག ཡང་ན་ཁོ་ཚོས་ང་ལ་འཚེར་སྣང་གི་ངང་ནས་ཐུག་འདོད་མེད་པ་ཡིན་སྲིད། ངས་ཁོང་ཚོ་ལ་བསམ་ཤེས་བྱེད་ཀྱི་ཡོད། ཡིན་ན་ཡང་དེའི་རྐྱེན་གྱིས་ང་ཚོར་མི་ཚེ་འདི་ལ་དུས་ནམ་ཡང་དེ་སྔོན་གྱི་མཛའ་བརྩེ་འདི་ཕྱིར་ལོག་ཡོང་ཐབས་མེད། ང་ཚོ་གྲོགས་པོའི་བར་ལ་ཡོད་པའི་བརྩེ་སེམས་ལྷད་མེད་དེ་དཔལ་འབྱོར་གྱི་ཁེ་སང་རྗེས་སུ་ཐིམ་ནས་ཕམ་ཉེས་སུ་ཕྱིན་ཚར་སོང་། དེ་ནི་མི་གཤིས་ལ་སྔར་ནས་ཡོད་པའི་འདོད་རྔམས་ཀྱི་སྒེར་སེམས་འདིས་ང་ཚོའི་དེ་སྔོན་གྱི་ལ་རྒྱ་རྩ་བ་ནས་མེད་པར་བཟོས་ཐལ། མཚམས་མཚམས་ཁྱེད་རང་གིས་གྲོགས་པོ་ལ་རོགས་བྱེད་པ་དང་ཕྱོགས་མཚུངས་ལྷག་བསམ་གྱི་མཇུག་འབྲས་ཀྱིས་གྲོགས་པོའི་འདུ་ཤེས་ཀྱང་མེད་པ་བཟོ་ཡི་རེད། ད་ལྟ་ངའི་གྲོགས་པོ་གསུམ་ཐམ་པ་ཤོར་ཚར་སོང་། ད་དུང་ཁྱེད་རང་ཤོར་འཇུག་འདོད་མི་འདུག”

བསྒྱུར་གཞི།
དྲ་རྒྱའི་ནང་གི་བརྙན་ཐུང་ཞིག་ལས་བསྒྱུར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།