དཔལ་གསང་ཆེན་སྔ་འགྱུར་བའི་གཞིས་ཀྱི་གདན་ས་ཆེན་པོ་མ་དགོན་དྲུག་གི་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།

གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་ཆེ་བ་དྲུག་ལྡན་དཔལ་གསང་ཆེན་སྔ་འགྱུར་རྙིང་མ་ནི་ཁ་བའི་ཡུལ་དུ་བསྟན་པའི་ཆོས་ཀྱི་ཐོག་མའི་ཆུ་འགོ་ལྟ་བུར་དབུ་ཚུགས། དེ་ནས་ཇོ་བོ་བཀའ་གདམས་པ་དང་། དཔལ་ལྡན་ས་སྐྱ་པ། མཉམ་མེད་བཀའ་བརྒྱུད་པ། རྒྱལ་བ་ཇོ་ནང་པ། རི་བོ་དགེ་ལུགས་པ་བཅས་རིམ་གྱིས་དར་ཁྱབ་བྱུང་ཞིང་། བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་སོགས་ཀྱིས་བསྒྱུར་པའི་གསང་སྔགས་ཀྱི་ཆོས་སྐོར་ལ་སྔ་འགྱུར་རྙིང་མ་དང་། ཕྱིས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། མར་པ་ལོ་ཙཱ་བ། འགོས་ཁུག་པ་ལྷས་བཙས་རྣམས་ཀྱིས་བསྒྱུར་པའི་སྔགས་རྒྱུད་ལ་ཕྱི་འགྱུར་གསར་མ་ཞེས་དུས་རབས་བཅུ་གཅིག་གི་ཚུན་ཆད་ནས་གསར་རྙིང་གི་ཐ་སྙད་འབྱེད་སྲོལ་དར།

དེ་ལ་བསྟན་པ་ཕྱི་དར་གྱི་སྐབས་སུ་སྔ་རབས་མཁས་པའི་ཞལ་རྒྱུན་དུ། “སྟོད་ན་རྡོར་སྨིན་དཔལ་གསུམ་དང་། སྨད་ན་ཀཿདཔལ་རྫོགས་གསུམ།” ཞེས་གྲགས་པའི་ཡ་གྱལ་གསུམ་པ་འཕྱོངས་རྒྱས་དཔལ་རི་ཐེག་མཆོག་གླིང་ནི། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ཡར་ཀླུངས་གཙང་པོའི་ལྷོ་ངོས་འཕྱོངས་རྒྱས་རྫོང་གི་ཁོངས་སུ་ཆགས་ཡོད།

དེ་ནི་དབུས་ཕྱོགས་ཀྱི་རྙིང་དགོན་སྔ་ཤོས་ཤིག་ཏུ་སྣང་སྟེ། འཕྲེང་པོའི་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་ཕྱག་བཏབ། གཏེར་སྟོན་གཤེགས་རྗེས་ཀརྨ་རྒྱལ་སྲས་ཀུན་བཟང་སོགས་ཀྱིས་བསྐྱངས། དེ་ནས་རིག་འཛིན་ངག་གི་དབང་པོའི་གཅུང་རིག་འཛིན་འཕྲིན་ལས་རྣམ་རྒྱལ་མཚོ་སྐྱེས་བཞད་པའི་དབང་པོས་གདན་ས་བསྐྱངས། བར་སྐབས་སུ་གདན་རབས་འཛིན་མཁན་མ་བྱུང་། ཕྱིས་སུ་ངག་དབང་ཀུན་བཟང་པདྨ་སོགས་སྐྱེ་སྤྲུལ་རིམ་བྱོན་གྱིས་གདན་ས་བསྐྱངས་པའི་ཆོས་ལུགས་ནི་སྔ་འགྱུར་བཀའ་མ་དང་། འཕྲེང་པོའི་རང་གཏེར་ལ་ཉམས་བཞེས་མཛད་པ་ཡིན་ནའང་། ཉེ་བའི་དུས་རབས་སུ་ཆེས་ཆེར་ཉམས་ནས་རྗེས་སུ་ཀློང་ཆེན་སྙིང་ཐིག་ཉམས་བཞེས་ཀྱི་གཙོ་བོ་མཛད་ཅིང་། གདན་ས་ཆེན་པོ་དྲུག་གི་ཁོངས་སུ་རྩི་སྲོལ་མེད་པར་གྱུར། དེའི་རྗེས་ཉེ་བའི་དུས་རབས་སུ་སྔ་འགྱུར་རྙིང་མའི་མ་དགོན་གདན་ས་ཆེན་པོ་དྲུག་ཏུ་གྲགས་པ་ནི། “སྟོད་ན་རྡོ་རྗེ་བྲག་དང་སྨིན་གྲོལ་གླིང་། བར་ན་ཞེ་ཆེན་དང་རྫོགས་ཆེན། སྨད་ན་ཀཿཐོག་དང་དཔལ་ཡུལ།” ཞེས་རྩི་སྲོལ་བྱུང་བ་ལྟར་འདིར་གཙོ་བོ་བོད་གངས་ཅན་ལྗོངས་ན་བྱུང་བའི་གདན་ས་ཆེན་མོ་དེ་དག་གི་སྐོར་ངོ་སྤྲོད་མདོ་ཙམ་རེ་ཞུ་བར་བྱའོ།།

དང་པོ་ཨེ་ཝཾ་ལྕོག་སྒར་ཐུབ་བསྟན་རྡོ་རྗེ་བྲག

དཔལ་གསང་ཆེན་སྔ་འགྱུར་བའི་ཆོས་གྲྭ་ཆེན་མོ་ཐུབ་བསྟན་རྡོ་རྗེ་བྲག་ནི། བོད་ལྷ་ས་རང་སྐྱོང་ལྗོངས་ལྷོ་ཁའི་ས་ཁུལ་གྲ་ནང་རྫོང་གི་མངའ་ཁོངས་ཡར་ཀླུངས་གཙང་ཆུ་སྔོན་མོའི་བཞུར་རྒྱུན། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཉེ་འགྲམ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་སུ་ཞབས་ཟུང་མངོན་པར་བཀོད་ནས་སྒྲུབ་པ་མཛད་པའི་སྒྲུབ་ཕུག་ཁྱད་པར་ཅན་ཞིག་ཡིན་པར་གྲགས་པ་དེར། ཐོག་མར་གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་དང་། ཡོལ་མོ་བ་གཏེར་སྟོན་ཤཱཀྱ་བཟང་པོ། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། རྒོད་ལྡེམ་གཉིས་པ་རིག་འཛིན་ལེགས་ལྡན་རྡོ་རྗེ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རྒོད་ལྡེམ་གསུམ་པ་རིག་འཛིན་ངག་གི་དབང་པོ་བཅས་རིམ་བཞིན་བྱོན། དེ་ནས་སྒྲུབ་གནས་དེར་ཨེ་ཝཾ་ལྕོག་སྒར་[1]ཞེས་པའི་ཆོས་སྡེ་བྱུང་། གདན་ས་འདི་ཉིད་དུ་བྱང་གཏེར་གྱི་བསྟན་པ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་དར། ཁྱད་པར་དུ་རིག་འཛིན་ངག་གི་དབང་པོས་རབ་བྱུང་བཅུ་པའི་ས་ཕོ་རྟ་སྟེ་སྤྱི་ལོ་ ༡༦༡༩[2] ལོར་གཙུག་ལག་ཁང་དང་མགོན་ཁང་སོགས་ཐོག་མར་བཙུགས་པར་མཛད་ནས། གནས་དང་དགོན་པའི་མཚན་གཅིག་ཏུ་སྦྲེལ་བས་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཞེས་མཚན་གསོལ། ཐུགས་སྲས་ཀྱི་ཐུ་བོ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་བཤད་སྒྲུབ་ཀྱི་བསྟན་པ་ཡུན་རིང་བསྐྱངས་པར་མཛད། རྒྱལ་མཆོག་ལྔ་པ་ཆེན་པོའི་བདག་རྐྱེན་ལས་རིག་འཛིན་སྐུ་ཕྲེང་བཞི་པ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོས་སྤྱི་ལོ་ ༡༦༦༦ ནས་བཟུང་སྟེ་ལོ་ངོ་དྲུག་ལྷག་རིང་རྒྱ་ཆེ་བའི་མདོ་སྔགས་ཀྱི་གཙུག་ལག་ཁང་ཆེ་བ་གཉིས་དང་། བྱེ་བྲག་ལྷ་ཁང་ཆུང་བ་བརྒྱད་བཅས་གསར་བཞེངས་ཀྱིས་དར་རྒྱས་མཛད་དེ། གཉུག་མར་གནས་པའི་དགེ་འདུན་གྱི་འདུས་ཚོགས་ཀྱང་བརྒྱ་ཕྲག་ཉི་ཤུ་ལྷག་བཞུགས་པ་དང་འབྲེལ། བཤད་སྒྲུབ་ཀྱི་སྲོལ་བཟང་ལེགས་པར་བཙུགས་ཏེ་དགོན་པའི་མཚན་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་ཞེས་མཚན་དངོས་སུ་གསོལ་བར་མཛད། རྣམ་ཀུན་གསུམ་ལྡན་རྡོ་རྗེ་འཛིན་པའི་འདུས་སྡེ་གྲངས་ལས་འདས་པས་ཀུན་དགའ་ར་བ་ཁོ་ར་ཁོར་ཡུག་དང་བཅས་པ་གང་སྟེ། ཐོས་བསམ་སྒོམ་གསུམ་སོགས་ཆོས་སྤྱོད་བཅུ་ལས་ནམ་ཡང་མི་གཡེལ་བར་རྒྱལ་བསྟན་མཁའ་ཁྱབ་ཏུ་འཕྲོ་བའི་མཛད་བཟང་སྐྱོང་བཞིན་པ་ལ། སྤྱི་ལོ་ ༡༧༡༨ ལོ་སྟེ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་མི་བསྲུན་པའི་བསྟན་དགྲ་འཇུན་གར་བའི་དམག་དཔུང་ཕྱོགས་དེར་ལྷགས་ཏེ། མགོན་ཁང་སྲིད་གསུམ་རྣམ་རྒྱལ་ཕུད་པའི་གཞན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་མ་ལུས་ཐལ་བའི་རྡུལ་དུ་བཏང་། དེ་ནས་རིག་འཛིན་སྐུ་ཕྲེང་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་མཆོག་རབ་བྱུང་བཅུ་གཉིས་པའི་མེ་ཕོ་རྟ་སྤྱི་ལོ་ ༡༧༢༦ ལོར་གདན་ཁྲིར་ཕེབས་ཏེ། དུས་འགྱུར་སྐབས་སྐུ་གསུང་ཐུགས་རྟེན་འཐོར་གྱར་སོང་བ་ཁག་ཚུར་ལོན་པས་གདན་ས་འདི་ཉིད་སྔར་དང་ཆ་འདྲ་བ་ཙམ་དུ་ཉམས་གསོ་བྱུང་ཞིང་། དེ་ནས་སྤྱི་ལོ་ ༡༩༦༦ རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོ་ནས་བཟུང་། བོད་སྲིད་དབང་ཤོར་བའི་དུས་འགྱུར་གྱི་དབང་གིས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སླར་ཡང་ཐལ་བའི་ཕུང་པོར་གྱུར། རབ་བྱུང་དེའི་ཤིང་གླང་སྤྱི་ལོ་ ༡༩༨༥ ལོར་ཀྲུང་དབྱངས་ཀྱི་ཐུགས་ཁུར་འོག་མཐུན་རྐྱེན་བསྩལ་པ་ལ་བརྟེན་ནས་རྗེ་རྒོད་ལྡེམ་སྐུ་ཕྲེང་བཅུ་པ་འཇམ་དཔལ་བློ་བཟང་འཇིགས་མེད་བློ་གྲོས་རྒྱ་མཚོས་སྐུ་ངལ་ཇི་སྙེད་ཅིག་དང་དུ་བཞེས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་ཁོ་ར་ཁོར་ཡུག་དང་བཅས་པ་གསར་བཞེངས་མཛད། གཏེར་ཆེན་རྒོད་ལྡེམ་རྗེའི་ཡང་སྲིད་རིམ་བྱོན་ལ་རིག་འཛིན་ཆེན་པོ་ཞེས་གྲགས་ཤིང་དགོན་འདིའི་བསྟན་པའི་བདག་པོ་གཙོ་བོ་གནང་བ་དང་། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་སྐྱེ་སྲིད་རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ་དང་། ཆུ་བཟང་སྤྲུལ་སྐུ་རིན་པོ་ཆེ་སོགས་རིག་འཛིན་ཆེན་པོའི་ཐུགས་སྲས་བླ་ཁག་བཅུ་གསུམ་ཙམ་ཡོད་ཅིང་། རིག་འཛིན་ཆེན་པོ་ཉིད་ཁྲིར་བཞུགས་མེད་སྐབས་རྒྱལ་སྤྲུལ་དང་ཆུ་སྤྲུལ་གཉིས་ནས་གདན་ཚབ་མཛད་ཀྱི་ཡོད། ད་ལྟའི་ཆར་གདན་ས་འདིའི་བསྟན་པའི་བདག་པོར་རིག་འཛིན་ཆེན་པོ་སྐུ་ཕྲེང་བཅུ་པ་འཇིགས་མེད་བློ་གྲོས་རྒྱ་མཚོ་མཆོག་སྐུ་འཚོ་བཞུགས་ངང་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་སྐྱོང་བཞིན་པ་དང་། ཆོས་བརྒྱུད་འཛིན་པའི་དགོན་ལག་གངས་ལྗོངས་ཀྱི་སྟོད་མངའ་རིས་ནས་སྨད་དར་རྩེ་མདོ་ཡན་ཆོད་དུ་དགོན་སྡེ་བརྒྱ་ཕྲག་ལ་ཉེ་བ་བཞུགས་ཏེ་བཤད་སྒྲུབ་ཀྱི་འཕྲིན་ལས་རྒྱ་ཆེ་བ་ཙམ་བྱུང་། ད་ལྟའི་འདུས་སྡེའི་གནས་སྟངས་ནི་གཞུང་གི་གཏན་འབེབས་ལྟར་གྲྭ་ཚད་ཉུང་ངུ་ལས་ཉར་མི་ཆོག་པར་བརྟེན། བཤད་གྲྭ་ན་དགེ་འདུན་ཉི་ཤུ་ཙམ་དང་གྲྭ་ཚང་ན་ལྔ་བཅུ་ཙམ་བཅས་ཁྱོན་དགེ་འདུན་གྲངས་བདུན་ཅུ་ལྷག་གཏན་བཞུགས་གནང་གི་ཡོད།

