དཔལ་ཡུལ་སྒྲུབ་མཆོད་ཀྱི་སྐོར་འབེལ་གཏམ་ཉུང་ངུར་གླེང་བ།

རྩོམ་སྒྲིག་པ།

ན་མོ་མཱུ་ལ་གུ་རུ་སིདྡྷེཤྭར་ཙིནྟ་མ་ཎི་ཡེ།

བཀའ་གཏེར་ཆུ་བོ་རྣམ་བཞིས་[1]གྲོལ་བའི་ཕུག།

ཕྱག་རྫོགས་ཟུང་འཇུག་མངའ་བདག་དཔལ་ཡུལ་བའི།།

ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས།།

དཔལ་ཡུལ་སྒྲུབ་པའི་སྐོར་ཞིག་འཆད་ལ་སྤྲོ།།

དེ་ཡང་འདིར་སྐབས་སུ་བབ་པ་གང་ཞིག་འབེལ་ཞིང་གཏམ་པར་བྱ་བ་ནི། སྔ་འགྱུར་བཀའ་མས་ཁོག་ཕུབ། གཏེར་མས་ཟུར་བརྒྱན། ཟབ་མོ་དག་སྣང་གིས་མཐའ་བརྒྱན་པའི་བསྟི་གནས་སམ་གྲོལ་ཕུག་ཆེན་པོ་ཤར་རྒྱལ་བ་དཔལ་ཡུལ་བ་ཞེས། སྙན་པའི་གྲགས་པ་ནོར་འཛིན་སྒེག་མོའི་ཁྱོན་དུ་དབྱར་གྱི་རྔ་གསང་ལྟར་ཁྱབ་པའི་ཆོས་སྡེ་ཆེན་པོ་འདིའི་ཐུན་མོང་མ་ཡིན་པའི་སྒྲུབ་མཆོད་སྤྱིའི་སྐོར་ཡིན་ལ། འདི་ལ་གང་ལས་བརྒྱུད་པའི་ཁུངས་བཤད་པ་དང་། བརྒྱུད་པ་དེ་ལྡན་གྱི་སྒྲུབ་པ་དངོས་བཤད་པ། སྒྲུབ་པའི་བསླབ་བྱ་བཤད་པས་མཇུག་བསྡུ་བ་བཅས་རྩ་བའི་ཆིངས་རྣམ་པ་གསུམ་གྱིས་ཞུ་བར་བྱ་སྟེ།

དང་པོ། གང་ལས་བརྒྱུད་པའི་ཁུངས་བཤད་པ།

དེ་ཡང་ཇི་སྐད་དུ། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་པ་ལྟར། གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་འཁོར་འདས་ཀུན་ཀྱི་སྔོན་རོལ་དུ་མངོན་པར་བྱང་ཆུབ་ནས། ཡེ་ཤེས་ནང་གསལ་གཞོན་ནུ་བུམ་པ་སྐུ་ཡི་ཞིང་ཁམས་སུ་དུས་བཞི་མཉམ་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་ལས། ཕྱིར་གསལ་ཡེ་ཤེས་ཀྱི་བཀོད་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་ལས། རེ་ཞིག་རྩོད་ལྡན་ཚེ་ལོ་བརྒྱ་པའི་མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་འདིའི་དབང་དུ་བྱས་ན། བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་དོན་ཀུན་གྲུབ་པ་ཉིད། ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་སྒོ་ནས། གདུལ་བྱ་འདུལ་བའི་ཐབས་དཔག་ཏུ་མེད་པས། གཙོ་བོར་རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་འཛིན་པའི་སླད་དུ། ཡུལ་ཝཱ་རཱ་ཎ་སཱི་རུ་བདེན་པ་བཞི། རྒྱལ་པོའི་ཁབ་ཏུ་མཚན་མ་མེད་པ་དང་། པདྨ་ཅན་སོགས་སུ་ངེས་དོན་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ནས། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཤེགས་པར་བཞེད་པ་ན་འཁོར་རྣམས་ལ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར། གསང་སྔགས་ནང་རྒྱུད་བླ་མེད་ཐེག་པའི་ནང་གསེས་སྔ་འགྱུར་རྙིང་མའི་ཕ་ཆོས། རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གསུམ་དུ་གྲགས་པའི་ཡ་གྱལ།

སྔ་འགྱུར་བཀའ་མ་ནི། དེ་ཡང་བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་པ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པ་ལྟར། རྒྱལ་བ་དགོངས་པའི་བརྒྱུད་པ་དང་། རིག་འཛིན་བརྡའི་བརྒྱུད་པ་རྣམས་ཆོས་འབྱུང་སྤྱི་འགྲོས་ལྟར་དང་། འདིར་གང་ཟག་སྙན་ཁུངས་ཀྱི་བརྒྱུད་པའི་ཁུངས་ནི། སྟོན་པ་མཆོག་གི་སྤྲུལ་པའི་སྐུ་འཇིག་རྟེན་ན་མི་སྣང་ནས་ལོ་ཉེར་བརྒྱད་འདས་པ་ན། མ་ཧཱ་ཡོ་གའི་ཆོས་སྐོར་རྣམས་ལས་རྒྱལ་པོ་ཛ᫸འི་ཁང་སྟེང་དུ་རྒྱུད་སྡེ་ཆེན་པོ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་རྣམས་བབས་པ་དང་། དུར་ཁྲོད་བསིལ་བའི་ཚལ་དུ་རིག་འཛིན་ཆེན་པོ་བརྒྱད་ལ་སྒྲུབ་སྡེ་རྣམ་པ་བརྒྱད་ཀྱི་བཀའ་བབས་པ་དང་། ཨ་ནུ་ཡོ་གའི་ཆོས་སྐོར་རྣམས་ནི་མ་ཧཱ་ཡོ་གའི་ཆོས་འཁོར་གྱི་གླེགས་བམ་བབས་པ་དང་དུས་མཚུངས་པར་སིངྒ་ལའི་གླིང་གི་ནགས་ཚལ་དུ་བབས་པ་དང་། ཨ་ཏི་ཡོ་གའི་ཆོས་སྐོར་རྣམས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་མངའ་བ་རྣམས་དུར་ཁྲོད་བསིལ་བའི་ཚལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་ལ་གནང་བས། རིམ་བཞིན་ད་ལྟའི་བར་རྒྱུད་སྡེ་སོ་སོའི་དགོངས་བརྡ་སྙན་གསུམ་གྱི་བརྒྱུད་པ་བར་མ་ཆད་པ་བྱུང་།

ཉེ་བརྒྱུད་གཏེར་མ་ནི། བོད་གངས་ཅན་གྱི་ལྗོངས་སུ་ཟབ་མོ་གཏེར་གྱི་ཕྲིན་ལས་ཀྱིས་གདུལ་བྱ་འདུལ་བར་མཛད་པ་པོ་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས་ཏེ། གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། མིང་ཅན་དང་མིང་མེད་ཀྱི་གཏེར་ཆེན་བརྒྱ་དང་རྩ་བརྒྱད། གཏེར་ཕྲན་སྟོང་རྩ་སོགས་གྲངས་ལས་འདས་པ་སྦས་པས། ས་སྟེང་ཡོངས་རྫོགས་གཏེར་གྱིས་བཀང་ནས་བོད་ཡུལ་ཕན་བདེའི་ལམ་བཟང་ཡངས་པོར་ཕྱེ། དེ་དག་ཀྱང་ལྷ་ཀླུ་གཟའ་བདུད་བཙན་དང་མ་མོ་མཁའ་འགྲོ་སོགས་ལ་གཉེར་དུ་གཏད། ཕྱིས་སུ་གནས་དང་དུས་དང་རྟེན་འབྲེལ་བཟང་པོ་དུས་ལ་བབས་པ་ན། སྤྲུལ་པའི་གཏེར་སྟོན་གྲངས་ལས་འདས་པ་བྱོན་ནས། བླ་རྫོགས་ཐུགས་གསུམ། བཀའ་དགོངས་ཕུར་གསུམ། ཞི་རྒྱས་དབང་དྲག་གི་ལས་ཚོགས་སྒྲུབ་སྐོར་རྣམས་གཏེར་དུ་བཞེས་པའི་ཟབ་ཆོས། གནས་སྐབས་དུས་ཀྱི་རྒུད་པ་སེལ་ཞིང་། མཐར་ཐུག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཚང་ལ་མ་ནོར་བར་བསྟན་པའི་ཆོས་སྡེ་སྟེ། སྙིགས་མའི་དུས་སུ་བཀའ་མ་རྣམས་བརྒྱུད་པ་མང་པོས་བར་ཆོད་པས་དམ་ཚིག་གི་སེལ་དང་འདྲེས་ཁྱེར་གྱིས་བསླད་ཅིང་བྱིན་རླབས་ཀྱི་བབས་སོ་ཉམས་སྲིད་ལ། གཏེར་མ་རྣམས་ནི་གཏེར་འདོན་པ་པོ་གང་ཟག་དེ་ཉིད་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་སྟེ་སྨིན་གྲོལ་དབང་དང་གདམས་ངག་གི་བཀའ་གཏད་ཐོབ་ཅིང་། ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཡལ་བར་སྤྱན་དྲངས་པས་ན་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་བྲལ་བའི་ཟབ་ཆོས་དེའི་བརྒྱུད་པའི་ཁྱད་པར་ཡང་། དྲུག་ལྡན་དང་། བདུན་ལྡན་དང་། དགུ་ལྡན་གསུམ་སྟེ། དྲུག་ལྡན་ལ་དགོངས་བརྡ་སྙན་གསུམ་ནི་བཀའ་མ་དང་འདྲ་ཞིང་། དེའི་སྟེང་དུ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་སྟེ་གསུམ་བསྣན་པས་དྲུག་ལྡན་དང་། དྲུག་པ་དེ་དོར་ནས་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཉིས་བསྣན་ན་བདུན་ལྡན་དང་། ཡང་དེའི་སྟེང་དུ་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་སྟེ་བརྒྱུད་པ་དགུའི་བདག་ཉིད་དོ།།

