ལོ་རིམ་དགུ་པའི་སློབ་གཉེར་བ། ཚེ་དབང་ནོར་བུ།
ནང་དོན་གནད་བསྡུས།
གཙོ་བོ་བོད་གངས་ཅན་ལྗོངས་སུ་དབུ་མའི་ལྟ་གྲུབ་འཕེལ་རིམ་གྱིས་དེ་དང་དེའི་རྣམ་གྲངས་ཇི་ལྟར་བྱུང་འཕེལ་གྱི་ཚུལ་ལ་བརྟེན་ནས། དབུ་མ་པའི་གྲུབ་མཐའི་རྣམ་གྲངས་དག་གི་ཐ་སྙད་ཇི་ལྟར་གྲུབ་ཚུལ་གྱི་སྐོར་ཏེ། དེ་ཡང་བསྟན་པ་སྔ་དར་གྱི་སྐབས་དང་ཕྱི་དར་གྱི་སྐབས་གཉིས་སུ་ཕྱེ་སྟེ། དེའི་ཚེ་དེའི་དུས་ན་ལོ་པཎ་དམ་པ་རྣམས་ཀྱིས་གཞུང་ལུགས་བསྒྱུར་ཞུས་འཆད་ཉན་ལ་སོགས་པའི་བརྒྱུད་རིམ་ཁྲོད། གྲུབ་མཐའི་ཐ་སྙད་སྲོལ་འབྱེད་མཁན་པོ་དག་གིས་བརྩམས་པའི་རྩོམ་གཞུང་ངམ་ཐ་སྙད་དེ་དག་གསལ་སའི་གཞུང་ལུགས་དག་ལས་འཕྲོས་པའི་དབུ་མའི་ལྟ་གྲུབ་ཀྱི་རྣམ་གྲངས་དག་རིམ་པར་ཕྱེ་ཞིང་། དེ་ལྟར་བསྟན་པ་སྔ་ཕྱིའི་མཁས་དབང་དག་གི་དགོངས་པ་རྣམས་ཕན་ཚུན་གུང་བསྒྲིགས་ཏེ་རྣམ་པར་ཕྱེ་བ་བཅས་ཀྱི་རྩ་བའི་སྒྲོམ་གསུམ་གྱིས་ཁོག་དབུབ་སྟེ་གླེངས་ཡོད།
བརྡ་ཆད་གཙོ་བོ།
མདོ་སྡེ་སྤྱོད་པའི་དབུ་མ་པ། རྣལ་འབྱོར་སྤྱོད་པའི་དབུ་མ་པ། སྒྱུ་མ་ལྟ་བུ། རབ་ཏུ་མི་གནས་པ། དབུ་མ་རང་རྒྱུད་པ། དབུ་མ་ཐལ་འགྱུར་བ། རང་རྒྱུད་གོང་མ་བ། རང་རྒྱུད་འོག་མ་བ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། རང་སྟོང་སྨྲ་བའི་དབུ་མ་པ། གཞན་སྟོང་སྨྲ་བའི་དབུ་མ་པ།
དང་པོ། གླེང་སློང་བའི་གཏམ།
བསླུ་མེད་སྟོན་མཆོག་དམ་པ་རྒྱལ་དབང་ཤཱཀྱ་མུ་ཎི་[1]ཡིས་ཆོས་རྣམས་ཐམས་ཅད་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་བསྟན་པ་ཡིན་ཞིང་། དེའང་གདུལ་བྱ་གང་ལ་གང་འདུལ་གྱི་ཚུལ་དུ་སྣ་ཚོགས་གསུང་གི་མཛད་པས་གནས་སྐབས་ཆོས་ཚུལ་མི་འདྲ་བ་རེ་བསྟན་ཡོད་པ་ཡིན་ཡང་། གནས་ལུགས་མཐར་ཐུག་པའི་རྟོགས་བྱ་དམ་པ་ལ་ཆོས་ཉིད་གཅིག་ཁོ་ན་ཉིད་ལས་གཞན་དུ་མ་གྲུབ་མོད། དེ་གང་ཟག་གི་བྱེ་བྲག་གི་བསམ་པས་ཇི་ལྟར་རྟོགས་ཚུལ་གྱི་དབང་གིས་ལྟ་བ་ཐ་དད་པ་རེ་དང་གྲུབ་མཐའ་ཐ་དད་པ་རེ་ཡོང་གི་ཡོད་པ་དངོས་ཡོད་ཡིན། མིའི་སྤྱི་ཚོགས་ཤིག་ཡིན་ནས་བཟུང་ཆོས་འཇིག་རྟེན་གང་གི་ཐད་ནས་བཤད་ཀྱང་དེ་ལ་རང་རང་གི་ཁམས་དབང་བསམ་པའི་དབྱེ་བས་འདོད་པ་སྣ་ཚོགས་འབྱུང་གི་ཡོད་པ་ལ་སུ་ཡིས་སྙོན་ནུས། གཏན་ཚིགས་དེ་དག་ལ་བརྟེན་ནས་སྔར་རྒྱ་གར་དུའང་མགོན་པོ་ཀླུའི་ཞབས་ཀྱི་རྩ་ཤེས་ཀྱི་དགོངས་པ་དག་ལ་མཁས་གྲུབ་རྣམ་པས་ཨ་འགྲེལ་ཡང་འགྲེལ་གྱིས། ཐལ་འགྱུར་བ་ (प्रासंगिक | Prāsaṅgika) དང་རང་རྒྱུད་པ་ (स्वातंत्रिक | Svātantrika) ཞེས་པའི་མིང་གི་བླ་དྭགས་དངོས་སུ་མ་བྱུང་ཡང་ཚིག་གི་འཛིན་མཚམས་ཙམ་གྱི་ཐད་ནས་གྲུབ་མཐའ་ཐ་དད་པ་གཉིས་དངོས་སུ་བྱུང་ཡོད་པ་གསལ་གསལ་དག་དག་རེད། ཇི་ལྟར་ནའང་དབུ་མའི་གཞུང་གིས་མཚོན་ནང་རིག་གཞུང་ཆེན་ཕལ་ཆེ་བ་ནི་སྟོན་མཆོག་དམ་པའི་བཀའ་ཡི་དགོངས་འགྲེལ་དང་ཨ་འགྲེལ་དང་ཡང་འགྲེལ་ཅན་དག་ཁོ་ན་སྟེ། ནང་རིག་གཞུང་ཆེན་དབུ་ཕར་ཚད་མངོན་འདུལ་བར་བཅས་པ་མཐའ་དག་ལ་ཐོག་མའི་གཞུང་བྱེད་པ་པོ་རེ་རེ་དང་། དེ་རེ་རེ་ལ་འགྲེལ་པ་བྱེད་པ་པོ་རེ་རེ། དེ་ལའང་ནང་གསེས་ཐ་དད་པས་འགྲེལ་ཚུལ་སྣ་ཚོགས་མཆིས་པས་ཕུ་ཐག་ཆོད་རྒྱུ་དང་མཐར་ཐུག་རྒྱུ་ག་ལ་ག་ལ། རིམ་བཞིན་གྲུབ་མཐའི་སྒྲོ་འདོགས་ཅི་རིགས་པས་ད་ལྟའི་ཆར་ཡང་དབུ་མ་ཐལ་རང་གི་ལྟ་བའི་ཁྱད་པར་དང་། ཐལ་འགྱུར་བས་ཐ་སྙད་ཚད་སྒྲུབ་ཁས་ལེན་མི་ལེན་སོགས། གཞུང་ལུགས་ཀྱི་དཀའ་བའི་གནས་རེ་ཟུང་གི་ཀློང་ནས་ཀློང་དུ་ཕྲ་བ་ནས་ཕྲ་བར་ཞིབ་དཔྱད་ཀྱིས་མུན་འཐོམས་ངང་རང་གཞན་ཕན་ཚུན་དགག་སྒྲུབ་ཀྱི་སྤྲོས་པ་དགའ་རབ་ཅིག་བྱེད་པའི་བཟོ་འདྲ་མཆིས་དང་མཆིས་བཞིན་པ་འདི། གནའ་བོའི་འཕགས་ཡུལ་ཐེག་ཆེན་ནང་པ་ནས་བརྒྱུད་པའི་འུ་ཅག་ཐུབ་བསྟན་རིག་སྨྲ་བ་རྣམས་ཀྱིས་མཚན་ཉིད་རིག་པ་ལ་ཇི་ལྟར་སློབ་ཚུལ་གྱི་རྒྱུན་ལྡན་གནས་ཚུལ་ཞིག་ཡིན་པར་སྨོས་མ་དགོས། ལར་ནས་ངེས་པ་དོན་གྱི་མཁས་པ་རྟོགས་པ་དང་ལྡན་པ་རྣམས་ཀྱིས་ནང་ཕན་ཚུན་དགག་སྒྲུབ་ཆེར་མཛད་པ་རྣམས་གནས་སྐབས་དགོས་པའི་དབང་གིས། རང་ལས་གྲུབ་མཐའ་འོག་མར་གྱུར་པའི་སྨྲ་བ་ངན་པའི་ལོག་རྟོག་རྣམས་ཚར་གཅོད་ཅིང་རྗེས་སུ་གཟུང་བར་བྱ་བའི་ཆེད་དང་། རང་དང་མཉམ་པ་རྣམས་ལ་མཁས་པའི་བགྲོ་གླེང་གནང་བ་ལྟ་བུ་དང་། རང་ལུགས་ཀྱི་ལྟ་སྒོམ་ཁྱད་ཆོས་སུ་འདོན་པ་ལ་གནས་སྐབས་གཞན་ལ་དགག་པའི་ཟོལ་གྱིས་དགག་སྒྲུབ་གནང་བ་སོགས་ཡིན་མོད། འོན་ཀྱང་རྟོགས་པ་དང་བྲལ་བའི་ཕྱོགས་རེའི་མིག་ཅན་དག་གིས་ནི་གཞུང་ལུགས་ཀྱི་དོན་ལ་མཉམ་པར་མ་བཞག་པར་ཚིག་ཤགས་ཀྱི་སྤྲོས་པ་ལ་འཆེལ་བའི་དབང་གིས་གཞུང་ལུགས་ཀྱི་གནད་ཕིགས་རྒྱུ་མེད་པར་གྲུབ་མཐའི་སྒྲོ་བཏགས་ཅི་རིགས་འོང་བ་ཡིན་པར་གོར་མ་ཆག