དགོན་འདིའི་ཕྱག་བཞེས་འཕྲིན་སྒྲུབ་ཉམས་བཞེས་ཀྱི་སྐོར་ནི། སྔ་འགྱུར་བའི་ཕ་ཆོས་བཀའ་གཏེར་དག་སྣང་གསུམ་པོ་སྤྱི་དང་ཁྱད་པར་ཉེ་བརྒྱུད་གཏེར་མའི་ཕྱོགས་ཏེ། གཏེར་སྟོན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་སློབ་དཔོན་ཆེན་པོ་དང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཟུང་གི་རྣམ་སྤྲུལ་གཏེར་སྟོན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་ནམ་དངོས་གྲུབ་རྒྱལ་མཚན་དུ་འབོད་པ་གང་དེས། ཟང་ཟང་ལྷ་བྲག་ལྷའི་སྐྱེད་ཚལ་བྱ་བའི་ཕུག་ནས། ཤར་དུང་མཛོད་དཀར་པོ། ལྷོ་སེར་མཛོད་སེར་པོ། ནུབ་ཟངས་མཛོད་དམར་པོ། བྱང་ལྕགས་མཛོད་ནག་པོ། དབུས་སྙིང་མཛོད་སྨུག་པོ་སྟེ། མཛོད་ཆེན་ལྔ་ནས་ཀུན་བཟང་དགོངས་པ་ཟང་ཐལ་གྱིས་ཐོག་དྲངས་ཆོས་ཚན་ལྔ་བརྒྱ་ཡན་ལག་དང་བཅས་པ་སྤྱན་དྲངས་ཏེ། སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ལས། ད་ལྟའི་བར་མ་ཉམས་མ་ནུབ་པར་དར་བ་ལ་བྱང་གཏེར་ཞེས་གྲགས་པ་ནི། དགོན་འདིའི་ཉམས་བཞེས་ཀྱི་ཆོས་བཀའ་གཙོ་བོ་ཡིན། དགོན་འདིར་ལོ་ལྟར་ཟླ་བ་རེར་སྒྲུབ་མཆོད་རེ་འཚོགས་ཀྱི་ཡོད་པ་དང་། གཞན་དབྱར་གནས་དང་། ཚེས་བཅུ་ཉེར་ལྔ། རྒྱུན་འདོན་གྱི་བསྐང་གསོ་སོགས་བར་མ་ཆད་པ་ཡོད་ལ། བར་སེང་རྣམས་སུ་ཆོ་ག་ཕྱག་ལེན་སློབ་སྦྱོང་དང་། ལོ་ལྟར་བསླབ་རིམ་བཞིན་འདུས་པ་བཞི་རེ་ལོ་གཅིག་ནས་གསུམ་བར་རང་ལུགས་རྩ་གསུམ་ལྷའི་བསྙེན་སྒྲུབ་ལ་མཚམས་མལ་དུ་བཞུགས་དགོས་པ་བཅས་སོ།།

གཞུང་ལུགས་འཆད་ཉན་གྱི་སྐོར་ནི། དུས་རབས་ཉི་ཤུའི་སྔོན་རྣམས་སུ་སྒྲུབ་པ་གཙོ་བོ་ལས་ཐོས་བསམ་སློབ་གཉེར་དེ་ཙམ་མི་མཛད་ཀྱང་ཕྱིས་སུ་ཐོག་མར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ནས་བཤད་གྲྭའི་མཁན་པོ་རྒྱུན་གཏོང་གནང་ཞིང་བཤད་ཁྲིད་ཀྱི་སྲོལ་བཙུགས་ཏེ། བཤད་གྲྭ་གསར་འཛུགས་ཀྱིས་རིམ་བཞིན་ད་ལྟའི་ཆར་མདོ་སྔགས་གཞུང་ལུགས་རིག་གནས་དང་བཅས་པར་དམིགས་བསལ་ལོ་རིམ་གྱི་སྐས་ཐེམ་མེད་པར་རང་མོས་བཞིན་སློབ་ཚན་ལ་སློབ་གཉེར་བྱེད་བཞིན་པ་དང་། འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པའི་ཐོག་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བས་དུས་རྟག་ཏུ་བྲེལ་ཞིང་ཡོད།

གཉིས་པ་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་།

ཆོས་གྲྭ་ཆེན་མོ་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་ནི། གྲྭ་ནང་དར་རྒྱས་ཆོས་གླིང་གི་གདན་རབས་ལས་མཆེད་པ་སྟེ། སྟོད་དབུས་གཙང་ལྷ་ས་དང་ལྷོ་ཁའི་ཡུལ་མེས་པོའི་བླ་མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཕྱག་བཏབ་པའི་ཁྲ་འབྲུག་ལྷ་ཁང་སོགས་ཀྱི་ཉེ་འགྲམ་དུ་ཆགས་ཡོད།

ཆོས་སྡེ་འདི་ནི་ཐོག་མར་གཏེར་ཆེན་རཏྣ་གླིང་པའི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་ཕྱག་བཏབ། དེ་ནས་རིམ་བཞིན་རིག་འཛིན་ཆེན་པོ་པདྨ་གླིང་པའི་སྤྲུལ་སྐུ་བསྟན་འཛིན་གྲགས་པ་དང་། སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་སྨྱོས་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན། དེའི་སྲས་གསང་བདག་དཔའ་བོ་འཕྲིན་ལས་ལྷུན་གྲུབ་ཀྱི་བར་གདན་ས་བསྐྱངས་ཤིང་བསྟན་འགྲོའི་དཔལ་མགོན་དུ་བཞུགས། དེའི་རྗེས་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའམ་གཏེར་བདག་གླིང་པ་མཆོག་སྐུ་འཁྲུངས། གཏེར་སྟོན་ཆེན་པོ་འདི་ཉིད་ཀྱིས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ཡོངས་འཛིན་དུ་བསྟེན་ཏེ། ཐུན་མོང་རིག་གནས་སྤྱི་དང་ཐུན་མིན་མདོ་སྔགས་གཞུང་ལུགས་རབ་འབྱམས་བཀའ་གཏེར་དག་སྣང་དང་བཅས་པའི་དབང་ལུང་ཁྲིད་ཀ་ཟབ་མོ་རྣམས་གསན་ཏེ། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པར་གནང་ནས་གདན་ས་འདིའི་ཁྲི་རབས་དང་པོའི་ཆོས་ཁྲིར་བཞུགས་ཤིང་། དབེན་གནས་རྣམས་ལས་དུས་བབས་ཀྱི་ཟབ་གཏེར་དུ་མ་སྤྱན་དྲངས། རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་ཁྱི་སྤྱི་ལོ་ ༡༦༧༠ ལོར་གནས་གཞི་དེར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོ་ཞེས་པ་ཕྱག་བཏབ།[3] རྒྱལ་དབང་ལྔ་པ་ཆེན་པོ་མཆོག་ནས་ཆོས་གཞི་གྲྭ་རྒྱུན་སོགས་ཀྱི་མཐུན་རྐྱེན་མ་ཚང་བར་མེད་པ་བསྩལ། སྡོམ་པ་གསུམ་གྱིས་རྒྱུད་སྡོམ་ཞིང་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་དགེ་འདུན་པ་སུམ་བརྒྱར་ཉེ་བ་ཙམ་གསར་དུ་བསྡུ་བར་མཛད། ཨོ་རྒྱན་སངས་རྒྱས་གཉིས་པའི་རིང་ལུགས་བཀའ་གཏེར་ཟུང་འཇུག་གི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་གསལ་བར་མཛད། གཏེར་ཆེན་བླ་མའི་གཅུང་རྒྱལ་སྲས་བསྟན་པའི་ཉི་མ་མཆོག་མཁན་རབས་དང་པོའི་ཁྲིར་བཞུགས་ཏེ་མཁན་བརྒྱུད་རྣམས་རིམ་པར་བྱོན། རབ་བྱུང་བཅུ་གཉིས་པའི་མེ་བྱ་སྤྱི་ལོ་ ༡༧༡༧ ལོར་སོག་པོ་འཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་དམག་དཔུང་བོད་དུ་ལྷགས་ནས་སྔ་འགྱུར་གྱི་དགོན་སྡེ་སྒྲུབ་གནས་མང་པོ་བཅོམ་བརླག་ཏུ་བཏང་། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི། རྡོར་བྲག་རིག་འཛིན་པདྨ་འཕྲིན་ལས། གཏེར་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་རྡོར་སྨིན་གཉིས་ཀྱི་བླ་ཆེན་མང་པོ་ཉེས་མེད་དུ་བཀྲོངས། སྐབས་དེར་གདུང་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ་དང་། གཅུང་རྒྱལ་སྲས་ཉེ་བའི་མགོན་པོ་མོན་བརྒྱུད་ནས་ཁམས་ཕྱོགས་སུ་གསང་བྲོས་ཀྱིས་ཕེབས། རྗེ་བཙུན་མི་འགྱུར་དཔལ་སྒྲོན་དཔོན་གཡོག་ཧྲག་བསྡུས་བཅས་རེ་ཞིག་འབྲས་ལྗོངས་སུ་བྱོན་དགོས་པ་བྱུང་། དེ་རྗེས་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་སྤྱི་ལོ་ ༡༧༢༠ ལོར་འཇུན་གར་བའི་དམག་དཔུང་ཕྱིར་ལོག་བྱས། དེ་ནས་རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་གིས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཉམས་པ་རྣམས་སླར་གསོ་དགོས་པའི་བཀའ་ཁྱབ་བསྩལ་པ་དང་བསྟུན། རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་དང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་རྣམས་ཀྱིས་དབུས་འདུས་ཚོགས་ཡོངས་ནས་རིམ་བཞིན་ཉམས་གསོ་མཛད། སྦས་ཡུལ་འབྲས་མོ་ལྗོངས་དང་ཉག་རོང་ཁུལ་དུ་ཕོ་ཉ་བ་ཆེད་མངགས་ཀྱིས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། རྗེ་བཙུན་མི་འགྱུར་དཔལ་སྒྲོན་རྣམས་གདན་དྲངས་ཏེ། རྒྱལ་དབང་སྐལ་བཟང་རྒྱ་མཚོའི་ཐུགས་བསྐྱེད་ཟླ་མེད་པའི་མཚམས་སྦྱོར་ལ་བརྟེན། ཆོས་བརྒྱུད་ཐམས་ཅད་ཉམས་པ་སླར་སོར་ཆུད་དེ་ཁྲི་རབས་བཅུ་པའི་བར་ལྷ་སྡེ་མི་སྡེ་ཡོངས་རྫོགས་རང་དབང་གཙང་མའི་དཔལ་གྱིས་འཚོ་བ་ལས། རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་ ༡༩༥༩ ལོར་རྒྱ་དམར་པོའི་དམག་དཔུང་བོད་དུ་ལྷགས་ཏེ། ཕྱི་ནང་སྣོད་བཅུད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་དགོན་གནས་འགའ་ཞིག་གྱང་རོ་དང་། འགའ་ཞིག་ཁང་ཧྲུལ་དུ་གྱུར། དེ་ནས་དམངས་གཙོའི་བཅོས་བསྒྱུར་སྐབས་ཆོས་དད་རང་མོས་ཀྱི་ཁོངས་སུ་གྲྭ་རྒྱུན་སུམ་ཅུ་ལས་སྡོད་མི་ཆོག་པ་དང་། དགོན་པའི་རྟེན་དང་མཆོད་ཆས་རྣམས་བདག་གཅེས་སྲི་ཞུ་བྱེད་དུ་བཅུག་པས་ཉམས་མེད་ཙམ་དུ་གྱུར། དེ་ནས་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་ནང་། ལྷ་ཁང་དང་གྲྭ་ཤག་སློབ་ཁང་སོགས་རིམ་བཞིན་གཏོར་བཤིག་ཚབས་ཆེན་བཏང་བས། འདུ་ཁང་ཆེན་པོ་གཉིས་ལས་ཤུལ་མེད་དུ་གྱུར། དེ་རྗེས་མི་རིགས་དང་ཆོས་ལུགས་སྲིད་བྱུས་གུ་ཡངས་སུ་ཕྱིན་པའི་སྐུལ་མའི་འོག[4] རྒན་འཇམ་དཔལ་རྒྱལ་མཚན་སོགས་ཀྱིས་གཙོས་དགེ་འདུན་བགྲེས་གྲས་ཁག་གྲོས་མོལ་གྱིས་རབ་བྱུང་ ༡༦ ཆུ་ཁྱི་སྤྱི་ལོ་ ༡༩༨༢ ཟླ་བ་ ༠༤ པའི་ནང་དགོན་པ་ཉམས་གསོ་ཆོག་པའི་སྙན་ཞུ་ཕུལ་བར་ཟླ་བ་ ༠༨ པའི་ནང་ཆོག་མཆན་དང་སྦྲགས་གྲོན་དངུལ་ཡང་ཕྲན་བུ་རག དེ་རྗེས་སྔོན་གྱི་དགེ་འདུན་བགྲེས་གཞོན་རྣམས་གདན་ཞུས་ཀྱིས་ཉམས་གསོ་བྱེད་འགོ་བཙུགས་ཏེ། ཕྱོགས་གཅིག་ནས་དགོན་པ་ཉམས་གསོ་དང་ཕྱོགས་གཅིག་ནས་མང་ཚོགས་ཀྱི་རེ་འདུན་ལྟར་གྲྭ་པ་གསར་པ་ཁག་ཅིག་བསྡུས་པས། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་སྤྱི་ལོ་ ༡༩༨༩ ལོའི་བར་དགེ་འདུན་བགྲེས་གཞོན་ཁྱོན་ལྔ་བཅུར་ཉེ་བ་ལོན་ཡོད་པ་དང་། དགེ་འདུན་སྤྱིའི་འཚོ་གོས་སོ་སོའི་ཁྱིམ་ལ་བརྟེན་རྒྱུའམ། དད་ལྡན་མང་ཚོགས་ནས་བསྙེན་བཀུར་མང་འགྱེད་ཕྲན་བུ་ཕུལ་བ་བཅས་ལ་བརྟེན་རྒྱུ་ཁོ་ན་ལས་གཞན་པའི་འཚོ་རྟེན་གྱི་ཡོང་ཁུངས་མ་མཆིས་ཀྱང་། བགྲེས་རབས་དག་ཐུགས་བསྐྱེད་ཆེན་པོས་གྲྭ་གཞོན་རྣམས་ལ་འཚོ་སྐྱོང་སློབ་སྟོན་གྱིས། འདུས་སྡེ་རང་གི་བཅའ་ཡིག་ལྟར་སྨིན་གླིང་རང་ལུགས་ཀྱི་ཆོས་ཀྱི་བྱེད་སྒོ་ཁག་ལ་སློབ་གཉེར་མཛད་བཞིན་ཡོད། ད་ཆ་གདན་ས་འདིར་སྨིན་གླིང་གདུང་སྲས་དགྲ་ལྷ་རྒྱལ་མཚན་མཆོག་གིས་ཐུགས་འགན་གཙོ་བོར་བཞེས་ཤིང་བསྟན་འགྲོའི་དཔལ་མགོན་དུ་འཚོ་ཞིང་བཞུགས་པའོ།།