ཉེ་བརྒྱུད་གཏེར་མའི་ཆོས་སྐོར་ལ་གཏེར་སྟོན་སོ་སོའི་གཏེར་སྐལ་གྱི་ཆོས་སྐོར་དུ་མ་ཞིག་ཡོད་ཀྱང་ཤར་རྒྱལ་བ་དཔལ་ཡུལ་བས་ཉམས་བཞེས་མཛད་བཞིན་པ་རྣམས་ལས། ཐུན་མོང་མ་ཡིན་པའི་གཏེར་སྐལ་ནི་གཏེར་ཆེན་རཏྣ་གླིང་པའི་ཆོས་སྐོར་རྣམས་ཏེ། མ་དགོན་འདི་ཉིད་ཀྱི་གདན་རབས་དང་པོ་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་མཆོག་གིས་མཁས་གྲུབ་ཀརྨ་ཆགས་མེད་སྐུ་མདུན་ནས་རཏྣ་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཕྱག་བཞེས་ལག་ལེན་དང་བཅས་གསན་པས་བཀའ་བབས་ཆོས་བདག་ཏུ་ལུང་བསྟན། གཞན་ཡང་དཔལ་མོ་ཤེས་རབ་རྒྱ་མཚོ་དང་དྲུང་པ་ཆོས་ཉིད་རྒྱ་མཚོ་གཉིས་ཀྱི་མདུན་ནས་ཀྱང་རཏྣའི་ཆོས་སྐོར་གསན་ལ། ཁྱད་པར་གནམ་ཆོས་མི་འགྱུར་རྡོ་རྗེ་ལ་རཏྣ་གླིང་པའི་ཞལ་མངོན་སུམ་གཟིགས་ཏེ་དག་པའི་སྣང་བར་ཆོས་བཀའ་ཡོངས་རྫོགས་གསན་པའི་ཉེ་བརྒྱུད་གཏེར་ཆེན་ཉིད་ཀྱི་མདུན་ནས་གསན་ཏེ། གདན་ས་འདིར་ཐུགས་སྒྲུབ་སྐུ་གསུམ་སྒྲུབ་པ་རེས་མོས་ཀྱིས་ཟླ་སྒྲུབ་རེ་དང་། ཐུགས་ཆེན་གསང་འདུས། ཚེ་སྒྲུབ་གསང་འདུས། གུར་དྲག་མེ་འཁྱིལ། ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་སོགས་ཆག་མེད་དང་། ཐུགས་སྒྲུབ་ཀྱི་རྒྱུན་དཔལ་ཡུལ་བ་ལྟ་བུ་དཀོན་པས་སྐྱེས་ཆེན་རྣམས་ཀྱིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་རབ་ཏུ་གཏོར་བའི་ཡུལ་དུ་གྱུར།

གཞན་ཡང་མངའ་བདག་ཉང་དང་གུ་རུ་ཆོས་དབང་གི་གཏེར་ཁ་བཀའ་བརྒྱད་བདེ་གསང་གཉིས་ནི། བཀའ་བརྒྱད་བཀའ་བབ་གཉིས་པ་ཞིག་པོ་གླིང་པས་གཙང་རམ་པ་པདྨ་རྒྱལ་མཚན་ཁམས་ཕྱོགས་སུ་ཆེད་དུ་མངགས་པ་ལྟར། དེས་སྟག་བླ་པདྨ་བློ་གྲོས། དེས་རྒྱ་བན་དཀོན་མཆོག་བཀྲ་ཤིས་ལ་གནང་བ་དེའི་མདུན་ནས་རིག་འཛིན་ཆེན་པོས་གསན་ཏེ། སྒྲུབ་ཆེན། སྒྲུབ་མཆོད། སྨན་སྒྲུབ། གཏོར་བཟློག་སོགས་རྒྱུན་པར་བཙུགས།

གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་ཆོས་བླ་མ་དགོངས་འདུས་ནི། སངས་རྒྱས་གླིང་པ་ཉིད་ནས། རིམ་བཞིན་བྱ་ཁྱུང་པ། དེས་གཙང་རམ་པ། དེས་སྟག་བླ། དེས་དཔལ་མོ་ཤེས་རབ་རྒྱ་མཚོ། དེ་ལས་རིག་འཛིན་ཆེན་པོས་གསན་ཞིང་། རོང་པོ་རིན་ཆེན་རྡོ་རྗེའི་མདུན་ནས་ཀྱང་གསན་ཏེ་སྔ་ཕྱིར་ཚར་གསུམ་གསན་ནས་ཆོས་བདག་བཀའ་བབས་སུ་ལུང་གིས་ཟིན་པ་ལྟར། ཆོས་འདིའི་བཀའ་བབས་དོན་གྱི་བརྒྱུད་པ་འཛིན་ཅིང་། གདན་ས་འདིར་སྒྲུབ་ཆེན་དང་སྒྲུབ་མཆོད། སྐོང་ཆོག་སོགས་ཆག་མེད་མཛད། དབང་ཁྲིད་ཀྱི་རྒྱུན་བཙུགས་པ་སོགས་ཀྱིས་དགོངས་འདུས་ཀྱི་སྒྲུབ་རྒྱུན་དཔལ་ཡུལ་བ་ལྟ་བུ་ཞིག་མེད་པར་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་བསྔགས་པ་མཛད།

གུ་རུ་ཆོས་དབང་གི་ཐུགས་ཆེན་ཡང་སྙིང་འདུས་པ་དང་བླ་མ་གསང་འདུས་གཉིས་ནི། ཆོས་བདག་འཇའ་ལུས་པ་མ་ཎི་རིན་ཆེན་ལ་གནང་བའི་རྒྱུན་རིག་འཛིན་ཆེན་པོས་གསན་ནས། གདན་རབས་རིམ་བྱོན་འདུས་སྡེ་དང་བཅས་པའི་ཐུགས་དམ་གྱི་མཐིལ་དུ་མཛད་ནས་སྒྲུབ་ཆེན་སྒྲུབ་ཕྲན་གྱི་སྲོལ་གཏོད་མཛད།

ཀརྨ་གླིང་པའི་ཞི་ཁྲོ་ནི། ཆོས་བདག་རྒྱ་ར་བ་ནམ་མཁའ་རྒྱ་མཚོ་ནས་བརྒྱུད་པ་ཕྱག་ལེན་བསྡུས་པ་ཧེ་པ་ཆོས་འབྱུང་ལུགས་གསེར་ལོ་སྟོན་པ་རྒྱལ་མཚན་ལས་རིག་འཛིན་ཆེན་པོས་གསན་ཅིང་། ཕྱག་ལེན་རྒྱས་པ་བར་དོ་དྲུག་ཁྲིད་དང་བཅས་པ་དོང་སྤྲུག་ལུགས་གྲུབ་བརྙེས་ཆགས་མེད་རིན་པོ་ཆེ་ནས་རིག་འཛིན་ཆེན་པོ་ལ་བརྒྱུད་པ་འདིའི་སྒྲུབ་མཆོད། བསྙེན་སྒྲུབ་གཤིན་དོན་སོགས་གདན་ས་འདིའི་ཉམས་བཞེས་ཀྱི་གཙོ་བོར་གྱུར་པའོ།།

འཇའ་ཚོན་སྙིང་པོའི་གཏེར་ཆོས་པོད་དྲུག་ནི། ཆོས་བདག་བསྟན་པ་དར་རྒྱས་ལས་བརྒྱུད་པ་རྨུགས་སངས་བླ་མ་རྒྱལ་མཚན་ལས་སྨིན་གྲོལ་ཡོངས་རྫོགས་རིག་འཛིན་ཆེན་པོས་གསན་ནས། གདན་ས་འདིའི་གདན་རབས་རིམ་བྱོན་འདུས་པ་དང་བཅས་པས་དཀོན་མཆོག་སྤྱི་འདུས་ལ་ཡི་དམ་དུ་བཟུང་བ་འདི་བྱུང་།

ཀློང་ཆེན་སྙིང་ཐིག་གི་རྩ་གསུམ་འདོན་ཆ་ནི། གདན་ས་འདིའི་གདན་རབས་དགུ་པ་གྲུབ་དབང་དཔལ་ཆེན་འདུས་པའི་དུས་ནས་བསྙེན་སྒྲུབ་ཀྱི་མཐིལ་དུ་མཛད་པ་བྱུང་སྟེ། བརྒྱུད་པའི་རྩ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ནས་བཟུང་། རིག་འཛིན་འཇིགས་མེད་གླིང་པ། འཇིགས་མེད་རྒྱལ་བའི་མྱུ་གུ། འཇིགས་མེད་ཆོས་ཀྱི་དབང་པོ། ལུང་རྟོགས་བསྟན་པའི་ཉི་མ། པདྨ་ལས་འབྲེལ་རྩལ་ལམ་མཁན་ཆེན་ངག་གི་དབང་པོ། དེ་ལས་གྲུབ་དབང་དཔལ་ཆེན་འདུས་པས་གསན་ཞིང་། སྙིང་ཐིག་རིང་ལུགས་ཀྱི་བརྒྱུད་པ་གསར་དུ་བཙུགས། རིག་འཛིན་འདུས་པ་དང་དཔལ་ཆེན་འདུས་པའི་སྒོ་ནས་སྒྲུབ་ཆེན་སོགས་བཙུགས་པ་དང་། ཆོ་གའི་ལག་ལེན་ཐམས་ཅད་སྨིན་ལུགས་ཕྱག་བཞེས་དངོས་གཙང་དང་འབྲེལ་བའི་འདོན་འགྲིགས་དང་། སྒྲུབ་ཆེན་ཟིན་བྲིས་ཆེན་མོ་བཅས་གསར་རྩོམ་མཛད། ཟླ་ངོ་ཡར་མར་གྱི་ཚེས་བཅུ་རྣམས་སུ་རིག་འདུས་དང་ཡུམ་ཀ་གདོན་རྒྱུ་དང་། རྒྱུན་དུ་སྙིང་ཐིག་བསྐང་གསོ་གདོན་རྒྱུ་བཅས་གསར་འཛུགས་མཛད།