ཇི་ལྟར་ནའང་འུ་ཅག་ཐུབ་བསྟན་རིག་གནས་རྒྱུན་འཛིན་པ་རྣམས་ཀྱིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་དྲི་མ་མེད་པ་རྣམས་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས་ངེས་ཤེས་ཕྱིན་ཅི་མ་ལོག་པར་བསྐྱེད་པར་བྱ་བའི་ཆེད། ཀུན་ཁྱབ་ཚད་མ་རྣམ་གསུམ་གྱི་སྒོ་ནས་གནས་སྐབས་རང་རང་སོ་སོའི་གོ་བ་ལེན་ཕྱོགས་ཀྱིས། རང་གཞན་ཕན་ཚུན་དགག་སྒྲུབ་ཀྱི་རིགས་པའི་སྒོ་དུ་མར་སྤྲོས་ཏེ་འཆད་ཉན་བགྱི་བའི་ཚུལ་ཞིག་མཆིས་པ་ཡིན་པས། ངོས་ནས་ཀྱང་མི་མཁས་མཁས་མདོག་གིས་དེའི་ཚུལ་ཙམ་ཞིག་འཛིན་པའི་དབང་དུ་བྱས་ཏེ་བརྒལ་བརྟག་གི་རིམ་པ་ཅུང་ཙམ་སྤྲོ་བར་བྱ།
དེའང་ལོ་ཤས་སྔོན་ནས་དགེ་བའི་བཤེས་གཉེན་དམ་པ་འགའ་ཞིག་གི་རྐྱེན་ལས་དབུ་མའི་ལོ་རྒྱུས་ཀྱི་སྐོར་ལ་བསམ་བློ་དུ་མ་གཏང་རྒྱུ་རྙེད་ཅིང་། དེ་དག་གི་ཁྲོད་ནས་ལེགས་པའི་ཆ་དང་མི་ལེགས་པའི་ཆ་ཅི་རིགས་ཀྱང་བླང་རྒྱུ་བྱུང་ལ། གཤམ་ནས་བསམ་བློ་དེ་དག་གི་སྐོར་གླེངས་ན། སྤྱིར་བཏང་གདན་ས་འདི་གའི་དགེ་བའི་བཤེས་གཉེན་རེ་འགས་སོ་སོའི་བཞེད་ཕྱོགས་ལྟར་གྱི་བདེན་དཔང་རེ་ཁུར་ནས་སྔ་འགྱུར་རང་ལུགས་དབུ་མ་ཐལ་རང་གཉིས་ལས། དབུ་མ་ཐལ་འགྱུར་ལྟར་ཡིན་པར་བཞེད་པ་དང་། རང་རྒྱུད་ལྟར་ཡིན་པར་བཞེད་པ་སོགས་མཆིས་ཤིང་། རང་སྟོང་དང་གཞན་སྟོང་གཉིས་ལས། རང་སྟོང་ལྟར་ཡིན་པར་བཞེད་པ་དང་། གཞན་སྟོང་ལྟར་ཡིན་པར་བཞེད་པ་སོགས་བཞེད་ཚུལ་ཐ་དད་པར་མཆིས་པ་མཐོང་ལ། ཁྱད་པར་འདས་པའི་ལོ་ཤས་སྔོན་ནས་བཟུང་མཐོ་སློབ་ཆེན་མོའི་ཆོས་ར་འདིར་དབུ་མ་པའི་གྲུབ་མཐའི་རྣམ་གྲངས་འཇོག་ཚུལ་ཐད། གཏམ་གསར་པ་ཞིག་གླེང་འགོ་ཚུགས་པ་ལྟ་བུར་སྣང་། དེ་ཡང་འདི་ལྟ་སྟེ། “དབུ་མ་པ་ལ་དབྱེ་ན། མདོ་སྡེ་སྤྱོད་པ་ (सौत्रंतिका–माध्यमक | Sautrantika-Mādhyamaka) དང་། རྣལ་འབྱོར་སྤྱོད་པ་ (योगाचार–माध्यमक | Yogācāra-Mādhyamaka) གཉིས་མ་གཏོགས་མེད། རང་ལུགས་སྔ་འགྱུར་བའི་ལྟ་བ་རྣལ་འབྱོར་སྤྱོད་པ་ལྟར་ཡིན། དེས་ན་དེང་སང་དབུ་མ་པ་ལ་ཐལ་རང་གཉིས་སུ་ཕྱེ་བ་དེ་བསྟན་པ་ཕྱི་དར་བའི་མཁས་པ་དག་གི་རྟོག་བཟོ་ཡིན་ལ། ཐལ་འགྱུར་བ་ཞེས་བྱ་བ་ཞིག་རྒྱ་གར་དུ་ཡེ་ནས་བྱུང་མྱོང་མེད་ཅིང་། གལ་ཏེ་དེ་བྱུང་བར་འདོད་ནའང་། རང་ལུགས་སྔ་འགྱུར་བ་ལ་དེ་གཏན་ནས་འཐད་པར་བྱ་བ་མ་ཡིན་ཞིང་དགོས་པའང་མི་འདུག” ཅེས་པའི་སྐད་ཆ་འདི་དག་རེད། ཁྱེད་ཅག་གིས་སོམས་དང་། འདི་བདེན་པ་འདུག་གམ། ཡང་ན་འདི་ལ་དཔྱད་རྒྱུ་ཞིག་འདུག འདིའི་སྐོར་ན་ནིང་སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་གི་སྐབས་སུའང་གླེང་མོལ་ཤུགས་ཆེ་ཙམ་བྱུང་བ་རེད། གང་ལྟར་ངའི་རྣ་བའི་བུ་གར་སྐད་ཆ་དེ་ཐོག་མར་ལྷུང་བ་ནས་བཟུང་ཡིད་རྟོན་འཕེར་པོའི་ངང་བདེན་པ་བདེན་ཐུབ་ཏུ་བརླམས་མྱོང་སྟེ། ད་ལྟ་ནན་ཞིབ་བྱས་པས་བརྒྱུད། འདི་ལ་མཐའ་གཅིག་ཏུ་བདེན་ཁ་སྟེར་རྒྱུ་མི་འདུག་པ་དང་དཔྱད་རྒྱུ་ཞིག་ཡོད་པ་གཞི་ནས་ཚོར། དེས་ན་འདི་ནས་དེའི་སྐོར་རྒྱ་བོད་ཀྱི་མཁས་གྲུབ་རྣམ་པའི་གཞུང་ལུགས་ཟབ་མོ་དག་ལ་བརྟེན་ཏེ། ཅུང་ཞིག་གླེང་བར་འདོད་པ་དེ་ཡིན།
གཉིས་པ། དཀྱུས་སུ་གླེང་བའི་གཏམ།
གཅིག བསྟན་པ་སྔ་དར་སྐབས་དབུ་མའི་གྲུབ་མཐའ་སྨྲ་བའི་རྣམ་གྲངས།
བསྟན་པ་སྔ་དར་ནི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རིའི་སྐབས་ནས་བཟུང་སྟེ་ཞེ་གཅིག་པ་ཁྲི་དར་མའི་བར་ཏེ། ལྷ་ཐོ་ཐོ་རིའི་སྐབས་དམ་པའི་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོས་སྲོལ་བཏོད། ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད། ཁྲི་རལ་པ་ཅན་གྱིས་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སླར་གསོ་སོགས་མཛད་བཞིན་པ་ལ། ཁྲི་དར་མས་བསྣུབས་པར་བྱས། ཞེས་པའི་ལོ་རྒྱུས་མཁས་པ་དག་གི་ངག་རྒྱུན་ལྟར། བསྟན་པ་སྔ་དར་གྱི་དུས་ཡུན་ནི། ཕུག་ལུགས་ལྟར་ན།[2] སྟོན་པའི་འདས་ལོ། ༡༣༡༤ སྤྱི་ལོ་ ༤༣༣[3] ཆུ་ཕོ་བྱའི་ལོ་སྟེ། བོད་དུ་དམ་པའི་ཆོས་དབུ་བརྙེས་པའི་དུས་ནས་བཟུང་སྟེ། སྟོན་པའི་འདས་ལོ། ༡༧༨༢ སྤྱི་ལོ་ ༩༠༡ ལྕགས་མོ་བྱའི་ལོ་སྟེ། ཁྲི་དར་མ་འུ་དུམ་བཙན་པོས་དམ་པའི་ཆོས་སྣུབ་ཁའི་བར། ཁྱོན་ལོ་གྲངས་ཀྱི་དབང་དུ་བྱས་ན་ལོ་ངོ་ཧྲིལ་པོ་ ༤༦༩ རིང་བསྟན་པ་སྔ་དར་གྱི་དུས་ཡུན་ཆགས་ཡོད། དེ་ལས་ད་དུང་ཞིབ་དཔྱད་བྱས་ན། ལྷ་ཐོ་ཐོ་རིའི་སྐབས་དམ་པའི་ཆོས་དབུ་བརྙེས་པའི་སྐབས་ནས་བརྩིས་པའི་རྒྱལ་རབས་ལྔ་པའི་བར་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་མ་བཏོད་སྔོན་བར་དུ་བགྲང་བྱ་ཧྲིལ་པོ་ ༢༠༩ རིང་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་ངོ་ཐོག་དེ་མ་ཡིན་པས། བསྟན་པ་སྔ་དར་གྱི་དངོས་གཞི་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་བཏོད་པའི་ལོ་[4]ནས་རྩི་དགོས་པ་ཡིན་པའི་ཕྱིར། དེ་ནས་བཟུང་སྟེ་ཁྲི་དར་མས་དམ་ཆོས་སྣུབ་ཁའི་བར་ལོ་ངོ་ ༢༦༠ རིང་སངས་རྒྱས་ཀྱི་བསྟན་པ་དངོས་སུ་དར་ཡོད་ཅིང་། དེ་ལས་ཀྱང་ད་དུང་རིགས་པས་དེད་ན། སྟོན་པའི་འདས་ལོ་ ༡༦༩༡ སྤྱི་ལོ་ ༨༡༠ ལྕགས་ཕོ་སྟག་གི་ལོར་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་ལོ་ནས་བཟུང་། སློབ་དཔོན་ཆེན་པོ་སྲིན་ཡུལ་དུ་མ་གཤེགས་གོང་མཁན་ཆེན་ཡབ་སྲས་དང་བཙད་པོ་ཁྲི་སྲོང་རྣམས་རིམ་གྱིས་འདས་ཤིང་། སྟོན་པའི་འདས་ལོ་ ༡༧༤༥ སྤྱི་ལོ་ ༨༦༤ ཤིང་ཕོ་སྤྲེལ་གྱི་ལོར་སློབ་དཔོན་ཆེན་པོ་སྲིན་ཡུལ་དུ་གཤེགས་པའི་བར་ལོ་ངོ་ ༥༤ རིང་སངས་རྒྱས་ཀྱི་བསྟན་པ་བསྐལ་པའི་མེ་ཆེན་འབར་བ་བཞིན་དར་བའི་དུས་ལྟ་བུར་གྱུར་ཟེར་ན་མི་འོས་པ་མེད། མདོ་དོན་ཡང་སྙིང་བསྟན་པ་སྔ་དར་སྐབས་ཀྱི་དུས་ཡུན་དེ་ཧ་ཅང་ཉུང་བའི་དུས་ཆགས་མོད། འོན་ཀྱང་དུས་ཡུན་ཐུང་ཐུང་དེ་ཚོད་ཀྱི་ནང་དུ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་གཞལ་དུ་མེད་པ་ལས་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་རྒྱ་ཆེན་པོར་དར་ཡོད་པར་གདོན་མི་ཟ་བས་སྨོས་མི་དགོས།
༡༽ སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལུགས་ལས་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་གཉིས་སུ་གྱེས་པའི་སྐོར།
མཁན་སློབ་ཆོས་གསུམ་གྱི་སྐབས་སྔ་འགྱུར་བའི་ལོ་ཙཱ་བ་གྲགས་ཅན་རབ་དགུར་རྩི་བའི་མཐའ་མ་གསུམ་སྟེ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་བཅས། སྐ་ཅོག་ཞང་གསུམ་དུ་གྲགས་པ་འདི་དག་གཙོ་བོ་མདོ་ཡི་ཕྱོགས་རྣམས་སྒྱུར་བ་པོ་སྟེ། ཁོང་རྣམ་པ་གསུམ་གྱིས་རྒྱལ་བའི་བཀའ་བསྟན་སྤྱི་དང་ཁྱད་པར་བསྟན་བཅོས་རྣམས་སྒྱུར་བའི་ཚེ། དེ་དག་གི་བརྗེད་བྱང་དང་ཟིན་བྲིས་མཚོན་བྱེད་བསྟན་བཅོས་ཀྱང་རེ་གཉིས་བརྩམས་ཡོད་ལ། དེ་ཡང་སྐ་བ་དཔལ་བརྩེགས་ཀྱིས་«ལྟ་བ་རིམ་པ་བཤད་པ།» ཅོག་རོ་ཀླུའི་རྒྱལ་མཚན་གྱིས་«ངེས་པའི་དོན་གྱི་དབུ་མ།» ཞང་ཡེ་ཤེས་སྡེས་«ལྟ་བའི་ཁྱད་པར་»སོགས་གཙོ་བོ་ལྟ་གྲུབ་དང་འབྲེལ་བ་ཁག་བརྩམས་ཡོད་པར་བདོག དེ་དག་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱི་བརྩམས་ཆོས་དེ་ད་ཆ་མཐོང་རྒྱུ་མེད་ལ། གཞན་གཉིས་པོ་བསྟན་འགྱུར་ཕལ་ཆེ་བའི་སྣ་ཚོགས་ཆོས་ཚན་གྲས་སུ་བཞུགས་ཡོད་པ་ཡིན།
དེ་ལ་ཡོངས་གྲགས་ལྟར་ན་བསྟན་པ་སྔ་དར་གྱི་སྐབས་ན་དབུ་མ་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཀྱི་དབྱེ་བ་འབྱེད་པ་ཡིན་ཏེ། ཞང་ཡེ་ཤེས་སྡེའི་ལྟ་བའི་ཁྱད་པར་ལས། “དབུ་མའི་བསྟན་བཅོས་ལུགས་ཅུང་ཟད་མི་མཐུན་པ་གཉིས་བྱུང་བས། ཨཱཙཱརྱ་བྷ་བྱས་ (आचार्य भव्य | Ācārya Bhavya) མཛད་པ་ལ་ནི་མདོ་སྡེ་པའི་དབུ་མ་ (सौत्रंतिका–माध्यमक | Sautrantika–Mādhyamaka) ཞེས་བཏགས། ཨཱཙཱརྱ་ཤཱནྟ་རཀྵིཏཱས་ (आचार्य शान्त रक्षिता | Ācārya Śānta Rakṣita) མཛད་པ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ (योगाचार–माध्यमक | Yogācāra-Mādhyamaka) ཞེས་བཏགས་སོ།།” ཞེས་བྱུང་བ་ལྟར། སྔར་བྱོན་གྱི་བོད་མཁས་པ་ཕལ་ཆེ་བས་བསྟན་པ་སྔ་དར་སྐབས་ཀྱི་དབུ་མ་པའི་དབྱེ་བ་འདི་ལྟར་མཛད་ཅིང་། ཞང་ཡེ་ཤེས་སྡེས་མཛད་པའི་«ལྟ་བའི་ཁྱད་པར་»དེ་ནི་དབྱེ་བ་དེ་གཉིས་པོའི་ཐ་སྙད་ཐོག་མར་གསལ་སའི་གཞུང་ཡིན་པར་གསུངས་ཤིང་། དེང་གི་ཞིབ་འཇུག་པ་མཁས་པ་ཕལ་ཆེ་བས་ཀྱང་དེ་དག་གི་རྗེས་སུ་འབྲངས་ཏེ་དེ་ལྟར་གླེང་བར་བྱེད། འོན་ཀྱང་སྔར་བྱོན་གྱི་མཁས་པ་དང་དེང་གི་ཞིབ་འཇུག་པ་རྣམས་ཀྱིས་ཞལ་གཅིག་མཐུན་དུ་ཐ་སྙད་དེ་གཉིས་པོ་ཐོག་མར་གསལ་སའི་གཞུང་«ལྟ་བའི་ཁྱད་པར་»དེ་ཡིན་པར་གླེངས་པ་ཙམ་ལས། རྒྱ་བོད་ཐུན་མོང་གི་དབང་དུ་བྱས་པའམ། ཡང་ན་བོད་བརྒྱུད་ཁོ་ནའི་དབང་དུ་བྱས་མིན་གསལ་ཁ་མི་སྣང་།
མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་ཐ་སྙད་ཐོག་མར་གསལ་སའི་རྒྱ་གར་མཁས་པའི་གཞུང་།
འདི་ན་ཕྲན་གྱིས་དཔྱད་ཞིབ་བྱས་པའི་བརྒྱུད། བསྟན་འགྱུར་པར་མ་ཕལ་ཆེ་བའི་དབང་དུ་བྱས་ན་ཐ་སྙད་དེ་གཉིས་ཀར་གསལ་སའི་རྒྱ་གར་མཁས་པའི་གཞུང་ནི་ཁ་ཆེ་པཎྜིཏ་ལཀྵྨཱི་ཀཱ་ར་ཞེས་བྱ་བས་མཛད་པའི«རིམ་པ་ལྔའི་འགྲེལ་པའི་དོན་གསལ་བར་བྱེད་པ་»ཞེས་བྱ་བ་དེ་ཉིད་གཅིག་པུ་ཡིན་ཞིང་། དེ་ཡང་དེ་ཉིད་ལས་ཐ་སྙད་དེ་གཉིས་ཀྱི་སྟེང་རྒྱལ་བའི་ཡུམ་གྱི་དབུ་མ་ཞེས་པའང་བསྣན་ཏེ་དབུ་མ་པ་ལ་དབྱེ་བ་གསུམ་དུ་ཕྱེ་བ་ཡིན་ཏེ། དེ་ཉིད་ལས། “རྒྱུ་དང་རྐྱེན་ལས་འབྱུང་བའི་ཕྱིར་དོན་ལོགས་སུ་འགྲུབ་པ་དང་། རྣམ་པ་མེད་པའི་རྣམ་པར་ཤེས་པ་ལོགས་སུ་འགྲུབ་པ་སྟེ། དེ་གཉི་ག་ཡང་རང་བཞིན་མེད་པའོ་ཞེས་མདོ་སྡེའི་དབུ་མ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་གཟུང་བ་ཡིན་ནོ། །ཕྱིའི་དངོས་པོ་ནི་ཡེ་ཤེས་ཀྱི་རྣམ་པ་ཁོ་ན་ཡིན་ཏེ། དེ་ཡང་རང་བཞིན་མེད་པའོ་ཞེས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་གཟུང་བ་ཡིན་ནོ། །མཐོང་བ་དང་བསྒོམ་པའི་ལམ་རྣམས་ཀྱིས་ཉོན་མོངས་པ་སྤངས་ཏེ། ཆོས་ཀྱི་སྐུ་ཐོབ་པའོ་ཞེས་རྒྱལ་བའི་ཡུམ་གྱི་དབུ་མ་པ་རྣམས་གྲུབ་པའི་མཐའ་འདོད་དོ།།” ཞེས་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། རྒྱལ་བའི་ཡུམ་གྱི་དབུ་མ་པ་གསུམ་དུ་ཕྱེ་བར་མཛད་འདུག པཎྜིཏ་ཁོང་ནི་དུས་རབས་བཅུ་གཅིག་གི་མཚམས་སུ་བྱོན་པའི་ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོའི་སློབ་མ་ཡིན་པར་གྲགས་ཤིང་། ཁོང་གི་གསུང་འབུམ་དུ་གསལ་བའི་དབུ་མ་པའི་དབྱེ་བ་དེ་དག་ཁོང་རང་ཉིད་ཀྱིས་མཛད་པའམ་ཡང་ན་གཞན་ནས་རྣ་བར་བརྒྱུད་པ་ཡིན་མིན་ཆ་མ་འཚལ།
རྒྱ་བོད་སྤྱི་དང་ཁྱད་པར་བོད་དུ་ཐ་སྙད་དེ་གཉིས་ཀ་ཐོག་མར་གསལ་སའི་གཞུང་།
རྒྱ་བོད་སྤྱི་དང་ཁྱད་པར་བོད་དུ་ཐ་སྙད་དེ་གཉིས་ཀ་ཐོག་མར་གསལ་སའི་གཞུང་ནི་ཡོངས་གྲགས་ལྟར་ན་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་«ལྟ་བའི་རིམ་པ་བཤད་པ་»དང་། ཞང་ཡེ་ཤེས་སྡེས་མཛད་པའི་«ལྟ་བའི་ཁྱད་པར་བཤད་པ་»འདི་གཉིས་པོ་ཡིན་ཞིང་། གཞན་ཡང་བསྟན་འགྱུར་སྣ་ཚོགས་ཆོས་ཚན་གྲས་སུ་«ལྷག་མཐོང་བསྐྱེད་པའི་ཐབས་»ཟེར་བའི་མཛད་བྱང་མེད་པ་ཞིག་ཡོད་ལ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ཞང་ཡེ་ཤེས་སྡེའི་ལྷག་མཐོང་གི་ཡི་གེ་ཞིག་ཡོད་པར་གསུངས་པ་དེ་ཕལ་ཆེར་«ལྷག་མཐོང་བསྐྱེད་པའི་ཐབས་»དེ་ཡིན་ནམ་སྙམ། དེ་དག་ལས་གང་ཞིག་ཐོག་མར་མཛད་མིན་ལ་གཞིག་པའི་ཚེ། སྔར་བྱོན་དང་ད་ཡོད་ཀྱི་མཁས་པ་ཕལ་མོ་ཆེས་ཞང་ཡེ་ཤེས་སྡེས་མཛད་པའི་«ལྟ་བའི་ཁྱད་པར་»དེ་ཉིད་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་ཐ་སྙད་ཐོག་མར་གསལ་སའི་གཞུང་ཡིན་པར་བཤད་ཚུལ་མཆིས་པ་དང་། ཁྱད་པར་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་«དེབ་སྔོན་གསར་མ་»ལས།[5] “ཐ་སྙད་དེ་གཉིས་ཐོག་མར་སྲོལ་འབྱེད་མཁན་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེ་ཡིན་པར་མངོན་”ཞེས་བཤད་པ་ལྟར་ན། «ལྟ་བའི་ཁྱད་པར་»དེ་ཉིད་ཐོག་མར་མཛད་པར་ཤུགས་ལས་རྟོགས་འོང་བ་ཡིན། འོན་ཏེ་ཡང་སྙིང་གང་ཞིག་ཐོག་མར་མཛད་མིན་གྱི་འབྲས་རྟགས་ཡང་དག་ཚད་ལྡན་འགོད་མཁན་གྱི་མཁས་པ་ཞིག་ད་བར་བྱུང་མེད་སྙམ་ལ། ཁག་ཀྱང་མེད་དེ་གནའ་བོའི་བསྟན་བཅོས་རྣམས་སུ་སོ་སོའི་མཛད་བྱང་སྐབས་མཛད་དུས་ཀྱི་ལོ་གྲངས་འབྲི་སྲོལ་མེད་པ་དང་། སྤྱིར་ལོ་རྒྱུས་གང་དང་གང་འཆད་ནའང་ལོ་ཚིགས་ལ་གལ་ཆེན་དེ་ཙམ་རྩི་ཡི་མེད་པ་སོགས་ཀྱིས་ལན་པས་སོ།།
ཐ་སྙད་དེ་ལྡན་གྱི་གྲུབ་མཐའི་བྱུང་རིམ་བཤད་པའི་བསྟན་བཅོས་ཐོག་མ་དང་ཇི་ལྟར་བྱུང་བའི་རིམ་པ།