མ་དགོན་འདིའི་ཕྱག་བཞེས་འཕྲིན་སྒྲུབ་ཀྱི་སྐོར་ནི། གཏེར་ཆེན་མཆོག་དང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སོགས་ནས་གདུང་སྲས་མཆེད་ལྕམ་རིམ་བྱོན་གྱིས། སྔ་འགྱུར་བཀའ་མ་སྤྱི་དང་ཁྱད་པར་མདོ་སྒྱུ་རྣམས་ཀྱི་རྒྱུད་དང་སྒྲུབ་ཐབས་བཅས་ཀྱི་བཀའ་སྲོལ་དང་། གཏེར་མ་རྣམས་ལས་ལྷོ་གཏེར་གཙོ་བོར་གྱུར་པའི་ཟབ་གཏེར་རྣམས་ཀྱི་ཕྱག་རྒྱུན་མ་ནུབ་པར་བསྐྱངས་ནས་བསྟན་པའི་སྒྲོན་མེ་སྤར། དེ་དག་གི་སྨིན་གྲོལ་འཆད་སྤེལ་དང་སྒྲུབ་ཐབས་ལག་ལེན་སོགས་ཕྱོགས་ཀུན་ནས་གཞན་དྲིང་མི་འཇོག་པའི་ཕྱག་རྒྱུན་འགྲན་ཟླ་དང་བྲལ་བས་སྔ་འགྱུར་རྙིང་མ་པ་ཀུན་ཀྱིས་ཡིད་སྨོན་དུ་གྱུར། ས་ག་ཟླ་བའི་བཀའ་མའི་སྒྲུབ་མཆོད་སོགས་ཀྱིས་མཚོན། འདུལ་བ་གཞི་གསུམ་གྱི་ཉམས་ལེན་དང་། གཞན་ཡང་ཟླ་ངོ་ཡར་མར་གྱི་ཚེས་བཅུ། རྒྱུན་འདོན་གྱི་བསྐང་གསོ་སོགས་བར་མ་ཆད་པར་རྒྱལ་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཟབ་མོ་དག་གི་རྒྱུན་མ་ཉམས་པར་སྐྱོང་བཞིན་ཡོད།

གཞུང་ལུགས་འཆད་ཉན་གྱི་སྐོར་ནི། སྔ་དུས་གཙང་གི་འབྲས་ཡུལ་སྐྱིད་ཚལ་(ས་སྐྱའི་དགོན་ལག)དུ་བསྐྱོད་ནས་གཞུང་ཆེན་བཅུ་གསུམ་ལ་སློབ་གཉེར་གནང་རྗེས་དགོན་པར་ཕྱིར་ལོག་སྟེ། རྒྱུགས་འབུལ་ཞུས་པའི་སྦྱངས་འབྲས་ཚད་གཞི་ལྟར་ལོན་ན་མདོ་རབ་འབྱམས་པ་ཞེས་པའི་མཚན་སྙན་གནང་བ་དང་། མ་དགོན་རང་དུ་རྒྱུད་ཀྱི་བཤད་པའི་སློབ་གཉེར་མཛད་དེ་ཚད་གཞི་ལྟར་ལོན་ན་སྔགས་རབ་འབྱམས་པའི་མཚན་སྙན་གནང་སྟེ། མདོ་སྔགས་རབ་འབྱམས་པ་ཞེས་མཁས་པའི་གོ་ས་ཆེན་པོར་ཕེབས་ཐུབ་པའི་སྲོལ་ཡོད་པ་དང་། དེ་རྗེས་བར་ལམ་ཞིག་ནས་འབྲས་ཡུལ་སྐྱིད་ཚལ་དུ་ཕེབས་པའི་སྲོལ་དེ་ནུབ་ནས། དུས་ཕྱིས་མ་དགོན་རང་དུ་རྒྱུད་ལ་སློབ་གཉེར་བྱས་ཏེ་སྔགས་རབ་འབྱམས་པ་གཏོང་བའི་སྲོལ་དེ་རྒྱུན་འཁྱོངས་སུ་གནས། རྒྱུད་བཤད་ཀྱི་གཙོ་བོ་རྩ་རྒྱུད་གསང་བ་སྙིང་པོ་སྟེ། བཀའ་སྡེ་ཟུར་པ་ཡབ་སྲས་ཀྱི་བཤད་སྲོལ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་མཛོད་ཟབ་མོ་རྣམས་ཀྱི་བཤད་རྒྱུན་མི་ནུབ་པར་སྤེལ་བས་རྙིང་མའི་གྲུབ་མཐའ་རང་རྐང་ཚུགས་པ་ཚང་ལ་མ་ནོར་བ་ཡོད། བར་སྐབས་རྣམས་སུ་བསྟན་པ་ལ་ཆགས་འཇིག་དུ་མར་བྱུང་ཡང་། དུས་རབས་ཉི་ཤུའི་མཇུག་ཙམ་ནས་སླར་ཡང་ཉམས་གསོ་ཡིས་བཤད་གྲྭ་གསར་འཛུགས་དང་གཞི་གསུམ་གྱི་ཆོ་ག་བཅས་ཡང་བསྐྱར་བཙུགས་ནས་སྔོན་ཆད་ལ་ལྟོས་ན་གཞུང་ལུགས་འཆད་ཉན་གྱི་རྒྱུན་མ་སྟོངས་ཙམ་དུ་མཆིས་སོ།།