ཟབ་མོ་དག་སྣང་ནི། སྤྱིར་འདིའི་ཆོས་སྐོར་རྣམས་གནམ་གཏེར་དང་དགོངས་གཏེར་གང་རུང་ལས་མ་འདས་པས་དོན་གྱིས་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པའི་ཕྱིར་ལོགས་སུ་འབྱེད་མི་དགོས་ཀྱང་། སྔ་འགྱུར་རྙིང་མའི་ཆོས་སྐད་ལ། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཤིན་ཏུ་ཉེ་བརྒྱུད་ཟབ་མོ་དག་སྣང་དང་བཅས། བརྒྱུད་ཐག་ཉེ་རིང་གི་ལྡོག་ཆས་བཀའ་སྲོལ་རྣམ་པ་གསུམ་དུ་དབྱེ་བར་མཛད་པས། ཟབ་མོ་དག་སྣང་བྱུང་ཚུལ་སྐོར་མདོ་ཙམ་བརྗོད་ན། སྤྱིར་རྒྱ་གར་ནས་བྱུང་བའི་རྒྱུད་སྡེ་ཕལ་ཆེ་བ་གྲུབ་ཐོབ་པཎ་གྲུབ་རྣམས་ཀྱིས་ཨོ་རྒྱན་གྱི་ཡུལ་སོགས་ནས་བླངས་པའི་གཏེར་ཆོས་ཀྱང་དག་སྣང་ལས་བྱུང་བ་དང་། མཁའ་འགྲོ་མ་རྣམས་ཀྱིས་བསྩལ་པ་མང་ཞིང་། བོད་དུའང་བསྐལ་བཟང་སངས་རྒྱས་སྟོང་གི་རྒྱལ་ཚབ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཟབ་མོ་དག་སྣང་གི་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བ་དང་། མ་འོངས་མཐའ་ཅན་དུ་གཟིགས་ཏེ། གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་པ་དེ་དག་ཀྱང་དོན་ལ་ཟབ་མོ་དག་སྣང་གི་ཆོས་ཡིན། དེ་ལ་ཟབ་མོ་དག་སྣང་གི་ཆོས་སྐོར་དུ་གྲགས་པ་དུ་མ་ཞིག་ཡོད་ཀྱང་། ཤར་རྒྱལ་བ་དཔལ་ཡུལ་བའི་ཟབ་མོ་དག་སྣང་གི་ཆོས་སྐལ་ནི། གཏེར་སྟོན་མི་འགྱུར་རྡོ་རྗེའི་དག་སྣང་ལས་བྱུང་བའི་གནམ་ཆོས་སུ་གྲགས་པ་དེ་ཡིན་ལ། དེ་ནི་རཏྣ་གླིང་པའི་གཏེར་ལུང་ལས། རྡོ་རྗེ་མིང་འཛིན་ངོམ་གྱི་ཕྱོགས་སུ་བྱུང་༔ ཞེས་གསུངས་པ་ལྟར། ངོམ་གྱི་ཕྱོགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་སྐུ་འཁྲུངས། ཆུང་ངུ་ནས་སྔོན་གནས་རྗེས་དྲན་སོགས་རང་ཆས་སུ་མངའ་ཞིང་། ཆགས་མེད་རིན་པོ་ཆེའི་དྲུང་དུ་སྤྱན་དྲངས་ཏེ་གསན་སྦྱོང་མཛད་སྐབས། ཨོ་རྒྱན་རིན་པོ་ཆེའི་ཞལ་དངོས་སུ་མཇལ་ཏེ། མདོ་སྔགས་སྤྱི་དང་ཁྱད་པར་ཟབ་མོ་དག་སྣང་གི་ཆོས་འཁོར་བསྐོར་བའི་སྤོབས་པ་མངོན་དུ་གྱུར། ཐུབ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ཡ་གྱལ་ཤར་རྒྱལ་བ་དཔལ་ཡུལ་དགོན་དུ་ཞབས་ཀྱིས་བཅགས་ཤིང་གནམ་ཆོས་ཀྱི་གཏེར་སྒོ་ཕྱེ་སྟེ་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད། དེའི་བརྒྱུད་འཛིན་ཟམ་མ་ཆད་པ་ད་ལྟའི་བར་དུ་བྱུང་ཞིང་ཉམས་བཞེས་སུ་སྟར་བཞིན་པ་ལགས་སོ།།

གཉིས་པ། བརྒྱུད་པ་དེ་ལྡན་གྱི་སྒྲུབ་པ་དངོས་བཤད་པ།

གཉིས་པ་བརྒྱུད་པ་དེ་ལྡན་གྱི་སྒྲུབ་པ་དངོས་བཤད་པ་ལ། གང་བསྒྲུབ་པར་བྱ་བའི་གཞི། གང་གིས་སྒྲུབ་པར་བྱེད་པའི་ཐབས། གང་ཞིག་བསྒྲུབས་པར་བྱས་པའི་འབྲས་བུ་བཅས། ས་བཅད་རྣམ་པ་གསུམ་གྱིས་ཞུ་བར་བྱའོ།།

གཅིག གང་བསྒྲུབ་པར་བྱ་བའི་གཞི།

སྒྲུབ་གཞུང་སོ་སོའི་ལྷ་ཚོགས་གང་ཞིག་ཡིན་པ་དེ་དག་ནི་བསྒྲུབ་པར་བྱ་བའི་གཞིའམ་དམིགས་པར་བྱ་བའི་ཡུལ་ཏེ། སྦྱང་གཞི་འགྲོ་བ་ཐམས་ཅད་ལ་གདོད་ནས་ལྷུན་གྲུབ་ཏུ་གནས་པ་ཀུན་ཁྱབ་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་བདག་ཉིད་དུ་གནས་པ་ཉིད། སྦྱང་བྱ་གློ་བུར་གྱི་དྲི་མ་དང་འབྲེལ་བས་གནས་ལུགས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་པ་འགྱུར་བར་བྱ་བ་ལ་དམིགས་ནས། སྦྱོང་བྱེད་དེའི་རྣམ་པ་ལམ་བྱེད་སྣོད་བཅུད་ཀྱི་སྣང་བ་འདི་དག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པ་དམ་ཚིག་སེམས་དཔར་སྒོམ་པ་དང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་པས། དེའི་རྣམ་པ་ལམ་བྱེད་ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་གང་འདུལ་གྱི་རོལ་པ་ཞི་ཁྲོའི་རྣམ་པར་སྤྱན་འདྲེན་པ་དང་། གཞི་འབྲས་གཉིས་གདོད་མ་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་པ་དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམས་ཏེ་དམ་ཡེ་དབྱེར་མེད་དུ་ཉམས་སུ་བླངས་པ་ལས། སྦྱངས་པའི་འབྲས་བུ་གཞི་ལ་བཞུགས་པའི་དག་པ་གཉིས་ལྡན་གྱི་ངོ་བོ་ཆོས་སྐུ་འགྱུར་མེད་དེ་བཞིན་ཉིད་མངོན་དུ་གྱུར་པ་ལ་འབྲས་བུ་མཆོག་ཐོབ་པའོ་ཞེས་བརྡར་བཏགས་པ་ཡིན། དེས་ན་བསྒྲུབ་གཞིའི་ལྷ་དེ་རང་ལ་གནས་པས། ལམ་རྐྱེན་དང་ཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པ་རྙེད་དེ་འཐོབ་བྱའི་འབྲས་བུ་མཚན་ཉིད་པ་འཇིག་རྟེན་ལས་འདས་པ་མཆོག་དང་། བཏགས་པ་འཇིག་རྟེན་པ་དང་ཐུན་མོང་བ་སྟེ། དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་བྲོད་པ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱིར། དམིགས་ཡུལ་གྱི་གཙོ་བོ་ནི་ལྷའི་སྣང་ཞེན་ཏེ་ཕྱག་རྒྱའི་དངོས་གྲུབ་བོ།།

གཉིས། གང་གིས་སྒྲུབ་པར་བྱེད་པའི་ཐབས།

ད་ནི་འདིར་གང་བཤད་པར་བྱ་བའི་སྒྲུབ་ཆེན་གྱི་གནད་དོན་མདོ་འགག་ཉིད་ཞུ་བར་བྱ་སྟེ། དེ་ཡང་ལམ་རིམ་ལས། གཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་གཞི་ལ། །བསྙེན་སྒྲུབ་བཞི་ཡིས་གཞུང་བསྲང་བའང་། །གང་དག་མོས་པ་ཇི་བཞིན་དུ། །ཞི་དང་ཁྲོ་བོས་བསྒྲུབ་པར་བྱ། །ཞེས་པས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲངས། ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་སྐྱོང་བ་བཅས་གསུམ་གྱི་སྒོ་ནས་ཇི་ལྟར་ལག་ལེན་དུ་འདེབས་ཚུལ་དང་། ཞར་བྱུང་དུ་སྒྲུབ་པའི་རྟགས་མཚན་བཤད་པའོ།།