དེ་ལྟར་བསྟན་པ་སྔ་དར་སྐབས་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་ཐ་སྙད་གཉིས་ཀ་གསལ་སའི་གཞུང་ཐོག་མ་གང་ཞིག་ཡིན་མིན་ལ་རྩད་ཆོད་པའི་དཔྱད་འབྲས་མཐར་ཕྱིན་པ་ཞིག་མེད་མོད། འོན་ཀྱང་«ལྟ་བའི་ཁྱད་པར་»དེ་ཉིད་རྒྱ་བོད་སྤྱི་དང་ཁྱད་པར་བོད་དུ་ཐ་སྙད་དེ་ལྡན་གྱི་གྲུབ་མཐའི་བྱུང་རིམ་བཤད་པའི་བསྟན་བཅོས་ཐོག་མ་དེ་ཡིན་པར་བསྙོན་དུ་མེད་ལ། དེ་ཡང་«ལྟ་བའི་ཁྱད་པར་»དེ་ཉིད་ལས། “སྔོན་གྱི་དབུ་མའི་མཁན་པོ་ཨཱཙཱརྱ་ནཱགཱརྫུན་[6] (आचार्य नागार्जुन | Ācārya Nāgārjuna) དང་། ཨརྱ་དེ་བས་ (आर्य देव | Ārya Deva) དབུ་མའི་བསྟན་བཅོས་མཛད་པར་ཟད་དེ། རྣམ་པ་གཉིས་སུ་ཕྱེ་བ་ཡང་མེད།” ཅེས་དང་། “ཨཱཙཱརྱ་ནཱགཱརྫུནས་ (आचार्य नागार्जुन | Ācārya Nāgārjuna) དབུ་མའི་ཀཱ་རི་ཀཱ་མཛད་པའི་འགྲེལ་པ་«ཤེས་རབ་སྒྲོན་མ་»ཞེས་བྱ་བ་དང་། «དབུ་མའི་སྙིང་པོ་»ཞེས་བྱ་བ་མཛད་པ་དང་། བར་གྱི་མཁན་པོ་ཤཱནྟ་རཀྵིཏཱ་ (आचार्य शान्त रक्षिता | Ācārya Śānta Rakṣita) ཞེས་བྱ་བས་ཨཱཙཱརྱ་ཨསཾགས་ (आचार्य असंग | Ācārya Asaṅga) རྣམ་པར་ཤེས་པ་ཙམ་དུ་བཤད་པའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་མཛད་པ་ལ་བརྟེན་ཏེ། ཀུན་རྫོབ་ཏུ་དེའི་ལུགས་དང་མཐུན་པར་རྣམ་པར་ཤེས་པ་ཙམ་དུ་བསྒྲུབས་ལ། དོན་དམ་པར་རྣམ་པར་ཤེས་པ་ཡང་རང་བཞིན་མེད་པར་བཤད་པའི་དབུ་མའི་བསྟན་བཅོས་«དབུ་མའི་རྒྱན་»ཞེས་བྱ་བ་ཞིག་མཛད་དེ། དབུ་མའི་བསྟན་བཅོས་ལུགས་ཅུང་ཟད་མི་མཐུན་པ་གཉིས་བྱུང་བས། ཨཱཙཱརྱ་བྷ་བྱས་ (आचार्य भव्य | Ācārya Bhavya) མཛད་པ་ལ་ནི་མདོ་སྡེ་པའི་དབུ་མ་ (सौत्रंतिका–माध्यमक | Sautrantika–Mādhyamaka) ཞེས་བཏགས། ཨཱཙཱརྱ་ཤཱནྟ་རཀྵིཏཱས་ (शान्त रक्षिता | Śānta Rakṣita) མཛད་པ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ (योगाचार–माध्यमक | Yogācāra-Mādhyamaka) ཞེས་བཏགས་སོ།།” ཞེས་གསུངས་པ་ལྟར།
སྟོན་པ་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་པ་འགྲེལ་བའི་བསྟན་བཅོས་ནི། ཐོག་མར་ཨཱཙཱརྱ་ནཱགཱརྫུནས་«དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་»ལ་སོགས་པ་དབུ་མའི་བསྟན་བཅོས་རྩ་བ་ཡན་ལག་དང་བཅས་པ་ལྔའམ་དྲུག་ཏུ་མཛད་དེ། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ཇི་བཞིན་དུ་གཏན་ལ་འབེབས་པའི་ཤིང་རྟའི་ལམ་སྲོལ་རྣམ་པར་འབྱེད་པར་མཛད་པ་ཡིན་ལ། ཨཱརྱ་དེ་བ་ཞེས་བྱ་བས་ཀྱང་དེའི་རྗེས་སུ་འབྲངས་ཏེ་དབུ་མའི་བསྟན་བཅོས་མཛད་ཅིང་། ཁོང་རྣམ་པས་དབུ་མ་ལ་ལུགས་རྣམ་པ་གཉིས་སུ་ཕྱེ་བ་ཡང་མེད། འོན་ཀྱང་དེའི་རྗེས་སུ་ཨཱཙཱརྱ་ནཱགཱརྫུནས་མཛད་པའི་དབུ་མ་རྩ་བ་ལ་ཨཱཙཱརྱ་བྷ་བྱས་བྱ་བས་ཐ་སྙད་ཀྱི་རྣམ་གཞག་མདོ་སྡེ་པ་ (सौत्रंतिका | Sautrantika) དང་བསྟུན་ཞིང་དོན་དམ་པར་དེ་ཡང་རང་བཞིན་མ་གྲུབ་པའི་ཚུལ་གྱིས་འགྲེལ་པ་«ཤེས་རབ་སྒྲོན་མ་»དང་། «དབུ་མའི་སྙིང་པོ་»ཞེས་བྱ་བ་མཛད་པ་དང་། དེའི་རྗེས་སུ་མཁན་པོ་ཤཱནྟ་རཀྵིཏཱ་ཞེས་བྱ་བས་ཐ་སྙད་ཀྱི་རྣམ་གཞག་རྣལ་འབྱོར་སྤྱོད་པ་ (योगाचार | Yogācāra) དང་བསྟུན་ཞིང་དོན་དམ་པར་དེ་ཡང་རང་བཞིན་མ་གྲུབ་པའི་ཚུལ་གྱིས། བསྟན་བཅོས་«དབུ་མ་རྒྱན་»ཞེས་བྱ་བ་མཛད་དེ། ཕྱིས་སུ་དབུ་མའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཀྱི་ལུགས་ཅུང་ཟད་མི་མཐུན་པ་གཉིས་བྱུང་ཞེས་པ་ཡིན་ནོ།།
བསྟན་པ་སྔ་དར་སྐབས་དབུ་མའི་ལུགས་གསུམ་དུ་ཡོད་ཚུལ།
དེ་ལྟར་ལྟ་བའི་ཁྱར་པར་ནང་གི་བྱུང་རིམ་ལ་གཞིགས་ན། དོན་དུ་དབུ་མའི་བསྟན་བཅོས་མཛད་པའི་ལུགས་རྣམ་པ་གསུམ་དུ་གནས་པ་ཡིན་ཏེ། ཨཱཙཱརྱ་ནཱགཱརྫུན་ (आचार्य नागार्जुन | Ācārya Nāgārjuna) ཞབས་ཀྱི་དབུ་མའི་ལུགས་གཅིག་དང་། ཨཱཙཱརྱ་བྷ་བྱའི་ (आचार्य भव्य | Ācārya Bhavya) ལུགས་གཅིག ཨཱཙཱརྱ་ཤཱནྟ་རཀྵིཏཱའི་ (आचार्य शान्त रक्षिता | Ācārya Śānta Rakṣita) ལུགས་གཅིག་བཅས་ཁྱོན་གསུམ་དུ་བྱུང་བ་ཡིན། དེ་ལས་དང་པོ་ནི། དབུ་མའི་གཞུང་གི་ཐོག་མའམ་ཕྱི་མོ་ལྟ་བུ་སྟེ། དེ་ལྟ་བུའི་ཐོག་མའི་གཞུང་དེ་ལས་གཞན་གཉིས་འཕྲོས་པ་ཡིན་པས་ན། དེ་ལྟར་རྣམ་པ་གསུམ་དུ་ལོགས་སུ་ཕྱེ་བ་ཡིན་ཏེ། འདི་ལ་དཔགས་ནས་རྒྱ་གར་གྱི་པཎྜིཏ་ལཀྵྨཱི་ཀཱ་ར་ (पण्डित लक्ष्मीकार | Paṇḍita Lakṣmīkāra) ཞེས་བྱ་བས། དབུ་མ་པ་ལ། མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། རྒྱལ་བའི་ཡུམ་གྱི་དབུ་མ་པ་གསུམ་དུ་དབྱེ་བར་མཛད་པའང་གནད་དེ་ལ་ཐུག་པ་ཡིན། དེ་ལྟར་གྲུབ་སྟེ། «ལྟ་བའི་ཁྱད་པར་»ལས། “ཨཱཙཱརྱ་ནཱགཱརྫུན་ (आचार्य नागार्जुन | Ācārya Nāgārjuna) དང་ཨཱརྱ་དེ་བས་ (आर्य देव | Ārya Deva) མཛད་པ་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ།”ཞེས་པ་ནས། “སྤྱིར་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས། ཀུན་རྫོབ་ཏུ་ནི་སྒྱུ་མ་དང་འདྲ་བ་ཙམ་དུ་སྐྱེ་བ་ཡོད་ལ། དོན་དམ་པར་ནི་བདག་དང་གཞན་དང་གཉི་ག་དང་། རྒྱུ་མེད་པ་ལས་ཀྱང་སྐྱེར་མི་རུང་སྟེ། རང་བཞིན་མེད་དོ་ཞེས་བཤད་པས། དབུ་མ་པ་གཉི་ག་ཡང་དེ་ལ་བརྟེན་ཏོ།།” ཞེས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལུགས་ཀྱི་བཞེད་ཚུལ་ཇི་བཞིན་བཀོད་ནས་ཕྱིས་བྱུང་གི་དབུ་མའི་ལུགས་གཉིས་པོ་ཡང་དེ་ལ་བརྟེན་ནས་བྱུང་བ་ཡིན་ནོ། །ཞེས་བསྟན་པ་སྔ་དར་སྐབས་དབུ་མའི་ལུགས་འཆད་ཚུལ་རྣམ་པ་གསུམ་དུ་ངོས་འཛིན་པར་བྱེད་པ་ཡིན་ནོ།།