གསུམ་པ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་།

ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནི། གང་ལས་བྱུང་བའི་བརྒྱུད་པའི་ཐོག་མ་གྲུབ་དབང་རྫོགས་ཆེན་སྐུ་ཕྲེང་དང་པོའི་སློབ་མ་ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་གྱིས་བོད་རབ་བྱུང་བཅུ་གཉིས་པའི་ས་སྟག་སྤྱི་ལོ་ ༡༦༩༨ ལོར་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་ཕྱག་བཏབ། སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་གཉེར་ཆེན་ལྷ་ལུང་སོགས་ཀྱིས་བཀུར་བསྟི་ཞུས་ཏེ། གཙུག་ལག་ཁང་དང་གྲྭ་ཤག་མགོན་ཁང་བཅས་གསར་བཞེངས་གནང་། རྗེའི་ཞལ་ནས་གནས་སྐབས་འདིར་སྒྲུབ་པ་མཛོད་དང་ཉམས་རྟོགས་གོང་འཕེལ་དུ་འགྲོ་ངེས། མཐར་དགོན་འདི་ཕ་གིའི་རི་ངོས་ལ་ཆགས་ན་བསྟན་པ་མཐའ་རྒྱས་སུ་འགྱུར་བའི་ལུང་བསྟན། དེ་ནས་བཟུང་གད་ཡག་བླ་མ་པདྨ་དབང་ཕྱུག་གཙོས་སློབ་ཆེན་བརྒྱད་ཀྱིས་གདན་ས་བསྐྱངས་ཤིང་། ནང་གི་རྟེན་གསུམ་ཡང་བཞེངས་ཤིང་ངུར་སྨྲིག་དགེ་འདུན་གྱི་སྡེ་རྒྱས། དེ་ནས་སྐུ་གོང་མའི་ཡང་སྲིད་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་ཞེས་བྱ་བ་གང་ཉིད་སྤྱི་ལོ་ ༡༧༡༣ རབ་བྱུང་བཅུ་གཉིས་པའི་ཆུ་མོ་སྦྲུལ་ལོར་རྫོགས་ཆེན་སྐུ་ཕྲེང་གཉིས་པའི་གཅུང་དུ་འཁྲུངས། རྡོར་སྨིན་སོགས་ནས་ལུང་གིས་ཟིན་པ་བཞིན་དགུང་གྲངས་ལྔ་པའི་ཐོག་སྐུ་གོང་མའི་སློབ་ཆེན་རྣམས་ཀྱིས་རང་གནས་ཞེ་ཆེན་དགོན་རྙིང་གསང་སྔགས་ཆོས་གླིང་ངམ་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་སྒྲུབ་སྡེ་རུ་སྤྱན་དྲངས། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དུས་འགྱུར་རྐྱེན་གྱིས་ཁམས་ཕྱོགས་སུ་ཕེབས་སྐབས་ཞེ་ཆེན་དགོན་དུ་གདན་དྲངས་པས། གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཆོས་བདག་ཏུ་དབུགས་ཕྱུང་ཞིང་། གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རཀྴ་བྱིན་ལྡན་ཡང་བསྩལ་ཏེ། སྨིན་གླིང་གཏེར་གསར་གཙོར་གྱུར་གྱི་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་གནང་། དམ་པ་དེ་ཉིད་དང་གཅེན་རྫོགས་སྤྲུལ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་སོགས་སྐྱེས་མཆོག་དུ་མ་ལས་མདོ་རྒྱུད་རིག་གནས་དང་བཅས་པའི་མང་ཐོས་རྒྱ་མཚོའི་ཕ་རོལ་ཏུ་སོན། མདོ་སྔགས་བཀའ་གཏེར་གྱི་ཆོས་སྒོ་མཐའ་དག་གི་དབང་ལུང་ཁྲིད་སོགས་ཟབ་རྒྱས་ཀྱི་གདམས་པས་གདུལ་བྱ་མཐའ་དག་སྨིན་གྲོལ་ལ་བཀོད་ཅིང་། མཁས་བཙུན་བཟང་གསུམ་སོགས་དམ་པའི་ཡོན་ཏན་དུ་མས་ཀུན་ནས་ཕྱུག་པའི་མཁས་གྲུབ་དམ་པར་གྱུར། རྒྱལ་བ་སྐལ་བཟང་རྒྱ་མཚོའི་བཀའ་ལུང་གིས་བསྐུལ་བ་ལྟར། སྒྲུབ་གནས་ཨོ་རྒྱན་ཆོས་རྫོང་གི་མདུན་ཆུ་བྲག་འབོལ་དུ་གདན་ས་སྤོས་ཏེ། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་སྤྱི་ལོ་ ༡༧༣༤[5] ལོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་གསར་དུ་བསྐྲུན་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ། གདན་ས་འཛིན་པའི་སྐྱེས་ཆེན་རིམ་བྱོན་ནི། རྗེ་ཞྭ་ལམ་རབ་འབྱམས་པ་སྐུ་ཕྲེང་བདུན་དང་། ཞྭ་ལམ་རབ་འབྱམས་པའི་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་སྐུ་ཕྲེང་རིམ་བྱོན། ཟེ་ཆེན་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས་པའི་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སྐུ་ཕྲེང་རིམ་བྱོན། མདོ་སྔགས་རབ་འབྱམས་ལ་དབང་འབྱོར་བའི་ཀུན་མཁྱེན་སྨྲ་བའི་སེང་གེ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་དང་། རྫོགས་པ་ཆེན་པོ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ཁོ་ན་ལ་དྲིལ་བས་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ཏེ་སྒོམ་མེད་ཆོས་སྐུའི་གཏན་སྲིད་ཟིན་པའི་རྫོགས་ཆེན་པ་དང་། ཚེ་གཅིག་ལུས་གཅིག་ལ་དྲུག་པ་རྡོ་རྗེ་འཆང་གི་རྒྱལ་སར་གཤེགས་པའི་གྲུབ་པའི་དབང་ཕྱུག དེ་ལྟར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་མང་དུ་བྱོན་ནས་གསང་ཆེན་སྔ་འགྱུར་བའི་རིང་ལུགས་དྲི་མ་མེད་པའི་འཕྲིན་ལས་རྒྱ་ཆེར་རྒྱས། ཆོས་བརྒྱུད་འཛིན་པའི་དགོན་ལག་ཀྱང་ཉིས་བརྒྱར་ཉེ་བ་གངས་ལྗོངས་མདོ་ཁམས་ཀྱི་ཡུལ་གྲུར་བཞུགས་པར་གྲགས་ཀྱང་། ཕྱིས་སུ་རིག་གནས་གསར་བརྗེའི་དུས་སྐབས་སུ་ཕྱི་ནང་སྣོད་བཅུད་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ནས་ཉམས་རྒུད་ཧ་ཅང་ཆེན་པོ་བྱུང་བ་དང་། སྲིད་ཇུས་དོན་འཁྱོལ་བྱུང་རྗེས་ཉམས་པ་སླར་གསོ་རགས་ཙམ་བྱུང་སྟེ་སྔར་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་དང་། གཞུང་ལུགས་སློབ་གཉེར་མཛད་བཞིན་པ་ལགས་སོ།།

གདན་ས་འདིའི་ཕྱག་བཞེས་འཕྲིན་སྒྲུབ་ཉམས་བཞེས་ཀྱི་སྐོར་ནི། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་དང་མཐུན་པར་གཙོ་བོ་སྨིན་གཏེར་ཁོ་ནར་ཉམས་བཞེས་སུ་མཛད། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་དང་རབ་འབྱམས་རིག་འཛིན་དཔལ་འབྱོར་རྒྱ་མཚོ་གཉིས་ནས་རབ་བྱུང་གསུམ་པའི་ཤིང་གླང་སྤྱི་ལོ་༡༨༠༥ ལོར། སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་ཟུར་འཛུགས་གནང་སྟེ། བསྙེན་སྒྲུབ་མན་ངག་གི་ཉམས་བཞེས་ཁོར་ཡུག་ཏུ་བསྐྱངས་པས་རིག་པ་ཚད་ཕེབས་ཀྱི་རྟོགས་པ་ལ་མངའ་དབང་འབྱོར་བའི་གྲུབ་ཆེན་བཅུ་གསུམ་དུས་གཅིག་ལ་བྱུང་། བཀའ་མའི་སྒྲུབ་མཆོད་ཁག་གིས་མཚོན་ལོ་འཁོར་གྱི་སྒྲུབ་མཆོད་དང་དགུ་གཏོར། ཟླ་རེའི་ཚེས་བཅུ་ཉེར་ལྔ། གཞན་ཡང་རྒྱུན་འདོན་གྱི་བསྐང་གསོ་སོགས་རྒྱུན་མ་ཆད་པར་ཉམས་བཞེས་མཛད་བཞིན་མཆིས།

གཞུང་ལུགས་འཆད་ཉན་གྱི་སྐོར་ནི། རྗེ་ཞྭ་ལམ་རབ་འབྱམས་བསྟན་པའི་རྒྱལ་མཚན་གྱི་སྐུ་དུས་ནས་དབྱར་ཆོས་དང་དགུན་ཆོས་སོགས། དབྱར་སྡེ་སྣོད་གསུམ་ལ་ཐོས་བསམ་དང་། དགུན་རྒྱུད་སྡེ་བཞི་སོགས་ལ་སྒོམ་སྒྲུབ་བཅས་བཤད་སྒྲུབ་ཀྱི་སྲོལ་ལེགས་པར་བཙུགས། རྗེ་གང་གི་ཐུགས་སྲས་པདྨ་དབང་ཕྱུག་གིས་མཁན་རབས་དང་པོ་མཛད་དེ། གོང་མའི་ཕྱག་སྲོལ་བཞིན་བཤད་སྒྲུབ་གཉིས་ཀའི་ཐུགས་འགན་བཞེས། རིམ་བཞིན་མཁས་དབང་ཞེ་དྲུང་པྲཛྙཱ། མཁན་པོ་པདྨ་ཆོས་འབྱོར། མ་ཧཱ་པཎྜིཏ་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་བཅས་མཁས་པའི་ཕུལ་དུ་ཕྱིན་པའི་ས་མཐོར་གཤེགས་པ་དག་གིས་བཤད་སྒྲུབ་ཟུང་འབྲེལ་གྱིས་བསྟན་པ་བསྐྱངས། རབ་འབྱམས་ལྔ་པ་ཀུན་བཟང་བསྟན་པའི་ཉི་མ་དང་། རྒྱལ་ཚབ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་གཉིས་ནས་ཐེག་མཆོག་བཤད་སྒྲུབ་པདྨའི་དགའ་ཚལ་གསར་དུ་ཕྱག་བཏབ། ལྔ་རིག་སྨྲ་བའི་དབང་ཕྱུག་དབྱར་གྱི་མཚོ་ལྟར་རྒྱས་པའི་མཁན་རབས་ནོར་བུའི་ཕྲེང་བ་ཞེ་ཆེན་མ་ཧཱ་པཎྜིཏ། ཀུན་མཁྱེན་མི་ཕམ་རིན་པོ་ཆེ། རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་སོགས་བྱོན་ཏེ། རྒྱལ་བའི་དབང་པོ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་སྤྱི་དང་བྱེ་བྲག་ཀུན་མཁྱེན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་རབ་རྣམས་འཆད་ཉན་གྱི་གཙོ་བོར་བཟུང་སྟེ་རིམ་བཞིན་བསྐྱངས། དེ་ནས་རབ་འབྱམས་དྲུག་པ་དང་རྒྱལ་ཚབ་བཞི་པ། ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་རྣམ་གསུམ་གྱིས་བཤད་གྲྭ་མདུན་ཆེན་ཕུན་ཚོགས་དར་ཐང་དུ་སྤོས་ཏེ། ལེགས་བཤད་ཉི་ཟླའི་གླིང་ཞེས་པའི་བཤད་གྲྭ་གསར་དུ་བསྐྲུན། གཞན་ཡང་འདུ་ཁང་དང་གྲྭ་ཤག་སོགས་ལེགས་པར་བཞེངས་ཏེ། བཤད་གྲྭ་བ་དགེ་བའི་བཤེས་གཉེན་ལྔ་བཅུ་རྒྱུན་བཞུགས་གསོལ་ཕོགས་ཉེར་སྤྱད་སོགས་རྒྱུན་བཞག་མཛད་ཅིང་། རང་དགོན་གྱི་མཁན་པོ་བློ་གྲོས་རབ་གསལ། ཁྲོ་ཤུལ་མཁན་པོ་འཇམ་དཔལ་རྡོ་རྗེ། མཁན་པོ་གང་ཤར་སོགས་ཀྱིས་གཙོ་འགན་བཞེས་ནས་བཅུ་ཕྲག་རིག་པ་སྤྱི་དང་བྱེ་བྲག་ནང་དོན་རིག་པ། ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་ལ་བཤད་པ་མཐར་སོན་པའི་ལྔ་རིག་སྨྲ་བའི་སློབ་ཚོགས་དང་ཆོས་རྒྱུན་གྱིས་ཁམས་ཞེ་ཆེན་བཤད་གྲྭ་ཞེས་ཡོངས་སུ་གྲགས།