༡༽ ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ།

དེ་ལ་དང་པོ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ལ། གང་དུ་སྒྲུབ་པའི་གནས་ཕུན་སུམ་ཚོགས་པ། གང་གི་ཚེ་སྒྲུབ་པའི་དུས་ཕུན་སུམ་ཚོགས་པ། གང་གིས་སྒྲུབ་པར་བྱེད་པ་སྟོན་པ་ཕུན་སུམ་ཚོགས་པ་དང་། གང་གིས་སྒྲུབ་པ་འཁོར་ཕུན་སུམ་ཚོགས་པ། གང་བསྒྲུབ་པར་བྱ་བའི་ཐབས་ཆོས་ཕུན་སུམ་ཚོགས་པ་བཅས་ལྔ་ལས་རིམ་པ་བཞིན།

དང་པོ་གནས་ཕུན་སུམ་ཚོགས་པ་ནི། གྲུབ་ཐོབ་སྐྱེས་ཆེན་གོང་མ་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་དགོན་གནས་གཙུག་ལག་ཁང་ངམ་རི་ཁྲོད་དབེན་པ་སོགས་ཏེ། བཀྲ་ཤིས་ཤིང་ཉམས་དགའ་བའི་གླིང་། གཡང་ས་དང་བྲག་རོང་གཡུལ་འགྱེད་ཀྱི་གནས་ལྟ་བུ་མ་ཡིན་པ། མི་རྒོད་དང་གཅན་གཟན་གདུག་པ་ཅན་གྱི་འཚེ་བ་མེད་པ། གཞི་བདག་དཀར་ཕྱོགས་ཅན་གནས་པའི་ས་ནི་སྒྲུབ་པའི་གནས་དམ་པའོ།།

གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། སྤྱིར་ན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྒྱལ་བའི་རྣམ་འཕྲུལ་རྣམས་ཀྱིས་ཐུན་མོང་དང་ཐུན་མོང་མིན་པའི་ཟབ་ཆོས་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱིས་སྐལ་ལྡན་རྣམས་རྣམ་མཁྱེན་གྱི་གོ་འཕང་ལ་སྦྱོར་བའི་དུས་ཉིད་ནི་དུས་ཕུན་སུམ་ཚོགས་པ་སྟེ། བྱེ་བྲག་ཏུ་ཉ་དང་གནམ་སྟོང་ཚེས་བརྒྱད་ཚེས་བཅུ་སོགས་ལ་དབང་ཁྲིད་ཆོས་སྤྱོད་སོགས་གང་དུ་ཞུགས་ཀྱང་ཁྲི་འབུམ་དུ་འཕེལ་བས་བཟང་ཞིང་། ཁྱད་པར་དུ་སྐབས་འདིར་མཆུ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་སྟོན་མཆོག་མཉམ་མེད་ཤཱཀྱ་ཐུབ་པས་ཡུལ་མཉན་ཡོད་དུ་བདུད་དང་མུ་སྟེགས་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཚར་བཅད་པའི་ཆོ་འཕྲུལ་ཆེན་མོའི་དུས་ཆེན་སྐབས་ཏེ། ཡར་ཚེས་བརྒྱད་ནས་བཅོ་ལྔའི་བར་རོ།།

གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། བཤད་ཚུལ་མང་ཡང་མདོར་བསྡུ་ན། དབང་ཕྱུག་བརྒྱད་ལྡན་གྱི་སློབ་དཔོན་ཏེ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་ལྡན་པ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་པས། སྐལ་ལྡན་རྣམས་ལ་གདམས་ངག་ཚུལ་བཞིན་འདོམས་པའི་སྟོན་པ་ཉིད་དུ་གྱུར་པ།༡ ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་བང་མཛོད་དང་ལྡན་པ།༢ དབང་བཞིའི་ཆུ་བོ་ཡོངས་སུ་རྫོགས་པ།༣ འགྲོ་ཀུན་སྒྲོལ་བའི་དེད་དཔོན་གྱི་ཁུར་ལྷོད་མེད་དོན་གཉེར་དང་ལྡན་པ།༤ རྒྱུད་སྡེ་རྒྱ་མཚོ་མཐའ་དག་གི་དོན་ལ་མཁས་པས་གདེང་དང་ལྡན་པ།༥ ཕྱི་ནང་གསང་གསུམ་གྱི་སྒྲུབ་པའི་ལས་རིམ་ལ་མ་རྨོངས་པ།༦ མན་ངག་གི་གནད་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བ།༧ ལྟ་སྒོམ་སྤྱོད་གསུམ་ལ་ཉམས་མྱོང་གི་དྲོད་དང་ལྡན་པ་སྟེ།༨ རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་སུ་བཞུགས་པ་དགོས་ལ། དེ་ལྟར་མ་བྱུང་ཡང་མཚན་ཉིད་སྣ་རེ་ཙམ་ལྡན་ཀྱང་འགྲིག་པར་རྒྱུད་ལས་གསུངས་སོ།།

བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི། དཔལ་གསང་བའི་སྙིང་པོ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པ་ལྟར། སྤྱིར་ཡོན་ཏན་དྲུག་དང་ལྡན་ཞིང་། ཁྱད་པར་རྡོ་རྗེ་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཐེབས། སྐད་གདངས་ཆེ་ཞིང་ལས་འགྲིགས་ལ་མཁས་པའི་རྡོ་རྗེ་ལས་མཁན། སྦྱོར་བའི་རྒྱུ་རྩལ་ལ་མཁས་པའི་རྡོ་རྗེ་གཟུངས་མ། སྒྲོལ་བའི་ལས་ལ་མཁས་པའི་གིང་ཀ་ར། མི་མ་ཡིན་མཐོང་བ་ཟློག་ནུས་པའི་རྡོ་རྗེ་སྤྱན་པ། སྒྲུབ་པའི་དྲོད་འཛིན་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་བརྡ་སྦྱོར་ལ་མཁས་པའི་རྡོ་རྗེ་རྡུལ་ཕྱགས་པ་སོགས་མཆེད་ལྕམ་འདུས་པ་རྒྱ་མཚོ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་། དད་པ་ཆེ་ཞིང་བློ་གསལ་བ། ངང་རྒྱུད་རིང་ཞིང་བརྩོན་འགྲུས་དང་ལྡན་པ། ཕྱི་ཐག་བཟང་ཞིང་ཐེག་ཆེན་གྱི་ཆོས་ལ་མོས་པ། ཚེ་འདིར་མི་ཆགས་ཤིང་ཕྱི་མ་ཐར་པའི་དོན་ཡིད་ལ་གཅགས་པ། འགྱུར་མེད་ཀྱི་བློ་བརྟན་ཅིང་ཐོས་བསམ་ཤེས་རབ་དམ་ཚིག་དང་ལྡན་པ། སྙིང་རྗེ་ཆེ་ཞིང་སྡིག་པ་ལ་འཛེམས་པ། མོས་གུས་ལ་ལྟེམ་རྐྱང་མེད་པ་བཅས། ཡང་དག་པའི་གདམས་པ་ཟབ་མོའི་སྣོད་ལྡན་གྱི་འཁོར་སློབ་རྣམས་སོ།།

ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། སྤྱིར་ན་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞིའི་རྩེ་མོ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཐེག་པའི་ཟབ་ཆོས་བཀའ་གཏེར་དག་སྣང་གསུམ་སྟེ། དེ་དག་ནང་ནས་ཀྱང་ཉེ་བརྒྱུད་གཏེར་མའི་བྱེ་བྲག་ཆོས་སྡེ་འདིའི་ཐུན་མོང་མ་ཡིན་པའི་གཏེར་སྐལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་ཟབ་ཆོས་གཙོ་བོར་གྱུར་པ་རྣམས་ཏེ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྒྲུབ་པའི་རྩ་བ། བསྐྱེད་རིམ་ཐམས་ཅད་ཀྱི་འགག་དོན། རྫོགས་རིམ་ཐམས་ཅད་ཀྱི་སྙིང་པོ། མན་ངག་ཐམས་ཅད་ཀྱི་རྩ་བའི་ཡང་ཞུན། བྱིན་རླབས་ཐམས་ཅད་ཀྱི་རྩ་བ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། ནུས་མཐུ་ཐམས་ཅད་ཀྱི་དཔུང་བསྐྱེད། བཤད་པ་ཐམས་ཅད་ཀྱི་དོན། སྒྲུབ་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཕྱི་ནང་ཐམས་ཅད་དང་གསང་སྔགས་བླ་ན་མེད་པ་རྣམས་ཀྱི་དགོངས་པ་མ་ལུས་པ་འདུས་ཤིང་ཁོག་ཚང་ལ་གནད་འདུས་པ། འདི་བསྒྲུབས་པས་ཀུན་འགྲུབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་སྐྱེད་པའི་གདམས་པ་ཟབ་མོ་གསེར་གྱི་ཡང་ཞུན་ལྟ་བུར། གོང་ཞུས་གཏེར་སྟོན་ཆེན་པོ་རཏྣ་གླིང་པའི་གཏེར་ཆོས་གཙོ་བོར་གྱུར་པའི་ཤར་རྒྱལ་བ་དཔལ་ཡུལ་བའི་ཕྱག་བཞེས་ཇི་ལྟ་བར་ཆོས་སྡེ་ཆེན་པོ་འདིར་གནའ་ནས་ད་བར་རྒྱུན་ཆགས་སུ་གནས་པ་རྣམས་ཏེ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག ས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་སྐེམ། དམ་ཉམས་དང་འདྲེས་ཁྱེར་གྱི་སླད་མ་ཞུགས། མ་དང་མཁའ་འགྲོའི་ཁ་རླངས་ཀྱི་ངད་མ་ཡལ། བྱིན་རླབས་དོན་བརྒྱུད་ཀྱི་ཟམ་མ་ཆད་པའི་གསེར་ཆོས་ཁྱད་པར་དུ་འཕགས་པ་རྣམས་སོ།།