འོ་ན་དེ་ལྟར་ཞང་ཡེ་ཤེས་སྡེའི་«ལྟ་བའི་ཁྱད་པར་བཤད་པ་»དང་། སྐ་བ་དཔལ་བརྩེགས་ཀྱི་«ལྟ་བའི་རིམ་པ་བཤད་པ་»དང་། དཔལ་རོང་ཟོམ་པ་ཆེན་པོའི་«ལྟ་བའི་བརྗེད་བྱང་།» «གྲུབ་མཐའི་བརྗེད་བྱང་།» «མན་ངག་ལྟ་ཕྲེང་གི་འགྲེལ་པ་»དང་བཅས་པ་འདི་དག་ཏུ་དབུ་མ་པའི་ལྟ་བ་དང་གྲུབ་མཐའི་རྣམ་གཞག་འབྱེད་པའི་ཚེ་ན། མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་སོ་སོར་ས་བཅད་བྱས་ནས་གསུངས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་དབུ་མའི་སྐོར་ལོགས་སུ་ས་བཅད་བྱས་ནས་མི་གླེང་བ་འདི་ཅིས་ལན་པ་ཡིན་ནམ་ཞེ་ན། འདི་ལྟ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ་པ་ (सौत्रंतिका–माध्यमक | Sautrantika-Mādhyamaka) དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ (योगाचार–माध्यमक | Yogācāra-Mādhyamaka) དེ་གཉིས་ཀྱི་དོན་དམ་གཏན་འབེབས་ཀྱི་རྣམ་གཞག་ནི་ཀླུ་སྒྲུབ་ཞབས་ཀྱི་རིང་ལུགས་ལས་ཐ་དད་པ་མེད་པས་ན། ཀླུ་སྒྲུབ་ཞབས་ཀྱི་རིང་ལུགས་ཉིད་ལོགས་སུ་མ་བརྩིས་པར་དེས་འཐུས་པར་བྱས་ནས། གཞན་གཉིས་ཀྱི་ཐ་སྙད་གཏན་འབེབས་ཀྱི་རྣམ་གཞག་མི་འདྲ་བའི་ཕྱིར་ན། དེའི་དབང་དུ་བྱས་ནས་དེ་དག་གཉིས་སུ་ཕྱེ་བ་ཙམ་ལས་གཞན་དུ་རྒྱུ་མཚན་མ་མཆིས།
བསྟན་པ་སྔ་དར་སྐབས་དབུ་མའི་ལུགས་གཉིས་ཁོ་ནར་འདོད་པ་རྣམས་ལ་དོགས་པ་སྤོང་བ།
དེས་ན་ཆོས་གྲྭ་ཆེན་མོ་འདིའི་མཁས་པ་འགས། བསྟན་པ་སྔ་དར་གྱི་སྐབས་དབུ་མ་པ་ལ་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཁོ་ན་ལས་མེད་ཅེས་ཟེར་བའི་གཏམ་དག་ལ་བརྒལ་བརྟག་གི་རིམ་པ་ཅུང་ཙམ་སྤྲོས་ན། གལ་ཏེ་དབུ་མ་པ་ལ་མདོ་སྡེ་སྤྱོད་པ་ (सौत्रंतिका–माध्यमक | Sautrantika-Mādhyamaka) དང་རྣལ་འབྱོར་སྤྱོད་པ་ (योगाचार–माध्यमक | Yogācāra-Mādhyamaka) གཉིས་ལས་མེད་ན། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལུགས་དེ་ཁྱེད་ཀྱིས་དེ་གཉིས་པོ་གང་ལ་འཇོག་ཅེས་དྲིས་ན། ཕལ་ཆེར་ཁྱེད་ཀྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་པར་འཇོག་པ་ཡིན་ཏེ། ཅིའི་ཕྱིར་ན་ཁྱེད་ཀྱི་ལུགས་ལ་སློབ་དཔོན་ཀླུ་སྒྲུབ་ཉིད་འཇིག་རྟེན་འདིར་དབུ་མའི་ལྟ་སྲོལ་འབྱེད་པོ་ཐོག་མ་དེ་ཡིན་པར་འདོད་པ་ཨ་ཅང་ཅང་ཡིན་ལ། ཁྱད་པར་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཉིད་འཇིག་རྟེན་ན་ཆེས་མཆོག་ཏུ་གྱུར་པའི་ལམ་སྲོལ་བཟང་པོར་བརྩི་བས་སོ། །འོན་ཀྱང་དོན་དུ་སློབ་དཔོན་ཀླུ་སྒྲུབ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་མིན་དང་རྣལ་འབྱོར་སྤྱོད་པའི་དབུ་མ་ཉིད་ཆེས་མཆོག་ཏུ་གྱུར་པའི་ལམ་སྲོལ་ཡིན་མིན་ལ་རྩོད་པ་མེད་མོད། གནས་སྐབས་གཞུང་ལུགས་འགྲེལ་སྟངས་ཀྱི་བརྗོད་བྱ་རྗོད་བྱེད་ཀྱི་འགྲོས་ཙམ་ལ་བསམས་ན་དེ་ལྟར་འདོད་མི་རིགས་ཏེ། ཁྱེད་ཀྱིས་«ལྟ་བའི་ཁྱད་པར་»ནང་གི་དབུ་མའི་ལུགས་བྱུང་ཚུལ་རྣམས་ཁས་མི་ལེན་པ་ནི་མ་ཡིན་པ་གང་ཞིག ཁས་བླངས་ཀྱང་«ལྟ་བའི་ཁྱད་པར་»ལེགས་པར་མ་བཀླགས་པའམ་བཀླགས་ཀྱང་དེ་དོན་ཇི་བཞིན་ཁོང་དུ་མ་ཆུད་པར་ལོག་བཤད་དུ་སོང་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན། «ལྟ་བའི་ཁྱད་པར་»ལས་ཚིག་ཟིན་དངོས་ཀྱིས་དབུ་མའི་ལུགས་བྱུང་ཚུལ་གསུམ་དུ་མ་ཕྱེས་ཀྱང་། དོན་དུ་ན་བྱུང་ཚུལ་གསུམ་དུ་གནས་པ་ནི་གོང་དུ་བདག་གིས་ལུང་དང་བཅས་པས་ཇི་ལྟར་བཤད་པ་ལྟར་ཏེ། ཐོག་མར་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་རྣམས་ལ་བརྟེན་ནས་ཆོས་རྣམས་ཐམས་ཅད་རབ་ཏུ་མི་གནས་པའི་སྐྱེ་མེད་འགག་མེད་མཐའ་བྲལ་ཆེན་པོར་བཀའི་དགོངས་པ་རང་སྟོབས་ཀྱིས་བཀྲལ་བ་ཡིན་ལ། དེའི་རྗེས་སུ་རིམ་གྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ལ་བརྟེན་ནས་དོན་དམ་གྱི་བཞེད་ཚུལ་གཅིག་ཀྱང་ཐ་སྙད་ཀྱི་བཞེད་ཚུལ་མི་གཅིག་པའི་རང་བཞིན་གྱིས་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པ་གཉིས་སུ་བྱུང་བ་ཡིན་པའི་ཕྱིར་ན། རྒྱུ་མཚན་དེ་དག་གི་དབང་གིས། བསྟན་པ་སྔ་དར་སྐབས་ཀྱི་དབུ་མ་པའི་གྲངས་འཇོག་ཚུལ་ལ། མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པ་ཁོ་ནས་མ་ཁྱབ་ལ། ཁྱད་པར་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་དགོངས་པའང་རྣལ་འབྱོར་སྤྱོད་པ་ལྟར་མ་ཡིན་པར་གཞུང་ཕྱི་མོའི་དབུ་མ་པ་ཉིད་དུ་གྲུབ་པ་ཡིན་པས། རོང་ཟོམ་མ་ཧཱ་པཎྜིཏས་ཀྱང་གྲུབ་མཐའི་བརྗེད་བྱང་དུ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་ཀྱི་འདོད་པ་བརྗོད་པའི་ཚེ། [7]ཉན་ཐོས་ལྟར་ཡུལ་ཡོང་གིས་མེད་པ་ལ་ཡོད་པར་སྒྲོ་འདོགས་པའི་མཐའ་དང་། དབུ་མ་ཆེན་པོ་ལྟར་སེམས་ཀུན་ཏུ་ཡང་མེད་དོ་ཞེས་བསྐུར་བ་འདེབས་པའི་མཐའ་སེལ་ཏེ། དེ་གཉིས་ཀའི་མཐའ་བསལ་ནས། དེ་གཉིས་ཀའི་མཐའ་ལས་དབེན་པའི་དབུ་མ་ཆེན་པོའི་ལམ་ནི་བདག་ཅག་ཡིན་ནོ་ཞེས་ཟེར། ཞེས་པ་འདིའི་དབང་དུ་བྱས་ནའང་། དེ་ལྟར་ལུགས་རྣམ་པ་གསུམ་དུ་ཡོད་པར་དཔོག་པར་གྱུར་པ་ཡིན་ཞིང་། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ (༡༡༨༢-༡༢༥༢) གྱིས་ཀྱང་དབུ་མ་པ་ལ་ཀུན་རྫོབ་ཀྱི་སྒོ་ནས་དབྱེ་བ་མཛད་པའི་སྐབས། ཐ་སྙད་ཀྱི་རྣམ་གཞག་ཉན་ཐོས་དང་མཐུན་པའི་ཕྱི་རོལ་དོན་ཡོད་པར་སྨྲ་བའི་དབུ་མ་པ་དང་། ཐ་སྙད་ཀྱི་རྣམ་གཞག་སེམས་ཙམ་པ་དང་མཐུན་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། ཐ་སྙད་ཀྱི་རྣམ་གཞག་གང་དང་ཡང་མི་འགལ་བར་སྨྲ་བའི་དབུ་མ་པ་དང་གསུམ་ཡོད་ཅེས་གསུངས་པའང་རྒྱུ་མཚན་དེ་དག་ལ་དགོངས་པ་ཡིན་པས། མཐར་ཐུག་གི་དགོངས་པ་གང་ལྟར་གནས་རུང་གནས་སྐབས་གཞུང་འཆད་ཚུལ་གྱི་དབང་དུ་ན་དེ་དག་རྣམ་པ་གསུམ་དུ་འབྱེད་དགོས་པ་ཡིན་པས། དེའི་ཕྱིར་གནས་སྐབས་དང་མཐར་ཐུག་གི་ཤན་འབྱེད་ཅི་ཡང་མེད་པར་འོལ་ཚོད་ཀྱིས་ཐག་གཅོད་མི་སྔ་བར་བྱ་རྒྱུ་གལ་ཆེའོ།།
༢༽ དབུ་མའི་ལུགས་ཀྱི་ལྟ་བ་མདོར་བསྡུས་ན་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པའི་དབུ་མ་གཉིས་སུ་འདུས་པར་བཞེད་པའི་སྐོར།
དེ་ཡང་སྔ་འགྱུར་བའི་ལོ་ཙཱ་བ་ཆེན་པོ་རོང་ཟོམ་མ་ཧཱ་པཎྜིཏ་ (༡༠༤༠-༡༡༥༩)[8] ཉིད་ཀྱིས་མཛད་པའི་«ལྟ་བའི་བརྗེད་བྱང་།» «གྲུབ་མཐའི་བརྗེད་བྱང་།» «མན་ངག་ལྟ་ཕྲེང་གི་འགྲེལ་པ་»དང་བཅས་པ་འདི་དག་ཏུ་དབུ་མ་པའི་ལྟ་བ་དང་གྲུབ་མཐའི་རྣམ་གཞག་འབྱེད་པའི་ཚེ་ན། མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཀྱི་ཐ་སྙད་དྲངས་ཏེ་རྣམ་གཞག་ཁོ་ན་མཛད་ཡོད་ལ། ཁྱད་པར་ལྟ་བའི་བརྗེད་བྱང་ལས་ཐོག་མར་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཀྱི་ལྟ་བའི་རྣམ་གཞག་མཛད་ཅིང་། དེའི་རྗེས་ཐོགས་སུ་དབུ་མའི་ལྟ་བ་ཀུན་བསྡུས་ན། སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པའི་དབུ་མ་གཉིས་སུ་འདུས་པར་གསུངས་ཏེ། «ལྟ་བའི་བརྗེད་བྱང་»[9]ལས། དབུ་མའི་ལྟ་བ་མདོར་བསྡུས་ན། མ་ཡ་སྟེ་སྒྱུ་མ་ལྟ་བུར་འདོད་པ་དང་། ཨ་པྲ་ཏི་སྟི་[10]ཏེ་[11]རབ་ཏུ་མི་གནས་པར་འདོད་པའོ། །ཞེས་སོ། །དེ་ལྟ་མོད་ནའང་ཇི་ལྟར་བསྡུ་བའི་ཚུལ་གྱི་རྣམ་པར་གཞག་པ་ནི་དམིགས་བསལ་གསལ་ཁ་མ་མཛད་པས། དེའི་ཚུལ་ལ་ཅུང་དཀའ་བའི་གནས་སུ་གྱུར་པ་ཡིན་ནོ། །ཕྱི་དར་བའི་མཁས་པ་དུ་མས་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པ་འདི་གཉིས་པོ་ཐ་དད་པའི་གྲུབ་མཐའ་གཉིས་ཀྱི་དབང་དུ་བྱས་ནས་བཤད་པ་བྱུང་ཡོད་ལ། དེའང་རེས་དང་པོ་རང་རྒྱུད་པ་དང་ཕྱི་མ་ཐལ་འགྱུར་བར་ཁས་ལེན་པ་དང་། རེས་དང་པོ་མདོ་སྡེ་སྤྱོད་པ་དང་ཕྱི་མ་རྣལ་འབྱོར་སྤྱོད་པའི་དབུ་མ་པར་ཁས་ལེན་པ་དང་། ཁ་ཅིག་གིས་དབུ་མ་པར་ཐལ་རང་གཉིས་སུ་དབྱེ་བའི་རང་རྒྱུད་པ་ལ་དེ་གཉིས་སུ་རྣམ་པར་འབྱེད་པ་དང་། ཡང་རེ་འགས་དབུ་མ་པ་ལ་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པ་གཉིས་སུ་ཕྱེ་ནས་གཉིས་པ་ལ་ཐལ་རང་གཉིས་སུ་དབྱེ་བ་འབྱེད་པ་ལ་སོགས་པ་བཞེད་ཚུལ་སྣ་ཚོགས་པ་མཆིས།