བཞི་པ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་།

རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ནི། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཁམས་དཀར་མཛེས་རྫོང་གི་ཁོངས་གཏོགས་སུ་ཆགས་ཡོད། གང་ལས་བྱུང་བའི་བརྒྱུད་པའི་ཁུངས་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་སྡེ་གསུམ་གྱི་ཡ་གྱལ་མན་ངག་སྙིང་ཐིག་གི་བཀའ་བབ་རིམ་བྱོན་དག་གི་བརྒྱུད་པ་སྟེ། སྙིང་ཐིག་བསྟན་པའི་བདག་པོ་རིག་འཛིན་ཆོས་ཀྱི་རྒྱ་མཚོས་རྗེས་སུ་བཟུང་བའི་རྫོགས་ཆེན་སྐུ་ཕྲེང་དང་པོ་གྲུབ་དབང་པདྨ་རིག་འཛིན་ (༡༦༢༥-༡༧༥༧) ཞེས་བྱ་བ་འདི་ཉིད་ལས་བརྒྱུད་པ་ཡིན་ཞིང་། དམ་པ་འདི་ཉིད་བདེ་གཤེགས་གཙུག་གཏོར་ཅན་དང་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་སངས་རྒྱས་དང་བྱང་སེམས་དུ་མའི་རྣམ་སྤྲུལ་དུ་ལུང་བསྟན་ཡོད་པ་དང་། གཞོན་ནུའི་དུས་ནས་མཁས་གྲུབ་ཀརྨ་ཆགས་མེད་ལས་ཕྱག་ཆེན་སོགས་བཀའ་བརྒྱུད་ཕྱོགས་ཀྱི་མན་ངག་ཟབ་ཆོས་ཀྱི་རྒྱུན་བཞེས་ཤིང་། གཏེར་ཆེན་བདུད་འདུལ་རྡོ་རྗེས་ཆོས་བདག་ཏུ་དབུགས་དབྱུང་གནང་བ་སོགས་བཤེས་གཉེན་མང་པོའི་ཞབས་ལ་བཏུད་དེ་ཐོས་བསམ་མཛད། ཁྱད་པར་དུ་སྙིང་ཐིག་བསྟན་པའི་བདག་པོ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཐུན་མིན་རིགས་བདག་ཏུ་བཀུར་བ་ལས་མན་ངག་མཁའ་འགྲོ་སྙིང་ཐིག་གཙོ་བོར་གྱུར་པའི་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་ཟབ་ཁྲིད་སྙན་བརྒྱུད་བཅས་གསན། ལྷོ་བྲག་མཁར་ཆུ་སོགས་ཀྱི་སྒྲུབ་གནས་རྣམས་སུ་ཉམས་བཞེས་བཅད་རྒྱ་ཡུན་རིང་མཛད་པས། རྩ་གསུམ་ལྷའི་ཞལ་གཟིགས་ལུང་བསྟན་ཐོབ་པ་དང་རིག་པ་ཚད་ཕེབས་ཀྱི་སར་ཕྱིན་པའི་ལྟ་དགོངས་མཐོན་པོ་བརྙེས་པས་ཁམས་པ་རྫོགས་ཆེན་པ་ཞེས་མཚན་དུ་གྲགས་པ་བྱུང་། རྒྱལ་མཆོག་ལྔ་པ་ཆེན་པོས་དབུ་བླར་བཀུར་ཞིང་བསྔགས་པ་རྒྱ་ཆེར་མཛད་པ་མ་ཟད། མ་འོངས་ལུང་བསྟན་གནང་བ་དང་འབྲེལ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པར་བཀའ་ཆབ་ཕུལ་བས་མཐུན་འགྱུར་སྦྱིན་བདག་མཛད་དེ། སྡེ་དགེའི་རུ་དམ་སྐྱིད་ཁྲམ་གྱི་ལུང་པར་རྒྱབ་རི་མཐོན་པོ་སེང་གེ་ལྟར་འགྱིངས་པའི་འདབས་ཞོལ་དུ། སྤྱི་ལོ་ ༡༦༨༥ རབ་བྱུང་བཅུ་གཅིག་པའི་ཤིང་མོ་གླང་གི་ལོར། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཞེས་པའི་ཆོས་གྲྭ་ཆེན་མོ་འདི་ཉིད་ཐོག་མར་ཕྱག་བཏབ། དུས་དེར་དགེ་འདུན་གྱི་འདུས་པ་སྟོང་དང་ལྔ་བརྒྱས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ངེས་གསང་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད། དེ་ནས་ད་ལྟའི་བར་གྲུབ་དབང་སྐུ་རབས་དྲུག་དང་བསྟན་བདག་གདན་རབས་བཅུ་གཉིས་ཀྱི་རིང་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་འོད་སྟོང་འབར་བས་ཡངས་པའི་ས་ཆེན་པོའི་ཁྱོན་ཀུན་ཡོངས་སུ་ཁྱབ་པར་གྱུར། ཆོས་བརྒྱུད་འཛིན་པའི་དགོན་ལག་ཀྱང་གྲངས་ཉིས་བརྒྱ་ཙམ་ཡོད་པ་ལས་ཕྱིས་ཀླ་ཀློས་ཉམས་ཉེས་སུ་བཏང་བ་རྒྱལ་བསྟན་ཡང་དར་གྱི་དུས་སུ། གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་སྲོག་མཐུད་པ་ནི། སྐྱབས་རྗེ་པདྨ་སྐལ་བཟང་དང་། སྐྱབས་རྗེ་འབྲུག་པ་རིན་པོ་ཆེ། སྐྱབས་རྗེ་ཨ་སྐྱོང་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་བཅས་རྣམ་པ་གསུམ་གྱིས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་གྱི་མེ་རོ་གཏིང་ནས་གསོས་པས། ད་ལྟའི་ཆར་མ་དགོན་འདིའི་བསྟན་པའི་བདག་པོར་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་འཚོ་ཞིང་བཞུགས་པའོ།།

གདན་ས་ཆེན་མོ་འདིའི་ཕྱག་བཞེས་འཕྲིན་སྒྲུབ་ཉམས་བཞེས་ཀྱི་སྐོར་ནི། སྔ་འགྱུར་བའི་ཕ་ཆོས་ཟབ་མོ་བཀའ་གཏེར་དག་སྣང་གསུམ་དུ་གྲགས་པའི་ཡ་གྱལ། བཀའ་མ་མདོ་སྒྱུ་སེམས་གསུམ་ལས་སེམས་ཕྱོགས་མན་ངག་མཁའ་འགྲོ་སྙིང་ཐིག་དང་། གཏེར་མ་རྣམས་ལས་གཏེར་ཆེན་ཉི་མ་གྲགས་པའི་ཟབ་གཏེར་ལ་རྩལ་འདོན་གཙོ་བོར་མཛད་ཀྱི་ཡོད། གྲུབ་དབང་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་རིག་འཛིན་འཇིགས་མེད་གླིང་པའི་ལུང་བསྟན་ལྟར་སྒྲུབ་སྡེ་གསར་དུ་བཙུགས་པས་འཇུ་བླ་སངས་རྒྱས་འོད་ཟེར་སོགས་འཇའ་ལུས་པ་བཅུ་གསུམ་དུས་གཅིག་ལ་བྱོན། སྔ་འགྱུར་བཀའ་མའི་སྒྲུབ་ཆོག་བཅུ་གསུམ་གྱི་གར་ཐིག་དབྱངས་རོལ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་བཙུགས་པའི་རྒྱུན་ཀཿདཔལ་སོགས་གདན་ས་མང་པོར་འཕེལ་བས་དེང་སང་གི་བར་མ་ཉམས་མཐའ་རྒྱས་སུ་བྱུང་། དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ་ཆེན་མོ་དང་བཀའ་མའི་སྒྲུབ་མཆོད་སོགས་ཀྱིས་མཚོན་ལོ་འཁོར་གྱི་དུས་མཆོད་ཁག་དང་། ཟླ་ངོ་ཡར་མར་གྱི་ཚེས་བཅུ། ཉིན་རེའི་སྔ་དགོང་གི་བསང་གསོལ་སོགས་དམ་པ་གོང་མའི་ཕྱག་རྒྱུན་ཇི་བཞིན་ཉམས་བཞེས་མཛད་བཞིན་མཆིས།

གཞུང་ལུགས་འཆད་ཉན་གྱི་སྐོར་ནི། དེ་ཡང་དུས་རབས་སྔོན་མ་རྣམས་སུ་གདན་ས་འདི་ཉིད་དུ་གཙོ་བོ་སྒྲུབ་པ་ཁོ་ནར་ཉམས་བཞེས་མཛད་པ་ཡིན་ཡང་། ཕྱིས་རབ་བྱུང་བཅུ་བཞི་པའི་ས་ཕོ་བྱི་སྟེ་སྤྱི་ལོ་ ༡༨༢༨ ལོར་གྲུབ་དབང་སྐུ་རབས་དྲུག་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཏེ། སྐྱེས་ཆེན་དམ་པ་འདི་གསུམ་གྱིས་བཀའ་བགྲོས་མཛད་ནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ཕྱག་བཏབ་སྟེ། མདོ་སྔགས་གཞུང་ལུགས་རབ་འབྱམས་སྤྱི་དང་ཁྱད་པར་མདོ་ཕྱོགས་གཞུང་ཆེན་འཆད་ཉན་གྱི་སྲོལ་བཙུགས་པ་ནས་བཟུང་། ཁམས་ཕྱོགས་སུ་སྔ་འགྱུར་རིང་ལུགས་འཛིན་པའི་མཁས་པའི་ཚང་ཆེན་པོ་བརྡོལ་བ་ལྟ་བུ་སྟེ། མཁན་རབས་དང་པོ་སེང་ཕྲུག་པདྨ་བཀྲ་ཤིས་ནས། རྒྱལ་སྲས་གཞན་ཕན་མཐའ་ཡས། རྫ་དཔལ་སྤྲུལ་རིན་པོ་ཆེ། མཁན་ཆེན་པདྨ་བཛྲ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་གྲངས་ལས་འདས་པ་བྱུང་སྟེ། དམ་པ་འདི་དག་གི་རིང་ལ་བཤད་སྒྲུབ་ཀྱི་བསྟན་པ་ཧ་ཅང་གིས་དར་བར་གྱུར། ཁམས་ཕྱོགས་དཔལ་སྤུངས་བཤད་གྲྭ་དང་། རྫོང་སར་བཤད་གྲྭ། ཀཿཐོག་དང་དཔལ་ཡུལ་བཤད་གྲྭ་སོགས་ཐམས་ཅད་མཁན་ཆེན་གཞན་དགའ་དང་མཁན་པོ་ཀུན་དཔལ་སོགས་ཀྱི་ཐུགས་བསྐྱེད་ཀྱི་བདག་རྐྱེན་ལས་བྱུང་བ་དང་། དེའི་རྗེས་སུ་ས་བཀའ་རྙིང་གསུམ་གྱི་ཆོས་བརྒྱུད་དུ་མར་བཤད་གྲྭ་མང་པོ་དར་རྒྱས་བྱུང་།

ལྔ་པ་ཤར་རྒྱལ་བ་ཀཿ ཐོག་རྡོ་རྗེ་གདན།

གདན་ས་ཆེན་མོ་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་ནི། སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་སྤྱིའི་བསྟན་པ་ཐོག་མ་གཉགས་གནུབས་ཟུར་གསུམ་ལ་བབས་པ་ནས། རིམ་གྱིས་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེ་དང་། དེ་ནས་འཛམ་སྟོན་འགྲོ་བའི་མགོན་པོ་ལ་བརྒྱུད། དེའི་དངོས་སློབ་གནས་བརྟན་བྷ་ར་དྷ་ཛ་དང་། སློབ་དཔོན་ཤཱནྟ་དེ་ཝ། ཇོ་མོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་རྣམ་འཕྲུལ་དུ་གྱུར་པ་ཀཿཐོག་པ་བདེ་གཤེགས་ཤེས་རབ་སེང་གེའམ་བླ་མ་སྤོབས་པ་མཐའ་ཡས་ (༡༡༢༢-༡༡༩༢) ཀྱིས། བླ་མ་འཛམ་སྟོན་པ་དང་མཉམ་མེད་དྭགས་པོ་ལྷ་རྗེ་ཟུང་གི་བཀའ་བཞིན། རང་དོན་འོད་ལུས་སུ་དེངས་པ་ལས་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ་དོན་ཆེ་བར་དགོངས་ནས། སི་ཁྲོན་ཞིང་ཆེན་གྱི་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་མངའ་ཁོངས་སུ། སྤྱི་ལོ་ ༡༡༥༩ རབ་བྱུང་གསུམ་པའི་ས་ཡོས་ལོར་ཕྱག་བཏབ་སྟེ། གསང་ཆེན་སྔ་འགྱུར་བའི་ཕ་ཆོས་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་གསར་རྙིང་གི་རྒྱུད་སྡེ་སྤྱི་དང་མདོ་ཕྱོགས་གཞུང་ཆེན་དུ་མ་ཐུན་མོང་རིག་གནས་དང་བཅས་བཤད་སྒྲུབ་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། ཀཿཐོག་སྲིབ་རིར་བཤད་གྲྭ་དང་། ཉིན་རིར་སྒྲུབ་གྲྭ་བཙུགས། དགེ་སློང་སྟོང་ལ་ཉེ་བ་བསྒྲུབས། དབྱར་དུས་བཤད་གྲྭ་བ་རྣམས་ལ་གཞུང་བཤད་དང་། དགུན་དུས་སྒོམ་གྲྭ་བ་རྣམས་ལ་དབང་ཁྲིད་གདམས་པ་མང་པོ་གནང་། ཆོས་གྲྭ་ཆེན་མོ་དེ་ལས་བྱུང་བའི་འཇའ་ལུས་སུ་གྲོལ་བའི་སློབ་མ་འབུམ་དང་། མཆོག་དང་ཉེ་བའི་སློབ་མ་བཅུ། བཟོད་པ་ཐོབ་པའི་སློབ་མ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག གཞི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་འཆལ་ཚུལ་གྱི་དྲི་ཙམ་ཡང་མ་གོས་པར་ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་ཁྲི་བརྒྱད་ལ་ཉེ་བར་བྱོན་པ་དང་། གཞན་ཡང་རྗེ་དེ་ཉིད་ཀྱི་བླ་རབས་བཅུ་གསུམ་དང་། དྲུང་རབས་བཅུ་གསུམ། རྨོག་རབས་བཅུ་གསུམ་གྱི་སློབ་བརྒྱུད་དང་ཡང་སློབ་སོགས་ལ་ཀཿཐོག་སྔ་རབས་པར་གྲགས་པ་དང་། དེ་རྗེས་དུས་རབས་བཅུ་བདུན་པའི་ནང་གཏེར་སྟོན་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ཏེ་གདན་ས་ཆེན་མོ་འདི་ཉིད་ཉམས་རྒུད་དུ་ཕྱིན་པ་རྟེན་དང་བརྟེན་པར་བཅས་པ་སླར་གསོ་མཛད་ཅིང་། དེ་ནས་རིམ་པར་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་སྐུ་སྐྱེ་ཞིང་སྐྱོང་རིམ་བྱོན་དང་། སྤྱན་སྔ་བ་བྱམས་པ་འབུམ་གྱི་སྐྱེ་སྲིད་དགེ་རྩེ་མ་ཧཱ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་རིམ་བྱོན། ཀཿ དམ་པ་རིན་པོ་ཆེའི་སྐྱེ་སྲིད་སི་ཏུ་སྐུ་ཕྲེང་། གསང་བདག་ཆེན་པོ་རྨོག་རྩ་སྐྱེ་ཕྲེང་བཅས་བྱོན་པ་ལ་ཀཿཐོག་ཕྱི་རབས་པ་ཞེས་སྔ་ཕྱི་བླ་རབས་བརྒྱ་དང་། གདན་རབས་བརྒྱད་ཅུར་བྱོན་ནས་བསྟན་འགྲོའི་དོན་ལ་སྐྱེས་བུ་ཆེན་པོའི་རྒྱུན་ཟམ་མ་ཆད་པར་དེང་དུས་སུའང་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རླབས་པོ་ཆེ་དར་ཞིང་རྒྱས་པར་མཛད། བརྒྱུད་འཛིན་བྱེད་པའི་དགོན་ལག་མདོ་དབུས་ཁམས་གསུམ་གཙོས་རྒྱ་དཀར་ནག་སོག་མོན་དང་བཅས་པར་དཀར་འབྱམས་ཡུག་གཅིག་ཏུ་ཁྱབ་སྟེ་གྲངས་སུམ་བརྒྱ་ལྷག་ཡོད་ཀྱང་། བར་མཚམས་དུས་འགྱུར་གྱི་རྐྱེན་གྱིས་བརྒྱ་ཕྲག་ཕྱེད་དང་གཉིས་ལྷག་ལས་མེད་པ་དང་། ད་ལྟའི་ཆར་རྨོག་རྩ་སྐུ་ཕྲེང་ལྔ་པ་འཇིགས་བྲལ་བློ་གྲོས་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོས་བསྟན་པ་ལ་ཐུགས་ཁུར་ཆེ་བའི་བླ་སྤྲུལ་རྣམས་ཀྱིས་དགོན་པ་དང་ལྷ་ཁང་སོགས་བསྐྱར་བཞེངས་ཀྱི་ཕྱག་ལས་རྒྱ་ཆེན་པོ་གནང་ཡོད་པ་དང་། བཤད་སྒྲུབ་ལས་གསུམ་གྱི་ཐོག་ནས་ཀྱང་དབྱར་མཚོའི་དཔལ་ལ་འགྲན་བཞིན་བཞུགས་པ་ལགས།