༢༽ བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་ནི།

དེ་ཡང་ལམ་རིམ་ལས། སྒྲུབ་ཐབས་ཡན་ལག་བཞི་སྦྱར་ལ། །ཞེས་པས། ཡན་ལག་བཞི་ནི། གསང་བ་སྙིང་པོ་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པ་ལྟར་ཡིན་པ་དང་། འདི་དག་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་མང་དུ་ཡོད་ནའང་། འདིར་སྒྲུབ་པ་ཆེན་པོ་དང་སྦྱར་ནས་ཞུས་ན།

དང་པོ་བསྙེན་པ་ནི། སྒྲུབ་བྱང་ལས། རིམ་པ་གཤོམ་དང་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར། སྒྲུབ་པའི་ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་ལ་འཇུག་པར་མ་ཐོགས་པའི་བར་གྱི་སྒྲུབ་པའི་སྦྱོར་བ་དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་སྔོན་འགྲོ་རྣམས་ཏེ། འདི་ལ་རྣམ་གྲངས་མང་ཡང་མདོར་བསྡུས་ན། སའི་ཆོ་ག་དང་། ཐིག་གི་ཆོ་ག ཚོན་གྱི་ཆོ་ག རབ་གནས་བྱ་བ། སྦྱིན་སྲེག་བྱ་བ་དང་ལྔ་ལས། དང་པོ་ས་ཆོག་ལའང་། ས་བརྟག་པ། བསླང་བ། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་རློབ་པ། སྲུང་བ། བཟུང་བ་བཅས་བདུན་དང་། དེའི་རྗེས་ས་འདུལ་གྱི་འཆམ་འཁྲབ་པའམ་དེ་ཉིད་ཀྱི་དོད་དུ་ཁྲོ་ཕུར་བཀྲམ་པ་དང་། ཕྱི་ནང་གསང་གསུམ་གྱི་མཚམས་གཅོད་པ་གཉིས། མཚམས་གཅོད་པ་ལའང་ཕྱི་མཚམས་གཅོད་པ་རྒྱལ་ཆེན་སྡེ་བཞི་ལ་ཐོ་འཛུགས་པ། ནང་མཚམས་གཅོད་པ་དམ་སྲི་མནན་ཞིང་སྒོ་བྱང་འདོགས་པ། གསང་མཚམས་གཅོད་པ་མ་ཏྲཾ་རུ་དྲ་བསྒྲལ་བ་གསུམ་བཅས་དང་།

ཐིག་གི་ཆོ་ག་ལ། ལྷ་རྣམས་ལ་སྙན་གསན་དབབ་པའི་དོན་དུ་ལྷ་སྟ་གོན་བྱ་བ་དང་། དེ་བཞིན་བུམ་པ་ལ་སོགས་པའི་ཡན་ལག་རྣམས་སྟ་གོན་བྱ་བ་དང་། དེ་ནས་ཐིག་གི་རྒྱུ་དང་། གྲོགས། ཚད། གྲངས་ཉེས་སྤོང་རྣམས་ཤེས་པར་བྱ་ཞིང་། དངོས་གཞིའི་སྐབས་ཐིག་གདབ་པའི་གཞི་དེར་ཕྱི་ནང་གསང་གསུམ་གྱི་རྫས་ཀྱིས་རིམ་བཞིན་ཆག་ཆག་གདབ་པ་དང་། བྱིན་གྱིས་བརླབས་པ་དང་། ཐིག་ལས་དངོས་གཞི་ལ། ཡེ་ཐིག བར་ཐིག ལས་ཐིག་གསུམ་པོ་རིམ་བཞིན་ཇི་ལྟར་འདེབས་ཚུལ་དང་། དངོས་གཞི་གདབ་པ་བཅས་ཀྱིས་ཐིག་ལས་རྫོགས་པ་ཡིན་ནོ།།

ཚོན་གྱི་ཆོ་ག་ལ། ཚོན་ནི་རྡུལ་ཚོན་ཏེ། དེའི་རྒྱུ། གྲངས། བྱིན་རླབས། འགྱེད་ཚུལ། ཉེས་སྤོང་རྣམས་ལེགས་པར་ཤེས་པར་བྱ་ཞིང་། དེ་ནས་དངོས་གཞི་རྡུལ་ཚོན་བྱིན་གྱིས་བརླབས་པ་དང་འགྱེད་པའི་ཚུལ་གྱིས་ཚོན་གྱི་ཆོ་ག་རྫོགས་པ་ཡིན་ནོ།།

དེ་ནས་མཐར་རབ་གནས་དང་སྦྱིན་སྲེག་བྱས་པས་སྒྲུབ་པའི་སྦྱོར་བ་བསྙེན་པའི་ཡན་ལག་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་ནོ།།

གཉིས་པ་ཉེ་བསྙེན་ནི། དེ་ཉིད་ལས། གསང་སྒོར་ཞུགས་ནས་བྱིན་ལྡན་པ། །ཉེ་བའི་བསྙེན་པ་ཞེས་སུ་བརྗོད། །ཅེས་པ་ལྟར། སྒྲུབ་པ་ལ་ཞུགས་ནས་དངོས་གཞི་དབུ་མ་ཚུགས་སྔོན་བར་དུ་བྱ་བའི་ཆོ་གའི་ལས་རྣམས་ཏེ། རྒྱན་འགོད་པ། བགེགས་བསྐྲད། སྲུང་འཁོར། མཆོད་རྫས་བྱིན་རླབས། བྱིན་འབེབས། བཅས་ལྔ་པོ་རྣམས་ཀྱིས་རྫོགས་པ་ཡིན་ནོ།།

གསུམ་པ་སྒྲུབ་པ་ནི། དེ་ཉིད་ལས། གང་ཡང་བར་ཆད་མི་གཡེལ་བར། །དམ་པའི་གཞུང་གཉིས་འཛིན་པས་ན། །སྒྲུབ་པ་ཞེས་སུ་བརྗོད་པ་ཡིན། །ཞེས་པ་ལྟར། དངོས་གཞི་ཉིན་དྲུག་གམ་བདུན་གྱི་རིང་སྒྲུབ་པའི་ལས་གཞུང་བསྲངས་ནས་གསལ་བ་གསུམ་དང་ལྡན་པས་འཛབ་བཟླ་བ་སོགས་གཙོ་བོར་བྱེད་པ་སྟེ། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་ལའང་ཐུན་མོང་དང་ཐུན་མིན་གཉིས། དང་པོ་ཐུན་མོང་གི་སྔོན་འགྲོ་ནི། སོ་ཐར་གྱི་སྡོམ་པ་ཡར་ལྡན་དུ་བྱེད་ཅིང་ལོག་ལྟའི་གཉེན་པོར་སྐྱབས་སུ་འགྲོ་བ། བྱང་སེམས་ཀྱི་བསླབ་པ་མི་ཉམས་པར་བྱེད་ཅིང་ཐེག་དམན་གྱི་གཉེན་པོར་སེམས་བསྐྱེད་པ། ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་ལམ་གྱི་གོམས་སྟོབས་སྐད་ཅིག་ལ་བགྲོད་ཕྱིར་ཡན་ལག་བདུན་པ། ཚོགས་གཉིས་གསོག་པའི་ཐབས་བླ་ན་མེད་པ་མཎྜལ་བཅས་ཀྱི་བར་རོ།།

གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ནི། མཐུན་རྐྱེན་སྒྲུབ་པའི་ཡན་ལག་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་རྣམས་བྱིན་གྱིས་བརླབས་པ་དང་། ཐ་ཚིག་ལ་གནས་པའི་དཀར་ཕྱོགས་ཀྱི་དགེ་བསྙེན་ལ་བརྔན་གཏོར་བྱིན་ཏེ་ཕྲིན་ལས་བཅོལ་བའི་སླད་དཀར་གཏོར་དང་བགེགས་གཏོར་གཏོང་བ་དང་། དགེ་བའི་ལས་ལ་བར་དུ་གཅོད་པའི་ནག་ཕྱོགས་ཀྱི་འབྱུང་པོ་ལ་གླུད་གཏོར་བསྔོས་ནས་བསྐྲད་ཅིང་གཟིར་བ་དང་། ཅིས་ཀྱང་མི་ཤིགས་པའི་སྲུང་འཁོར་སྒོམ་པ་དང་། དཀྱིལ་འཁོར་གྱི་གནས་དང་སྒྲུབ་པའི་རྫས་དང་རྣལ་འབྱོར་པ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་པར་གྱུར་ཅིང་དབང་བསྐུར་བས་མཐུ་ནུས་སྐྱེད་པར་བྱེད་པ་བྱིན་འབེབས་པ་དང་། ཚེ་རབས་གྲངས་མེད་པར་བསགས་པའི་ཉམས་ཆག་སྡིག་སྒྲིབ་རྣམས་བཤགས་པར་བྱ་བ་བཅས་ཀྱི་བར་རོ།།