གདན་ས་ཆེན་མོ་འདིའི་ཕྱག་བཞེས་འཕྲིན་སྒྲུབ་ཉམས་བཞེས་ཀྱི་སྐོར་ནི། ཆོས་རྗེ་ཀཿདམ་པ་མཆོག་གིས་ཀཿཐོག་གི་གདན་ས་ཕྱག་བཏབ་ནས་བཟུང་། མདོ་དང་སྒྱུ་འཕྲུལ་བདེ་མཆོག་སོགས་གསར་རྙིང་གི་རྒྱུད་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་མ་མདོ་སྒྱུ་གཉིས་ཀྱི་སྒོ་ནས་ཚོམ་བུ་ཚོགས་སྒྲུབ་རྒྱ་ཆེར་མཛད། འདུལ་བ་གཞི་གསུམ་གྱི་ཉམས་ལེན་དང་སྒྲུབ་པ་ཁོ་ན་གཙིགས་སུ་མཛད་པ་སོགས་རྒྱལ་བསྟན་གྱི་སྙིང་པོར་སྨན་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་བསྐྱངས། གྲུབ་ཆེན་མ་ཎི་རིན་ཆེན་སྐུ་དུས་ནས་ཉང་གུར་གཉིས་ཀྱི་ཟབ་གཏེར་སྐོར་རྣམས་དང་། དྲུང་ནམ་མཁའ་སེང་གེའི་དུས་ནས་རཏྣ་གླིང་པའི་ཟབ་གཏེར་ཡོངས་རྫོགས། དེ་ནས་རིམ་བཞིན་བྱང་གཏེར་དགོངས་པ་ཟང་ཐལ་དང་ཀར་གླིང་ཞི་ཁྲོ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས། ཞིག་གླིང་གི་ཟབ་པ་སྐོར་དགུ་བཅས་ཀྱི་སྒོ་ནས་ཉམས་བཞེས་མཛད་ཅིང་། ཕྱིས་ཕྱིས་སུ་དགོན་འདིར་སྔ་འགྱུར་བཀའ་གཏེར་སྤྱི་དང་ཁྱད་པར་གཏེར་མའི་ཆོས་སྐོར་ལས་གཏེར་སྟོན་བདུད་ཀློང་རྣམ་གཉིས་ཏེ། སྤོ་བོ་བདུད་འདུལ་རྡོ་རྗེ་ (༡༦༡༥-༡༦༧༢) དང་རིག་འཛིན་ཀློང་གསལ་སྙིང་པོ་ (༡༦༢༥-༡༦༩༢) རྣམ་གཉིས་ཀྱི་གཏེར་ཆོས་ཟབ་མོ་དག་གཙོ་བོར་རྩལ་འདོན་གྱིས་ཉམས་བཞེས་མཛད་བཞིན་པར་གྲགས།

ཐོས་བསམ་སློབ་གཉེར་གྱི་སྐོར་ནི། ཆོས་རྗེ་ཀཿདམ་པ་ཡབ་སྲས་ཀྱི་སྐུ་དུས་ནས་སྒྲ་ཚད་བཟོ་གསོ་དཀར་ནག་གི་རྩིས་དང་། མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་མང་པོ་དང་། སྔགས་ཕྱོགས་ནས་གསང་བདེ་དགྱེས་གསུམ། ལམ་འབྲས། དུས་འཁོར། ན་རོ་ཆོས་དྲུག་སོགས་གསར་ཕྱོགས་ཀྱི་རྒྱུད་རྣམས་དང་། སྔ་འགྱུར་བའི་མདོ་སྒྱུ་སེམས་གསུམ་རྣམས་ལས་བཀའ་སྡེ་ཟུར་པའི་ཤིང་རྟའི་ལམ་སྲོལ་གཞིར་བཟུང་འཆད་ཉན་མཛད་ཀྱི་ཡོད་པར་གྲགས་ལ། དུས་ཕྱིས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་བཞིན་སྤྱི་ལོ་ ༡༩༠༧ རབ་བྱུང་བཅོ་ལྔ་པའི་མེ་རྟ་ལོར་ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོ་ཞེས་པ་ཕྱག་བཏབ། མཁན་ཆེན་ཀུན་བཟང་དཔལ་ལྡན་གདན་ཞུས་ལྟར་ཞབས་སོར་བཀོད་ནས་མཁན་རབས་དང་པོའི་ཁྲིར་བཞུགས། སི་ཏུ་རིན་པོ་ཆེའི་དགོངས་པ་བཞིན་ཀཿཐོག་གཞུང་བརྒྱ་མ་ཞེས་ལོ་ལྔ་རེའི་ཁོངས་སུ་ཐོས་པས་བག་ཆགས་འཇོག་པའི་གཞུང་བརྒྱ། བསམ་པས་སྒྲོ་འདོགས་གཅོད་པའི་གཞུང་ལྔ། སྒོམ་པས་ཉམས་སུ་ལེན་པའི་གཞུང་ལྔ་བཅས་ཀྱི་ནང་བཅུ་ཕྲག་རིག་གནས་སྤྱི་དང་ཁྱད་པར་མདོ་སྔགས་ཀྱི་ནང་དོན་རིག་པའི་བཤད་པ་ཡོངས་སུ་གྲུབ་པར་མཛད་པའི་ཕྱག་སྲོལ་དབུ་བཙུགས་ནས་བསྟན་པ་བསྐྱངས། མི་ལོ་ཞེ་ལྔ་ལྷག་གི་བར་དུ་མཁན་རབས་རིམ་བྱོན་དག་གི་སྐུ་དྲིན་གྱིས་ཕྱི་ནང་རིག་པའི་གནས་ཀུན་ལ་འཆད་ཉན་གྱི་སྲོལ་བར་མ་ཆད་པ་བྱུང་། དེ་རྗེས་ང་དགུ་ལོའི་དུས་འགྱུར་རྐྱེན་གྱིས་བསྟན་པ་ཉམས་རྒུད་ཀྱི་སྐབས་སུ་ཁེལ་ནས་རེ་ཞིག་མི་མངོན་པའི་དབྱིངས་སུ་ཐིམ་ནའང་། ད་ལྟའི་དུས་འདིར་སླར་ཡང་དམ་པ་རྣམས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་གཟི་འོད་འཕྲོས་དང་འཕྲོ་བཞིན་པའི་སྐབས། གཞུང་ལུགས་འཆད་ཉན་གཙོ་བོ་ནི་ཀུན་མཁྱེན་རོང་ཀློང་ཡབ་སྲས་སྤྱི་དང་ཁྱད་པར་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཡིག་ཆ་རྣམས་ཀྱི་སྒོ་ནས་མདོ་སྔགས་གཞུང་ཆེན་རྣམས་ལ་ཐོས་བསམ་སློབ་གཉེར་མཛད་བཞིན་པའོ།།

དྲུག་པ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།

ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། སྔ་འགྱུར་རྒྱུད་ལུང་མན་ངག་གསུམ་པོ་སྤྱི་དང་ཁྱད་པར་རྒྱུད་མ་ཧཱ་ཡོ་གའི་བསྟན་པའི་བབས་སོ་ཆེན་མོ། རྒྱལ་པོ་ཛ་ནས་བརྒྱུད་པའི་རྨ་ལོ་ཙཱ་བ་རིན་ཆེན་མཆོག་གི་སློབ་མ་སྒྱུ་འཕྲུལ་ལ་མཁས་པ་གཙུག་ཀྱེར་རྣམ་གཉིས་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་ནང་ཚན་ཀྱེ་རེ་མཆོག་སྐྱོང་དབང་པོས། རབ་བྱུང་དང་པོ་དབུ་མ་ཚུགས་པའི་སྔོན་སྤྱི་ལོ་ ༨༩༠ ཙམ་ལ་མདོ་ཁམས་ཟལ་མོ་སྒང་གི་སའི་ཆ་ཀྱེ་རེ་ལྗོངས་སུ་གྲགས་པའམ། སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་ཁམས་དཀར་མཛེས་རང་སྐྱོང་ཁུལ་གྱི་ནུབ་ངོས་དང་འབྲི་ཆུའི་ཤར་འགྲམ་དུ། སྔ་འགྱུར་བསྟན་པའི་མངའ་བདག་ཆོས་སྡེ་ཆེན་པོ་རྣམ་རྒྱལ་རྩེ་ཞེས་པའི་ཆོས་གཞི་ཐོག་མར་ཕྱག་བཏབ། ངོ་མཚར་བའི་མཛད་པ་དུ་མའི་སྒོ་ནས་གདན་ས་འདི་ཉིད་དར་ཞིང་རྒྱས་པར་མཛད། འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། ཆོས་བརྒྱུད་འཛིན་པའི་རྩོད་མེད་ཀྱི་མཁས་གྲུབ་དམ་པ་དུ་མ་དབུས་གཙང་ཁམས་གསུམ་དུ་ཁྱབ་པར་གྱུར་པ་སོགས་གྲགས་ཀྱང་། ལོ་རྒྱུས་ཀྱི་ཡིག་ཆ་དབེན་པས་རེ་ཞིག་དེ་ཙམ་ཟད། དེའི་རྗེས་སུ་དཔལ་རྡོ་རྗེ་སེམས་དཔའི་རྣམ་རོལ་འོད་གསལ་སྙིང་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། སྐྱེས་རབས་ཉིས་སྟོང་ཐུགས་ལ་སྐད་ཅིག་གིས་གསལ་བ་རིག་འཛིན་ཀུན་བཟང་ཤེས་རབ་ (༡༦༣༦-༡༦༩༨) ཅེས་གྲགས་པ། བླ་མ་དམ་པ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་ངེས་འབྱུང་སྐྱེས་པས་ཚེ་འདི་སྣང་ལ་ཞེན་པ་བཙན་ཐབས་སུ་བཅད། དམ་པ་དེ་དང་དྲུང་ཆོས་ཉིད་རྒྱ་མཚོ། གསེར་ལོ་སྟོན་པ་རྒྱལ་མཚན། རྒྱ་བན་དཀོན་མཆོག་བཀྲ་ཤིས་སོགས་སྐྱེས་ཆེན་དུ་མ་བསྟེན་ནས་ཕྱག་རྫོགས་ཀྱི་ཟབ་ཁྲིད་དང་དབང་ལུང་གསན་ཞིང་། ཁྲུལ་ཞིག་སྟོན་པ་རྒྱལ་མཚན་གྱིས་སྨིན་ཁྲིད་རྒྱས་པར་བསྩལ་བས་རིག་པ་ཆོས་སྐུར་ངོ་སྤྲོད་པའི་ཐུན་མོང་མ་ཡིན་པའི་རྩ་བའི་བླ་མ་དམ་པར་གྱུར། སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་སྙན་པ་གསན་པས་རྗེས་སུ་བཟུང་སྟེ། རཏྣ་གླིང་པའི་ཆོས་སྐོར་ཡོངས་རྫོགས་དང་། གནམ་ཆོས་ཀྱི་ཆོས་འཁོར་ཡོངས་རྫོགས། རྫོགས་ཆེན་སངས་རྒྱས་ལག་འཆང་གི་ཁྲིད་རྣམས་རྒྱས་པར་ཞུས། གཏེར་སྟོན་མཆོག་ལ་ཨོ་རྒྱན་སངས་རྒྱས་གཉིས་པ་དངོས་ཀྱི་འདུ་ཤེས་ཀྱིས་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བས། ཀ་དག་གི་རིག་པ་དམར་ཐག་ཆོད་ཅིང་ཐོད་རྒལ་སྣང་བཞིའི་ཡེ་ཤེས་ཚད་དུ་ཕྱིན་པར་གྱུར། མཁས་གྲུབ་ཀརྨ་ཆགས་མེད་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། རཏྣའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་བསྩལ་ཏེ་རཏྣ་གླིང་པའི་ཆོས་བདག་ཏུ་དབུགས་དབྱུང་གནང་། དེ་ནས་སྡེ་དགེ་ས་སྐྱོང་རྒྱལ་པོས་གདན་ས་རྣམ་རྒྱལ་རྩེ་ཞེས་པའི་དགོན་ཆུང་ཞིག་ཇེ་རྒྱས་སུ་བཏང་བའི་རྡོ་རྗེ་སློབ་དཔོན་དུ་རི་ཁྲོད་པ་གསེར་ལོ་སྟོན་པ་རྒྱལ་མཚན་ཕེབས་པར་ཞུས་པ་ན། བདག་ན་སོ་རྒས་པ་སོགས་ཀྱིས་མི་འོང་བས་བླ་མ་ཀུན་བཟང་ཤེས་རབ་ཆོས་སྡེ་དེའི་སློབ་དཔོན་དུ་གསོལ་ན་བསྟན་འགྲོར་རྒྱ་ཆེར་སྨན་ཚུལ་གསུངས་པ་བཞིན། སྤྱི་ལོ་ ༡༦༦༥ རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ལོར་རྗེ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་མཆོག་གིས་རབ་གནས་མཛད་སྒོ་དང་བསྟུན་ཆོས་སྡེ་དེར་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ཞེས་མཚན་གསོལ། དེ་ནས་ཐོག་མར་དགེ་འདུན་རྣམས་ལ་སོ་ཐར་གྱི་སྡོམ་པ་གནང་སྟེ་འདུལ་བ་གཞི་གསུམ་གྱི་གཞི་བཟུང་། ཐུན་མོང་སྔོན་འགྲོའི་བློ་སྦྱོང་ནས་ཐུན་མིན་རྫོགས་ཆེན་ཐོད་རྒལ་གྱི་སྨིན་ཁྲིད་ཁོ་ནས་བསྐྱངས་པར་བརྟེན་བཤད་སྒྲུབ་ཀྱི་སྡེ་ཆེན་པོར་གྱུར། དེ་རྗེས་སོག་པོ་ལྷ་དཔལ་གྱི་རྣམ་སྤྲུལ་པདྨ་ལྷུན་གྲུབ་རྒྱ་མཚོ་མཆོག་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ནས་རིམ་བཞིན་རིག་འཛིན་འཇའ་ཚོན་སྙིང་པོའི་རྣམ་སྤྲུལ་གྲུབ་དབང་པདྨ་ནོར་བུ་དང་། པདྨ་མདོ་སྔགས་བསྟན་འཛིན། གྲུབ་དབང་དཔལ་ཆེན་འདུས་པ། ཀརྨ་ཐེག་མཆོག་སྙིང་པོ། བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་སོགས་བླ་མ་བརྒྱུད་པ་ཟམ་མ་ཆད་པར་བྱོན་ནས། ད་ལྟའི་ཆར་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་གྱང་ཁང་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུས་མཁན་སྤྲུལ་བླ་སློབ་རྣམས་ཀྱིས་བསྟན་འགྲོའི་ཐུགས་ཁུར་དང་གཟིགས་སྐྱོང་འོག་སྔ་འགྱུར་བསྟན་པའི་སྙིང་པོའི་ཡང་ཞུན་ལྟ་བུར་གྱུར་པ་ནང་རྒྱུད་ཡོ་ག་གསུམ་གཙོ་བོར་བཟུང་ནས་བཤད་སྒྲུབ་ཆོས་ཀྱི་འཁོར་ལོ་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་ཞིང་རྒྱས་པར་སྤེལ་མུས་སུ་གནས་པ་ལགས།

ཆོས་སྡེ་ཆེན་མོ་འདིའི་ཕྱག་བཞེས་འཕྲིན་སྒྲུབ་ཉམས་བཞེས་ཀྱི་སྐོར་ནི། སྔ་འགྱུར་བཀའ་གཏེར་སྤྱི་དང་ཁྱད་པར་གཏེར་མའི་ཆོས་སྐོར་ལས། གཏེར་ཆེན་རཏྣ་གླིང་པའི་གཏེར་ཆོས་དྲི་མ་མེད་པ་རྣམས་གཙོ་བོར་ཉམས་བཞེས་མཛད་པ་ཡིན་ཏེ། གཏེར་ཆེན་མི་འགྱུར་རྡོ་རྗེར་རཏྣ་གླིང་པས་ཞལ་དངོས་སུ་གཟིགས་ཏེ་རཏྣའི་ཆོས་སྐོར་དག་སྣང་ཉེ་བརྒྱུད་དུ་བསྩལ་པ་གཏེར་སྟོན་ཉིད་ལས་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ཀྱིས་གསན་ནས། གདན་ས་འདིར་ཐུགས་སྒྲུབ་སྐུ་གསུམ་སྒྲུབ་པ་རེས་མོས་ཀྱིས་ཟླ་སྒྲུབ་རེ་དང་། ཐུགས་ཆེན་གསང་འདུས། ཚེ་སྒྲུབ། གུར་དྲག་མེ་འཁྱིལ། ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་སོགས་ཆག་མེད་དང་། མགོན་པོ་མ་ནིང་གཙོ་བོར་གྱུར་པའི་མགོན་ཁང་སོགས་བཞེངས་ཤིང་། ཐུགས་སྒྲུབ་ཀྱི་རྒྱུན་དཔལ་ཡུལ་བ་ལྟ་བུ་དཀོན་པས་སྐྱེས་ཆེན་དམ་པ་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་རབ་ཏུ་འཐོར་བའི་ཡུལ་དུ་གྱུར། དེ་ནས་གདན་རབས་རིམ་བྱོན་གྱིས་འདུས་པ་དང་བཅས་པས་དཀྱིལ་འཁོར་དེ་རྣམས་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང་། གཞན་ཡང་ཀརྨ་གླིང་པའི་ཞི་ཁྲོ་དང་། འཇའ་ཚོན་དཀོན་མཆོག་སྤྱི་འདུས། ཉང་གཏེར་བཀའ་བརྒྱད་བདེར་འདུས་སོགས་ལ་ཉམས་བཞེས་མཛད་པས་གཞན་དོན་འཕྲིན་ལས་ཀྱི་ལག་ཆར་གྱུར། ཟབ་མོ་དག་སྣང་གི་སྐོར་ལས་རིག་འཛིན་ཆེན་པོ་ཉིད་ཆགས་མེད་རིན་པོ་ཆེའི་མདུན་དུ་ཐོག་མར་བྱོན་པའི་ཚེ་རིག་འཛིན་མི་འགྱུར་རྡོ་རྗེས་ཆོས་བདག་ཏུ་ལུང་བསྟན་ནས་གནམ་ཆོས་ཐུགས་ཆེན་སྐོར་རྣམས་གནང་ཞིང་། གནམ་ཆོས་ཀྱི་ཆོས་ཚན་ཡོངས་སུ་རྫོགས་པའི་ཁྲིད་ལུང་གདམས་པ་ལག་ལེན་དང་བཅས་པ་གནང་བ་དེ་ནས་བཟུང་། གདན་ས་འདིར་གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་ལ་བརྟེན་པའི་སྔོན་འགྲོ་དང་། རྩ་རླུང་། འོད་གསལ་ཐོད་རྒལ་དང་བཅས་པའི་སྨིན་ཁྲིད་ཟླ་ཆོས་སུ་གནང་རྒྱུའི་སྲོལ་དང་། འདོན་ཆ་ཐམས་ཅད་གནམ་ཆོས་གཙོར་འདོན་ཞིང་སྒྲུབ་པའི་ཆིངས་དང་། གནམ་ཆོས་དག་སྣང་རྩ་འཆམ་རྣམས་ཀྱང་ལག་ལེན་དུ་བསྟར་བའི་རྒྱུན་འདི་བྱུང་བ་ཡིན་ནོ།།

གདན་ས་ཆེན་མོ་འདིར་གཞུང་ལུགས་འཆད་ཉན་གྱི་སྐོར་ནི། སྤྱིར་རིག་འཛིན་ཀུན་བཟང་ཤེས་རབ་ནས་བཟུང་སྒྲུབ་པ་ཉམས་ལེན་གཙོ་བོའི་སྒོ་ནས་བཤད་སྒྲུབ་ཡ་མ་བྲལ་བས་གདན་ས་བསྐྱངས་མོད། ཕྱིས་སུ་གདན་རབས་དགུ་པ་གྲུབ་དབང་དཔལ་ཆེན་འདུས་པར་འཇམ་མགོན་མི་ཕམ་རིན་པོ་ཆེས་བཀའི་མེ་ཏོག་འཐོར་ཞིང་ཐུགས་བརྒྱུད་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས་པའི་རྐྱེན་གྱིས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ་ ༡༩༢༣ ལོར་བཤད་གྲྭ་ཐོས་བསམ་ནོར་བུའི་ལྷུན་པོ་གསར་དུ་བཙུགས་ཏེ། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དང་། གྲྭ་ཤག་སྤུས་ལེགས་བཅས་གསར་དུ་བཞེངས། གཏན་བཞུགས་ཀྱི་གྲྭ་པ་ལྔ་བཅུ་ཙམ་ལ་གསོལ་ཕོགས་གནང་ཞིང་། མཁན་ཆེན་ངག་གི་དབང་པོ་ཐོག་མའི་འཆད་ཉན་གྱི་མཁན་པོར་གདན་དྲངས་ཏེ། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་འཇམ་མགོན་མི་ཕམ་རིན་པོ་ཆེའི་གཞུང་ལུགས་རྣམས་གཙོ་བོར་བཟུང་ཞིང་། སྤྱི་མདོ་དགོངས་འདུས་སོགས་མདོ་སྒྱུ་སེམས་གསུམ་གྱི་བཤད་པ་འཛུགས་པར་མཛད་དེ། གྲུབ་དབང་དམ་པ་ཉིད་ཀྱིས་སྐྱོར་དཔོན་གནང་། དེ་ནས་གྲུབ་དབང་དམ་པ་ཉིད་ཀྱིས་མཁན་རབས་གཉིས་པའི་ཁུར་བཞེས་ཏེ་མདོ་དབུས་ཁམས་གསུམ་ནས་བྱོན་པའི་འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་བཤད་བཀའ་དུ་མ་གནང་སྟེ། གསུང་གི་གསང་བའི་བདུད་རྩི་བཞེས་པའི་ཞལ་སློབ་ཡང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མ་བསྐྱེད་སྲིང་གནང་། རྗེས་སུ་ང་དགུ་ལོ་ཡི་དུས་འགྱུར་གྱི་རྐྱེན་གྱིས་གདན་ས་འདི་ཉམས་ཆག་བྱུང་བ་སླར་གསོ་མཛད་སྐབས།