གཉིས་པ་དངོས་གཞི་ལ། ཏིང་ངེ་འཛིན་རྣམ་པ་གསུམ་[2]གྱིས་གསལ་བཏབ་པ། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་རྣམས་རིམ་བཞིན་གསལ་བརྟན་དག་གསུམ་[3]གྱིས་བསྐྱེད་པ། སྤོས་རོལ་གདུང་དབྱངས་དང་བཅས་དམ་ཡེ་དབྱེར་མེད་ཀྱི་ངང་ནས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ། དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ལྷ་རྣམས་དམ་ཚིག་གི་འཁོར་ལོར་བཞུགས་སུ་གསོལ་བ། དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གཉིས་མེད་མཉམ་པའི་ངང་དུ་ཕྱག་འཚལ་བ། དེ་བཞིན་མཆོད་པ་འབུལ་བ། བསྟོད་པ་བྱ་བ། འཛབ་[4]བསྐུལ་བ། དངོས་གཞི་འཛབ་བཟླ་བ། མཆོད་བསྟོད་བྱ་བ། དངོས་སྒྲུབ་བསྐུལ་བ་བཅས་བཅུ་གཅིག་སྟེ། འདི་ཡན་ཆད་ལ་སྔ་ཆོག་ཅེས་བྱ་ཞིང་། འདི་ཉིད་ཆོ་གའི་གཙོ་བོ་ཡིན་ཞིང་། འཁོར་འདས་ཀྱིས་བསྡུས་པའི་སྣང་གྲགས་རྟོག་པ་ཐམས་ཅད་ལྷ་སྔགས་ཆོས་སྐུ་གསུམ་གྱི་རང་བཞིན་དུ་ཤེས་པར་བྱ་ཞིང་བསྒོམ་པར་བྱ་བ་ཡིན་ལ། ཁྱད་པར་དངོས་གཞིའི་སྐབས་འདིར་རྒྱུ་ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ་ཅིང་། རྐྱེན་སྲོག་སྡོམ་གཟེར་བཞིས་[5]རྒྱས་བཏབ། འབྲས་བུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམས་པས། སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་འཛབ་བཟླ་བ་སོགས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པར་བྱ་བ་ཡིན་ནོ། །དམིགས་བསལ་སྒྲུབ་ཆེན་གྱི་སྐབས་འདིར་མཆེད་ལྕམ་འདུས་པ་བྱིངས་ནས་རང་གི་ལུས་ལྷའི་རང་བཞིན། ངག་སྔགས་ཀྱི་རང་བཞིན། སེམས་ཆོས་ཉིད་ཀྱི་རང་བཞིན་དང་མ་བྲལ་བས་དཀྱིལ་འཁོར་གསུམ་ལྡན་གྱི་ངང་ནས་དཔའ་ཤུགས་བསྐྱེད་པས་ལྷ་བསྐྱེད་པ་དང་སྔགས་བཟླ་བ་དང་གར་འཁྲབ་པ་སོགས་སྤང་བླང་རེ་དོགས་བཅོས་སླད་མེད་པར་བྱ་བ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། ཐུན་དང་ཐུན་མཚམས་གང་དུའང་ལུས་འདུ་འཛི་དང་སེམས་རྣམ་རྟོག་གཉིས་ལས་རྒྱང་དུ་ཐག་བསྲིངས་ནས། དྲན་ཤེས་བརྟན་པོའི་ངང་བློ་བག་མེད་ཐ་མལ་དུ་མ་ལུས་པ་ཞིག་གིས་དམིགས་པ་ལྷའི་གསལ་སྣང་དང་མ་བྲལ་བའི་སྒོ་ནས་བཟླས་པ་བྱ་བ་སོགས་ཀྱི་ཏིང་འཛིན་ལ་འབད་པ་བསྒྲུབ་བྱའི་དོན་པོ་ཡིན།

གསུམ་པ་རྗེས་ཀྱི་ཆོ་ག་ལ། ཞི་རྒྱས་དབང་དྲག་གི་ལྷ་ཚོགས་སོ་སོའི་ལས་གཞུང་ཅི་རིགས་ཡོད་པ་ལྟར། ཆོ་ག་སོ་སོའི་གཞུང་དང་མཐུན་པའི་རྗེས་ཆོག་ཅི་རིགས་ཡོད་ཆོག་ཀྱང་། ཐུན་མོང་དུ་ནི་གནས་སྐབས་སུ་འགལ་རྐྱེན་སེལ་ཞིང་དམིགས་བཅས་དམིགས་མེད་ཀྱི་ཚོགས་གསོག་པ་ཚོགས་ལས་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཐུགས་ཟབ་ཞི་སྤྲོས་བྲལ་གྱི་ཀློང་ནས་འགྲོ་བའི་དོན་དུ་གང་ལ་གང་འདུལ་གྱི་གཟུགས་སྐུར་བཞེངས་ཏེ་ཁམས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་དུ་རྒྱས་གདབ་པའི་ཆེད་དུ་བདག་མདུན་ཐམས་ཅད་གཟི་བྱིན་བསྐྱེད་པས་ཐུགས་དམ་བསྐུལ་བ། སྔོན་གྱི་ཁས་བླངས་དམ་བཅས་པ་རྣམས་རིམ་པར་དྲན་གསོ་བཏབ་ནས་བསྒྲགས་པའི་ཆད་ཐོ་འདོན་པ། ཕྱིན་ཅི་ལོག་མུ་སྟེགས་ཀྱི་རྒོལ་བ་སྲུང་བའི་གཡར་དམ་ལས་ནམ་ཡང་མི་འདའ་བའི་བརྟན་མ་སྐྱོང་བ། སྲིད་པ་སྤྱི་གནོན་གྱི་དགོངས་པས་གཉིས་འཛིན་ལས་ཤར་བའི་དགྲ་བགེགས་ཐམས་ཅད་ཡེ་ཤེས་ལྔའི་ཀློང་ལས་ནམ་ཡང་ལྡང་མེད་ཀྱི་རྟ་བྲོ་བརྡུང་བ། དེ་བཞིན་གཞན་ཡང་མཆོད་བསྟོད། དངོས་གྲུབ་བླངས་པ། ནོངས་བཤགས། བརྟན་བཞུགས། ཉེར་བསྡུ། བསྔོ་སྨོན། ཤིས་བརྗོད་སོགས་བཅུ་གཉིས་ཙམ་དུ་ཡོད་ཅིང་། ཚོགས་ལས་ལའང་སྤྱན་འདྲེན་པ། བྱིན་གྱིས་བརླབས་པ། ཚོགས་ཕུད་འབུལ་བ། ཞལ་དུ་བསྟབ་པ། ཚོགས་བཤགས་བྱ་བ། བསྐང་བ་བྱ་བ། ལྷག་གཏོར་བྱ་བ་བཅས་དྲུག་ཏུ་ཡོད།

དེ་ལྟར་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་ལས་རིམ་ལ་བརྟེན་ནས་ཞག་དྲུག་གམ་བདུན་དུ་ཆོ་ག་བྱེད་པ་ལ་སྒྲུབ་པ་ཞེས་བྱའོ།།

བཞི་པ་སྒྲུབ་པ་ཆེན་པོ་ནི། དེ་ཉིད་ལས། རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བ། །སྒྲུབ་པ་ཆེན་པོར་དེ་བརྗོད་དོ། །ཞེས་གསུངས་པ་ལྟར། གོང་དུ་ཞག་དྲུག་གམ་བདུན་གྱི་རིང་སྒྲུབ་པ་བྱས་པའི་འབྲས་བུ་ཡིན་པས། ཞག་བརྒྱད་པའི་ནུབ་མོར་དངོས་གྲུབ་བླངས་ཤིང་། གཞན་ལ་དབང་བསྐུར་བ་འདི་གཉིས་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ།

༣༽ ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་བསྐྱང་བ།

དེ་ཡང་གོང་དུ་བསྙེན་སྒྲུབ་ཡན་ལག་བཞིའི་ནང་གསེས་སྒྲུབ་པ་ཆེན་པོའི་སྐབས་དངོས་གྲུབ་མ་བླངས་སྔོན་དུ་གལ་ཏེ་སྦྱིན་སྲེག་བྱེད་འདོད་ན་དེའི་ཆོ་ག་རྣམས་རང་རང་གི་གཞུང་དང་བསྟུན་ནས་བྱ་རྒྱུ་དང་། དེ་བཞིན་དངོས་གྲུབ་ལེན་པའི་སྔོན་འགྲོའི་རིམ་པ་ཆ་ལག་དང་བཅས་པ་བསྒྲུབས་རྗེས། གཟོད་དངོས་གྲུབ་ལེན་པ་དང་། དབང་བསྐུར་བ་སོགས་སྒྲུབ་པ་ཆེན་པོའི་ལས་རིམ་རྣམས་རྫོགས་ནས། མཐར་ཆོ་གའི་སྐབས་ཀྱི་ལྷག་ཆད་ནོངས་པ་ལ་སོགས་པ་ཅི་བྱུང་གཉེན་པོ་སྟོབས་བཞིས་དག་པར་དྲན་པའི་ངང་ནས་བཤགས་པ་བྱ་བ། ལས་བྱས་པ་མཐའ་ཡོད་པར་བྱ་བའི་ཕྱིར་རྡོ་རྗེ་སློབ་དཔོན་མཆེད་ལྕམ་འདུས་པ་རྒྱ་མཚོ་དང་བཅས་པ་ཚོམ་བུ་གཅིག་ཏུ་འཚང་རྒྱ་བར་གསོལ་བ་འདེབས་པའི་མར་མེ་སྨོན་ལམ། ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་བརྟན་དུ་བཞུགས་པར་གསོལ་བ་འདེབས་པ། གཟུགས་བརྙན་གྱི་དཀྱིལ་འཁོར་བསུབས་པའི་ཉེས་ལྟུང་བསལ་བར་བྱ་བའི་ཕྱིར་ཡེ་ཤེས་པ་གཤེགས་སུ་གསོལ་བ། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཕྱི་གཞལ་ཡས་ཁང་དང་ནང་ལྷ་ཚོགས་སོགས་ལ་རིམ་གྱིས་བསྡུས་ཏེ་སྤྲོས་བྲལ་གྱི་གནས་ལུགས་ལ་གཞོལ་བའི་ཉེར་བསྡུ། དེ་ལྟར་ཉིན་ཞག་བརྒྱད་ཀྱི་རིང་དགེ་རྩ་བསགས་པའི་འབྲས་བུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་སྨོན་ལམ་བཏབ་པ། འཁོར་གསུམ་རྣམ་པར་དག་པའི་གདེང་གིས་ཟིན་པས་མཁའ་དབྱིངས་གང་བའི་རིག་འཛིན་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པས་བདེན་ཚིག་འགོག་པ་མེད་པའི་སྒྲ་དབྱངས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་ཤིས་པ་བརྗོད་པ། སྒྲུབ་པའི་ནང་མཚམས་ཀྱི་སྒོ་བྱང་བསྡུ་བ། ཕྱི་མཚམས་ཀྱི་རྒྱལ་ཐོ་བསྡུ་བ། རྡུལ་མཚོན་ཆུར་གཤེགས་པ་སོགས་བྱས་པས་སྒྲུབ་པའི་ལས་རིམ་ཡོངས་སུ་རྫོགས་པ་མཇུག་གྲུབ་པ་ཡིན།

༤༽ ཞར་བྱུང་སྒྲུབ་པའི་རྟགས་མཚན་བཤད་པ།

བླ་མ་དགོངས་འདུས་སྒྲུབ་ཆེན་གྱི་དཀྱིལ་ཆོག་ཟབ་དོན་བདུད་རྩིའི་ཉིང་ཁུ་ལས་གསུངས་པ་ལྟར། དེ་ལྟར་ཉིན་ཞག་བརྒྱད་ཀྱི་རིང་སྒྲུབ་པ་བྱས་པའི་འབྲས་རྟགས་སུ། ཉམས་སྤྲོ་བ་དང་། བླ་མ་མཆེད་ལྕམ་ནང་གསེས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེ་བ། བག་དྲོ་བ། ཤེས་པ་དྭངས་པ། བྱིན་ཆགས་པ། ཏིང་ངེ་འཛིན་གསལ་བ། སྒྲུབ་རྫས་ལ་འོད་འཁྱུག་པ། མར་མེ་འཛིན་པ། དྲི་བཟང་འཐུལ་བ་སོགས་ཀྱི་རྟགས་ཁྱད་པར་ཅན་མངོན་སུམ་དུ་འབྱུང་བ་དང་། རྨི་ལམ་དུ་ཡང་གྱེན་ལ་འཛེག་པ། ཉི་ཟླ་ཤར་བ། ནམ་མཁར་འཕུར་བ། ཆུ་ཟམ་བརྒལ་བ། དར་འཕྱར་བ། དུང་འབུད་པ། ངོ་མཚར་ཅན་གྱི་གླེགས་བམ་མཐོང་བ། རྡོར་དྲིལ་སོགས་ཕྱག་མཚན་རྙེད་པ། མཆོད་རྟེན་ལ་རྩི་དཀར་གསོལ་བ། རོལ་མོ་དཀྲོལ་བ། ཁྲི་སྟན་བཟང་པོ་ལ་འདུག་པ། ཁྲུས་བྱ་བ། རྒྱན་བཏགས་པ། བུད་མེད་བཟང་མོས་ཁ་ཟས་སྟེར་བ། གོ་གྱོན་མཚོན་ཆ་ཐོགས་པ་བཅས་དང་། གཞན་ཡང་སྒྲུབ་གཞུང་ཀུན་ནས་བཤད་པའི་སྒྲུབ་པའི་ལྟས་རྣམས་འབྱུང་བར་འགྱུར་ལ། ལྟས་དེ་དག་རྣམས་ལས་ལོག་པའི་རིགས་སོགས་མཚན་ལྟས་ངན་པ་བྱུང་ན། བཤགས་རྒྱུད་བཀླག་ཅིང་། ཚོགས་འཁོར་བསྐོར་བ་དང་། བསྐང་བཤགས་ཅི་མང་གཏོང་བ་དང་། རྣམ་འཇོམས་ཀྱི་གཟུངས་ཆུ་འཐུང་བ་དང་བཀྲུ་བ་སོགས་བྱེད་དགོས་པར་གསུངས་སོ། །དེ་ལྟར་མཚན་ལྟས་བཟང་ངན་ཅི་འདྲ་བྱུང་ནའང་། དེ་དག་མི་ལ་མི་བཤད་ཅིང་། རེ་དོགས་དང་འཁུ་འཁྲིགས་མི་བྱ། རྟགས་བཟང་བ་ལ་དགའ་བ་མི་སྐྱེད། ངན་པ་ལ་དོགས་པ་མི་སྐྱེ། ཐམས་ཅད་རྒྱུ་འབྲས་རྟེན་འབྲེལ་ཚུལ་དུ་ཤེས་པའི་ལྟ་བ་དང་གདིང་བསྐྱེད་པར་བྱའོ་ཞེས་དམ་པ་རྣམས་ཀྱི་གསུང་ཚད་མའོ།།

གསུམ། གང་ཞིག་བསྒྲུབས་པར་བྱས་པའི་འབྲས་བུ།

དེ་ལྟར་རྣམ་དཀར་གྱི་དགེ་ཚོགས་རྨད་དུ་བྱུང་ཞིང་བླ་ན་མེད་པ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཚོམ་བུ་ཚོགས་སྒྲུབ་ཀྱི་རིམ་པ་ཉམས་སུ་བླངས་པའི་ནུས་མཐུས། གནས་སྐབས་སུ་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་། ཚོགས་གཉིས་རྫོགས་ཏེ་སྒྲིབ་གཉིས་བྱང་ནས་གྲུབ་འབྲས་ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་། ཐུན་མོང་མ་ཡིན་པ་མཆོག་གི་དངོས་གྲུབ་རིག་འཛིན་རྣམ་པ་བཞིའི་གོ་འཕང་འགྲུབ་པ་ཡིན་ནོ།།

གསུམ་པ། སྒྲུབ་པའི་བསླབ་བྱ་བཤད་པའི་སྒོ་ནས་མཇུག་བསྡུ་བ།

འདིར་སྒྲུབ་པའི་སྐབས་ཡིད་ལ་འཇགས་རྒྱུར་རེ་ཞིག་གསལ་འདེབས་ཚུལ་དུ་མདོ་ཙམ་སྨོས་ན། སྤྱིར་སྒྲུབ་པ་ལ་ཞུགས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་བསླབ་པའི་མཐའ་བཅུས་གསང་སྔགས་ཀྱི་ཆོས་ལ་ཞུགས་དགོས་ཏེ། སྒོ་དབང་གིས་ཕྱེ། སྲོག་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། དོན་མན་ངག་གིས་སྒྲུབ། རྒྱུད་ཐོས་པས་གྲོལ། སྒོ་ཀུན་ལས་བསྡུ། ཤེས་བྱ་ཕྱོགས་མེད་ལ་བསླབ། དགོས་དོན་དུ་མ་རོ་གཅིག་ཏུ་བསྡུ་བ་བཅས་ཡིན་མོད། དེ་ལས་ཀྱང་ཐོག་མཐའ་བར་གསུམ་དུ་དམ་ཚིག་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་ལམ་བགྲོད་དགོས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ཏེ་བྱུང་། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་བསྒྲུབ། །ཅེས་གསུངས་པ་ལྟར། དམ་ཚིག་ནི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་མིག་གི་འབྲས་བུ་ལྟར་སྲུང་དགོས་ཤིང་། ཁྱད་པར་སྒྲུབ་ཆེན་འདི་ལྟ་བུའི་སྐབས་སུ་གནད་གལ་པོ་ཆེའི་དམ་ཚིག་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། བླ་མ་བཀུར་ཞིང་གསུང་མི་བཅག །ཐུན་བཞིའི་རྣལ་འབྱོར་ཡན་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤངས། །མཆེད་ལྕམ་རྣམས་ལ་གདུང་སེམས་བསྐྱེད། །སེམས་ཅན་རྣམས་ལ་སྙིང་རྗེས་སྐྱོངས། །ང་རྒྱལ་རློམ་སེམས་ཞེ་སྡང་སྤངས། །འདོད་ཆགས་ཕྲག་དོག་ཁར་མི་བཏང་། །གསང་སྔགས་ལྟ་སྤྱོད་ཟུང་དུ་འབྲེལ། །རྫོགས་བསྙེན་སྒྲུབ་པ་མཐའ་རུ་དབྱུང་། །ལེ་ལོ་གཉིད་དང་ཆང་དབང་སྤངས། །ཞེས་གསུངས་པ་ལྟར་མོས་གུས་དག་སྣང་ལ་གཞི་བཅའ། ལྷ་སྔགས་ཏིང་འཛིན་གྱིས་གཞུང་བསྲང་། སྡོམ་པ་དམ་ཚིག་གི་སྲོག་མཁར་བརྟེན། གཉིད་དང་ལེ་ལོ་ཆང་སོགས་བག་མེད་པའི་རྒྱུ་དང་ལྟུང་བ་འབྱུང་བའི་སྒོ་རྣམས་རིང་དུ་སྤངས། དད་པ་དང་སྤྲོ་བ་བརྩོན་འགྲུས་དྲག་པོས་གཅིག་ཏུ་འབད་པ་ཤིན་ཏུ་གལ་ཆེ་སྟེ། སྤྱིར་དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བ་ལས་ཐར་བའི་དུས་མེད་པར་གསུངས་ཤིང་ཁྱད་པར་སྒྲུབ་ཆེན་འདི་ལྟ་བུ་ནི། དུག་སྦྲུལ་གྱི་མགོ་ཡི་ནོར་བུ་ལེན་པ་བཞིན་དུ་ཁེ་ཉན་ཆེ་བའི་ཕྱིར། བག་ཡངས་རང་གར་སྤྱོད་པ་དང་དམ་ཚིག་ལས་ཉམས་ན་ཉམས་པ་པོ་རང་ཉིད་ཙམ་མ་ཟད། འདིར་འདུས་པ་ཀུན་ལའང་ཉམས་འགྲིབ་ཀྱི་ཤན་ཕོག་པར་འགྱུར་བས། རྟག་ཏུ་དྲན་ཤེས་བག་ཡོད་དང་མ་བྲལ་བར་བསྲུང་རྒྱུ་གལ་ཆེ་ཞིང་། དེ་ལྟར་བསྲུངས་པའི་ཕན་ཡོན་ཡང་། བཀོད་པ་ཆེན་པོ་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་གསུངས། དེ་ལྟར་གཞི་དམ་ཚིག་གིས་བཟུང་ནས། གསང་སྔགས་བླ་མེད་ཀྱི་སྒོར་ཞུགས་པ་ལ། ལྟ་བའི་གདེང་གིས་འཁོར་འདས་རང་སེམས་སུ་ཐག་བཅད། སྒོམ་པའི་ཉམས་ཀྱིས་སྣང་སྲིད་དག་པ་རབ་འབྱམས་སུ་སྦྱར། སྤྱོད་པ་བརྟུལ་ཞུགས་ཀྱི་རྩལ་གྱིས་གང་བྱུང་ལམ་དུ་འཁྱེར་ཤེས་པའི་ངང་། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་པས་བསྙེན་སྒྲུབ་ཀྱི་བཟླས་པ་ལ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་དགོས་ཤིང་། ལྷ་སྒོམ་པ་དང་སྔགས་ཟློ་བ་ཐམས་ཅད་ཀྱི་དུས་ན་དམིགས་པ་རྩེ་གཅིག་པས། ཞུམ་པ་དང་ང་རྒྱལ་རྣམས་རྣམ་པར་སྤངས་ཤིང་། སྒྲ་དང་རྣམ་རྟོག་རྣམས་རྣམ་པར་བཅད་དེ། ལྷ་དང་སྔགས་ལས་གཞན་ལ་ཅི་ནས་ཀྱང་མི་བསམ་པར་བྱ་ལ། གཉིད་དང་ལེ་ལོ་རྣམ་གཡེང་སོགས་ཀྱི་དབང་དུ་གཏན་ནས་མི་གཏོང་བར་སྒྲུབ་པ་ལ་བརྩོན་དགོས་སོ།།

སླར་སྨོན་པ།

བླ་མ་དགོངས་འདུས་སྒྲུབ་ཆེན་གྱི། །དཀྱིལ་ཆོག་བདུད་རྩིའི་ཉིང་ཁུ་དང་།།

འཇིགས་གླིང་དགོངས་འདུས་རྣམ་བཤད་དེ། །གཞན་ཡང་སྒྲུབ་གཞུང་སྣ་ཚོགས་དང་།།

བསྙེན་ཡིག་སྣ་ཚོགས་ཁུངས་གཏུགས་ནས། །བླ་མ་རིག་འཛིན་ལྷ་ཚོགས་དང་།།

ཡི་དམ་གུ་རུ་དྲག་པོ་དང་། །ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་སོགས།།

ཆོས་སྲུང་རྒྱ་མཚོར་བཅས་པ་ཡི། །སྒྲུབ་པའི་འབེལ་གཏམ་སྙིང་དྲིལ་འདིས།།

མ་དག་ནོངས་ཀུན་དྲུང་ནས་བཤགས། །དགེ་གྱུར་རྒྱུད་ལྔ་ཡོངས་ལ་བསྔོའོ།།

སརྦ་མངྒ་ལཾ་བྷ་ཝ་ཏུ།


[1]  བཀའ་གཏེར་བརྒྱུད་པའི་ཆུ་བོ་རྣམ་པ་བཞི་ནི། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ།༡ བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ།༢ ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ།༣ སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ།༤

[2]  ཏིང་ངེ་འཛིན་རྣམ་པ་གསུམ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་ལྟ་བ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན།༡ དེ་ལྟར་མ་རྟོགས་པའི་འགྲོ་བ་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུན་མོང་མ་ཡིན་པ་རྒྱུད་ལ་བསྐྱེད་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན།༢ སྙིང་རྗེའི་ཡུལ་དུ་གྱུར་པའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་མངོན་པར་ལྷགས་པ་བདག་གི་རྣམ་པར་ཤེས་པ་ཉི་ཟླ་པདྨའི་གདན་སྟེང་དུ་ཕེབས་པར་གསལ་བ་རྒྱུའི་ཏིང་ངེ་འཛིན་༣བཅས་སོ།།

[3]  གསལ་བརྟན་དག་གསུམ་ནི། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་རྣམས་སྣང་སྟོང་ཟུང་འཇུག་ཆུ་ཟླ་དང་འཇའ་ཚོན་ལྟ་བུར་གསལ་ལ་མ་འདྲེས་ཡོངས་རྫོགས་སུ་སེམས་རྩེ་གཅིག་ཏུ་སྒོམ་པ་རྣམ་པ་གསལ་བ།༡ རྟེན་བརྟེན་པ་དེ་དག་ཀྱང་ཐ་མལ་པ་ལྟ་བུ་མ་ཡིན་པར་སངས་རྒྱས་ཆོས་སྐུའི་རོལ་གར་བསམ་གྱིས་མི་ཁྱབ་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ཡེ་ནས་འདུ་འབྲལ་མེད་པའི་རྟགས་ཀྱི་ཕྱག་རྒྱར་ཤར་བར་ཤེས་པ་རྣམ་དག་དྲན་པ།༢ དེའང་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་ལྟ་བུ་མ་ཡིན་པར་གདོད་མའི་གཤིས་ལུགས་ཀ་དག་སྤྲོས་བྲལ་ཆེན་པོ་འཆིང་གྲོལ་ལས་འདས་པ་ཉིད་རང་བྱུང་གདོད་མའི་མགོན་པོ་ཁྱབ་བདག་བདེ་བ་ཆེན་པོར་ཡེ་ནས་གནས་པ་ལ་དེ་ལྟར་ཡིན་པའི་ངེས་ཤེས་ཟབ་མོ་ཐ་མལ་གྱི་རྐྱེན་གྱིས་མི་འཕྲོག་པར་རྡོ་རྗེ་ལྟར་བརྟན་པ་ང་རྒྱལ་བརྟན་པ་༣བཅས་སོ།།

[4]  “འཛབ་”ཅེས་པ་རྒྱ་གར་ལེགས་སྦྱར་གྱི་སྐད་དེ། བསྙེན་པའི་དོན་དུ་གོ དེ་ཡང་ལེགས་སྦྱར་གྱི་ཡིག་སྐད་ཇི་བཞིན་ཕབ་ན། “ཛཔ྄་”ཅེས་འབྲི་དགོས་མོད། འོན་ཏེ་སྒྲུབ་པའི་ལས་གཞུང་ཕལ་ཆེ་བར་“འཛབ་”ཅེས་བཀོལ་སྤྱོད་བྱས་འདུག་པར་བརྟེན། འདིར་ཡང་དེ་བཞིན་བྲིས་པའོ།།

[5]  སྲོག་སྡོམ་གཟེར་བཞི་ནི། གསལ་བདག་བརྟན་གསུམ་འཛོམས་པའི་བསྐྱེད་རིམ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་ཏིང་འཛིན་དམིགས་པའི་གཟེར།༡ གཉུག་མའི་ཡེ་ཤེས་གཞོམ་མེད་སྔགས་ཀྱི་དེ་ཁོ་ན་ཉིད་དུ་ངེས་པའི་ངང་ནས་བསྙེན་པ་བར་མ་ཆད་པར་བཟླ་བ་སྙིང་པོ་སྔགས་ཀྱི་གཟེར།༢ ལྷར་སྣང་བ་ཐམས་ཅད་རིག་པའི་རང་རྩལ་དུ་ཤེས་ཤིང་རིག་སྟོང་ཀ་དག་ཀུན་བཟང་གི་དགོངས་པ་ལས་མི་གཡོ་བ་མི་འགྱུར་དགོངས་པའི་གཟེར།༣ དམིགས་པ་ཕྱོགས་གཅིག་ལ་མི་ཞེན་པར་སྤྱི་བྱེ་བྲག་གི་ཏིང་འཛིན་དགོངས་པའི་འཕྲོ་འདུ་ལ་བསླབ་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་༤བཅས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།