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའམ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་རྒྱ་གར་ནས་ཕྱིར་གདན་སར་ཕེབས་ཏེ་སྤྱི་ལོ་༡༩༨༨ ལོར་བཤད་གྲྭ་དངོས་སུ་ཚུགས། སྤྱི་ལོ་ ༡༩༩༢ ལོར་ལས་གྲྭ་འགོ་འཛུགས་ཀྱིས་ ༡༩༩༤ ལོར་འཕགས་ཡུལ་མཻ་སོར་རྣམ་གྲོལ་གླིང་ནས་མཁན་ཆེན་པདྨ་ཤེས་རབ་ཕེབས། ལོ་དེར་༸སྐྱབས་རྗེ་གྲུབ་དབང་རིནཔོ་ཆེ་ཉིད་དང་ཀཿཐོག་མཁན་པོ་ངག་ཆུང་ཡང་སྤྲུལ་སངས་རྒྱས་ཚེ་རིང་གཉིས་ཀྱིས་སྒོ་འབྱེད་གནང་བ་དང་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་ཞེས་པའི་མཚན་བྱང་གནང་། ལོ་དགུའི་རིམ་པ་ཅན་གྱི་འཆད་རྩོད་རྩོམ་གསུམ་གྱི་རྟེན་གཞི་ལེགས་པར་འཛུགས་ཐུབ་པ་བྱུང་།

དེ་ལྟར་མ་དགོན་དྲུག་པོ་རྣམས་ནི་གཙོ་བོ་ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཉམས་བཞེས་ཐ་དད་པའི་སྒོ་ནས་ཁྱད་པར་གྱུར་པ་ཡིན་ལ། དེ་ཡང་སྔ་འགྱུར་བའི་ཕ་ཆོས་ཟབ་མོ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་དང་ཟབ་མོ་དག་སྣང་གསུམ་ལས། ཉེ་བརྒྱུད་གཏེར་མའི་ཆོས་སྐོར་སྤྱི་དང་ཁྱད་པར་ཟབ་མོ་དག་སྣང་གི་ཆོས་སྐོར་རྣམས་ཀྱི་ཉམས་བཞེས་མཛད་ཚུལ་སོ་སོ་བའི་སྒོ་ནས་ཁྱད་པར་བྱུང་བ་ཡིན། གཞུང་ལུགས་འཆད་ཉན་གྱི་སྒོ་ནས་བཤད་ན། དུས་རབས་ཕྱེད་དང་ཉི་ཤུའི་སྔོན་རྣམས་སུ་སྤྱིར་སྒྲུབ་པ་གཙོ་བོ་དང་ཁྱད་པར་བཤད་པའི་སྐབས་སུ་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་ལ་ཐོས་བསམ་གྱི་ཉམས་བཞེས་གཙོ་བོར་མཛད་པ་ཡིན་ཡང་། དེའི་རྗེས་སུ་རིམ་བཞིན་མ་དགོན་སོ་སོར་བཤད་གྲྭ་གསར་འཛུགས་ཀྱིས་མདོ་མཚན་ཉིད་ཐེག་པའི་གཞུང་ལུགས་ཀྱི་འཆད་ཉན་ཡང་ཆེས་ཆེར་དར་ལ། མདོ་རྒྱུད་ཐམས་ཅད་ཀྱི་བཤད་རྒྱུན་གྱི་ཡིག་ཆ་རྣམས་བྱེ་བྲག་རེ་ཟུང་གི་བཞེད་པ་ཅུང་ཟད་ཐ་དད་པ་རེ་མཆིས་མོད་ཀྱང་། སྤྱིའི་ཆ་ནས་ནི་སྔ་འགྱུར་བསྟན་པའི་ཆུ་འགོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན། རིམ་བཞིན་གཉགས་གནུབས་ཟུར་གསུམ་སོགས་བསམ་བཞིན་སྤྲུལ་བའི་ཟློས་གར་ཉེ་བར་བཟུང་ཞིང་། སྔ་འགྱུར་རྒྱལ་བསྟན་དྲི་མེད་ནོར་བུ་མཁའ་ལ་བསྒྲེངས་འདྲའི་བྱང་སེམས་འཕགས་པའི་ཚོགས་མཆོག་མཁས་དང་གྲུབ་པ་བརྙེས་པའི་སྐྱེས་ཆེན་གྲངས་མཐའ་ཡས་པར་བྱོན་པ་ཐམས་ཅད་ཀྱི་དགོངས་དོན་མ་འདྲེས་ཡོངས་རྫོགས་གསལ་ལེར་འགྲེལ་བའི་གསང་ཆེན་བླ་ན་མེད་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། འཇམ་མགོན་མི་ཕམ་རིན་པོ་ཆེ་བཅས་ཀྱི་ཡིག་ཆ་གཙོར་བཟུང་གིས་ཐུན་མིན་རང་ལུགས་ཀྱི་གྲུབ་མཐའ་རང་རྐང་ཚུགས་པའི་འཆད་ཁྲིད་དང་འཛིན་མཚམས་སོགས་ཡོད་པ་ཡིན་ནོ།།

ཁུངས་གཏུག་སའི་ཡིག་ཆ།

༡. ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་གཤེར་དེབ། (W00KG03797) ཐུབ་བསྟན་རྡོ་རྗེ་བྲག་དགོན་གྱི་བྱུང་བ་མདོ་ཙམ་བརྗོད་པ་ངོ་མཚར་བཻཌཱུརྱའི་ཕྲེང་བ།

༢. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཨོ་རྒྱན་སྨིན་གྲོལ་གླིང་གི་དཀར་ཆག

༣. སྨིན་གླིང་རྩོམ་སྒྲིག་ལྷན་ཚོགས་ཀྱི་པར་མ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་རབས་མཁན་བརྒྱུད་རིམ་པར་བྱོན་པ་རྣམས་ཀྱི་རྣམ་ཐར།

༤. མི་རིགས་དཔེ་སྐྲུན་ཁང་གི་པར་མ། སྔ་འགྱུར་རྙིང་མའི་ཆོས་འབྱུང་ངོ་མཚར་ཚད་མ་གསུམ་ལྡན།

༥. ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ།

༦. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། རྒྱལ་བ་ཀཿཐོག་གི་ལོ་རྒྱུས་མདོར་བསྡུས།

༧. མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བདེ་རྩ་ལྷན་ཚོགས་ཀྱི་བསྐྱར་དཔར་ཅན། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས།


[1]  “རྒོད་ལྡེམ་གཉིས་པ་རིག་འཛིན་ལེགས་ལྡན་རྡོ་རྗེ་དང་། མངའ་རིས་པཎ་ཆེན་ཡང་སྲིད་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་གཉིས་ཀྱི་རིང་སྡེ་སྲིད་གཙང་པ་ཞིང་ཤག་པས་ལོག་སྒྲུབ་ཀྱི་ཉེར་ལེན་ལ་བརྟེན་ནས་ཆོས་གྲྭའི་དགེ་འདུན་འདུས་པ་རྣམས་བྱེས་སྒར་མཛད་པའི་སྟབས་ཀྱིས་ཨེ་ཝཾ་ལྕོག་སྒར་བ་ཞེས་གྲགས།” ཞེས་བདུད་འཇོམས་ཆོས་འབྱུང་ལྷ་དབང་གཡུལ་རྒྱལ་ལས་གསལ།

[2]  མ་དགོན་འདི་ཉིད་ཕྱག་འདེབས་པའི་ལོ་ཚིགས་ལ་མི་མཐུན་པ་སྣ་ཚོགས་འདུག་སྟེ། བསྟན་འཛིན་ལུང་རྟོགས་བསྟན་པའི་ཉི་མས་བརྩམས་པའི་«རྫོགས་ཆེན་ཆོས་འབྱུང་»དུ་མ་དགོན་འདིའི་ལོ་རྒྱུས་རྗོད་སྐབས། དགོན་འདི་ཉིད་སྤྱི་ལོ་ ༡༦༡༠ རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ལོར་ཕྱག་བཏབ་པར་གསལ་བ་དང་།  གཞན་ཡང་མ་དགོན་དྲུག་གི་ལོ་རྒྱུས་བརྗོད་པའི་ཡིག་ཆ་འགའ་ཤས་མཆིས་པ་ལས། དགོན་འདི་ཉིད་སྤྱི་ལོ་ ༡༦༣༠ ལོར་ཕྱག་བཏབ་པ་དང་། ༡༦༣༢ ལོར་ཕྱག་བཏབ་པ་སོགས་ལོ་ཚིགས་མི་མཐུན་པ་དུ་མར་མཆིས་མོད། འདིར་སྤྱི་ལོ་ ༡༦༡༩ ལོའི་དབང་དུ་བྱས་པ་ནི། རྗེ་རིག་འཛིན་ཆེན་པོ་སྐུ་ཕྲེང་བཅུ་པའི་འཁོར་འབངས་སུ་གཏོགས་པ་ཀུན་བཟང་འགྲོ་འདུལ་རྡོ་རྗེས་སྤྱི་ལོ་ ༢༠༠༤ ལོར་བརྩམས་པའི་«ཐུབ་བསྟན་རྡོ་རྗེ་བྲག་དགོན་གྱི་བྱུང་བ་མདོ་ཙམ་བརྗོད་པ་ངོ་མཚར་བཻཌཱུརྱའི་ཕྲེང་བ་»ནང་གསལ་བ་ལྟར་བཀོད་པ་ལགས།

[3]  ངག་སྒྲོས་ལོ་རྒྱུས་ཁག་ཅིག་ལྟར་ན། སྡེ་སྲིད་གཙང་པའི་སྐབས་སུ་བཀའ་བརྒྱུད་པའི་གནས་གཞི་ཐར་པ་གླིང་དུ་གྲགས་པ་ཞིག་ཡོད་ཀྱང་། ༸གོང་ས་ལྔ་པ་ཆེན་པོའི་སྐབས་བསྒྱུར་དགོན་བཅུ་གསུམ་བྱུང་བའི་ནང་ཚན་ཐར་པ་གླིང་འདི་གཞུང་ས་ནས་ཨོ་རྒྱན་གཏེར་བདག་གླིང་པར་ཕུལ་བ་ཞིག་ཡིན་ཟེར། ལོ་རྒྱུས་གཞན་ལས་ནི་སྔོན་བསྟན་པ་ཕྱི་དར་གྱི་སྐབས། རབ་བྱུང་གི་གོང་དུས་རབས་བཅུ་པའི་སྨད་ཙམ་ལ་གྲྭ་ཕྱི་འབྲས་ཀྱི་ཕུར་བླ་ཆེན་དགོངས་པ་རབ་གསལ་གྱི་མཁན་བུ་དབུས་གཙང་མི་བཅུའི་ཡ་གྱལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་ཕྱོགས་དེར་གདན་ས་གསར་དུ་ཕྱག་བཏབ་པར་ཐར་པ་གླིང་དུ་གྲགས། ཕྱིས་སུ་གཙུག་ལག་ཁང་ཤུལ་ལུས་ཙམ་ཡང་མེད་པར་ཡུན་རིང་སོང་བ་ན། གཏེར་བདག་གླིང་པས་གནས་དེར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་ས་ཕྱག་བཏབ་ཅེས་གསལ།

[4] ཡིག་ཆ་ཁག་ཅིག་ཏུ་དཀྲུང་དབྱངས་ཀྱི་སྲིད་ཇུས་གུ་ཡངས་སྐབས་སྨིན་གླིང་ཅུང་རིན་པོ་ཆེ་སོགས་ཀྱིས་ཐུགས་བསྐྱེད་འོག་དགོན་པ་འདི་ཉམས་གསོ་མཛད་ཅེས་གསལ།

[5]  «སྔ་འགྱུར་རྙིང་མའི་ཆོས་འབྱུང་ངོ་མཚར་ཚད་མ་གསུམ་ལྡན་»ལས་ཆུ་མོ་ཡོས་ (༡༧༢༣) ལོར་ཕྱག་བཏབ་པར་གསལ་བ་དང་། «རྒྱལ་བ་ཀཿཐོག་པའི་ལོ་རྒྱུས་མདོར་བསྡུས་»ནང་གི་མ་དགོན་འདིའི་ངོ་སྤྲོད་སྐབས་རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཡོས་ (༡༧༩༥) ལོར་ཕྱག་བཏབ་པར་གསལ་བ་དང་། ཡིག་ཆ་ཐར་ཐོར་འགའ་ཞིག་ཏུ་རབ་བྱུང་བཅུ་གཉིས་པའི་ཤིང་མོ་ཡོས་སྤྱི་ལོ་ ༡༧༣༥ ལོར་ཕྱག་བཏབ་པ་སོགས་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།