འོན་ཀྱང་འདིར་རྗེ་རོང་པ་ཉིད་ཀྱི་དགོངས་པ་རོབ་ཙམ་ལེན་ཁུལ་བྱས་ན། འདི་ལྟར་འཐད་སྙམ་པ་འབྱུང་སྟེ། དབུ་མ་པའི་གྲུབ་མཐའ་སྤྱིའི་དབང་དུ་བྱས་ཏེ། དབུ་མ་པ་སོ་སོའི་ལུགས་ཀྱི་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་གང་སྣང་བདེན་མེད་སྒྱུ་མ་ལྟ་བུར་ཁས་ལེན་པ་ཡིན་ཞིང་། དེ་ལ་གྲུབ་མཐའ་སོ་སོ་ན། སྒྱུ་མ་ལྟ་བུ་དང་། སྣང་ཙམ་དང་། མ་བརྟགས་མ་དཔྱད་ཙམ་དང་། རྐྱེན་ཉིད་འདི་པ་ཙམ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་ཀྱི་སྒྲ་སྦྱར་ནས་བཞེད་ཚུལ་སྣ་ཚོགས་མཆིས་ཀྱང་། དོན་དུ་སྒྱུ་མའི་ངོ་བོ་ཉིད་ལས་འདའ་བ་མེད་པ་ཡིན་ལ། དེ་བཞིན་གྲུབ་མཐའ་སོ་སོ་ན་དོན་དམ་པའི་རྣམ་གཞག་རྣམས་ཀྱང་རིགས་པའི་སྒོ་སྣ་ཚོགས་པས་རབ་ཏུ་མི་གནས་པར་ཁས་ལེན་པས་ན། དབུ་མའི་ལུགས་ཀྱི་ལྟ་བ་ཀུན་དེ་གཉིས་སུ་བསྡུས་པར་བཞེད་པ་ཡིན་གྲང་སྙམ། ཡང་ཕྱོགས་གཅིག་ནས་གྲུབ་མཐའ་ཐ་དད་པའི་དབང་དུ་བྱས་ན། བདེན་གཉིས་གང་ལྟར་ཡང་ཐམས་ཅད་སྒྱུ་མའི་རིགས་པས་སྒྲུབ་པར་བྱེད་པས་ན་སྒྱུ་མ་ལྟ་བུ་དང་། ཐམས་ཅད་སྨྲ་བསམ་བརྗོད་འདས་སྐྱེ་མེད་འགག་མེད་ཀྱི་རིགས་པས་སྒྲུབ་པས་ན་རབ་ཏུ་མི་གནས་པ་སྟེ། སྒྱུ་མ་ལྟ་བུ་ནི་ཀློང་ཆེན་ཞབས་ཀྱི་དགོངས་པ་ལྟར་དབུ་མ་པ་ལ་ཐལ་རང་གཉིས་སུ་ཕྱེ་བའི་རང་རྒྱུད་པ་ལ་གོང་འོག་གཉིས་ཀྱི་འོག་མ་སྒྱུ་མ་རིགས་སྒྲུབ་པ་སོགས་ལ་གོ་བ་དང་། རབ་ཏུ་མི་གནས་པ་ནི། སྔ་དར་སྐབས་ཀྱི་དབུ་མ་པའི་ལུགས་གསུམ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། རྒྱལ་བའི་ཡུམ་གྱི་དབུ་མ་པ་གསུམ་ལ་ངོས་འཛིན་དགོས་པ་དང་། ཕྱི་དར་སྐབས་ཀྱི་ཐལ་འགྱུར་བ་དང་། རང་རྒྱུད་གོང་མ་སོགས་སྤྲོས་པའི་དྲ་བ་མཐའ་དག་འགོག་མི་འགོག་གང་ཡང་སྤྲོས་པ་བཀག་ཙམ་གྱིས་རབ་ཏུ་མི་གནས་པའི་གྲས་སུ་ཕྱེ་བ་ཡིན་པས། དེ་ལྟ་དེ་ལྟར་ངོས་བཟུང་ན་མི་འཐད་པ་མེད་སྙམ་པ་བདག་རང་ཉིད་ཀྱི་འཕྲལ་གྱི་འཆར་ཡན་ཙམ་ཡིན་པས་དཔྱད་པར་བྱ་འོས། ཕྱོགས་གཅིག་ནས་འདི་གཉིས་གང་དུ་སྦྱར་ནའང་རུང་བ་ལྟར་སྣང་བས་སྐྱོན་ཆེར་མེད་སྙམ་མོ།།
གཉིས། བསྟན་པ་ཕྱི་དར་གྱི་སྐབས་དབུ་མའི་གྲུབ་མཐའ་སྨྲ་བའི་རྣམ་གྲངས།
བསྟན་པ་ཕྱི་དར་ནི་བོད་མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ལྟར། བོད་རྒྱལ་ཞེ་གཅིག་པ་ཁྲི་དར་མ་བཙན་པོའམ་གླང་དར་མར་གྲགས་པ་དེས་བསྟན་པ་སྤྱི་དང་ཁྱད་པར་འདུལ་བའི་བསྟན་པ་ལ་གནོད་འཚེ་ཆེར་བཏང་བའི་སྒོ་ནས་བསྟན་པ་བསྣུབས་པར་བྱས་པ་དེའི་ཚེ་དེའི་དུས་ན། འདུལ་འཛིན་དམ་པ་སྨར་གཡོ་གཙང་གསུམ་དུ་གྲགས་པ་དག་འདུལ་བ་བྲེལ་ཁལ་གཅིག་བསྣམས་ཏེ། བསྟན་པ་དར་བར་བྱ་བའི་ཆེད་མངའ་རིས་སྟོད་ནས་བཟུང་རིམ་བཞིན་ཧོར་ཡུལ་བརྒྱུད་དེ་མདོ་ཁམས་ཕྱོགས་སུ་བྲོས། དེ་ཕྱོགས་སུ་ཐོག་མའི་གདུལ་བྱ་བླ་ཆེན་དགོངས་པ་རབ་གསལ་དང་ཕྲད་པས་དེ་ལ་ཚིགས་ཕྱི་མ་གཉིས་པོ་རིམ་བཞིན་མནོས། དེ་ནས་བླ་ཆེན་གྱིས་མཁན་པོ་བྱས་ནས་དབུས་གཙང་གི་མཁས་པ་མི་བཅུ་ལ་ཆིག་རྫོགས་ཀྱིས་སྡོམ་པ་མནོས་ཏེ། མཐར་གྱིས་སྟོན་པའི་འདས་ལོ་ ༡༨༣༣ སྤྱི་ལོ་ ༩༥༣ ཆུ་མོ་གླང་གི་ལོར་བླ་ཆེན་དང་དབུས་གཙང་གི་མཁས་པ་མི་བཅུ་པོ་དེ་དག་གིས་མདོ་ཁམས་ནས་དབུས་གཙང་དུ་ཕེབས་ཏེ། འདུལ་བསྟན་གཙོས་པའི་རྒྱལ་བའི་བཀའ་བསྟན་རྣམས་ལ་འཆད་ཉན་གྱི་སྒོ་ནས་དར་ཞིང་རྒྱས་པར་མཛད་ཅིང་། རང་རང་གི་མཁན་བུའང་དུ་མར་བསྐྱངས་པས། གཟོད་བསྟན་པ་ཕྱི་དར་ཟེར་བ་དེ་དུས་ནས་དབུ་ཚུགས་པ་ཡིན་ལ། །དེ་ནས་ལོ་ཆེན་རིན་ཆེན་བཟང་པོ་ཡབ་སྲས་རྣམས་ཀྱིས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་མདོ་སྔགས་འཆད་ཉན་བསྒྱུར་ཞུས་ཀྱི་བཀའ་དྲིན་རྒྱ་ཆེར་བསྐྱངས་ཤིང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ལྟར་ཇོ་བོ་རྗེ་བོད་དུ་གདན་དྲངས་ཏེ་དབུ་མའི་འཆད་ཉན་བཙུགས་པ་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ཡང་བཙད་པོ་ཁྲི་དར་མས་སྤྱི་ལོ་ ༩༠༡ ལོར་བསྟན་པ་བསྣུབས་ནས་བཟུང་ ༩༥༢ བར་ཁྱོན་བགྲང་བྱ་ལྔ་བཅུ་ང་གཉིས་ཀྱི་རིང་། སངས་རྒྱས་ཀྱི་བསྟན་པ་བག་ལ་གཞའ་ནས་མེ་རོ་ཙམ་དུ་གནས་པར་གྱུར་པ་ཡིན་ལ། ༩༥༣ ནས་བཟུང་ད་ལྟའི་དུས་རབས་ཉེར་གཅིག་གི་ལོ་རབས་བཅུ་དགུ་སྟེ་ ༢༠༡༩ བར་ལོ་ངོ་ ༡༠༦༧ རིང་སངས་རྒྱས་ཀྱི་བསྟན་པ་རབ་དང་རིམ་པས་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་དང་འབྱུང་བཞིན་པ་འདི་དག་ལ་ད་དུང་ཞིབ་ཆ་བྱ་དགོས་པ་རེ་འགའ་མཆིས་མོད། སྐབས་དོན་བསྒྲིབ་པར་འགྱུར་བ་དང་ཡིག་ཚོགས་ཀྱིས་འཇིགས་པས་རེ་ཞིག་དེ་ཙམ་དུ་འཐུས་པར་བྱའོ།།
༡༽ སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལུགས་ལས་ཐལ་རང་གི་དབུ་མའི་ལུགས་གཉིས་སུ་གྱེས་པར་འདོད་པའི་སྐོར།
ལོ་ཆེན་རིན་ཆེན་བཟང་པོའི་བཀའ་དྲིན་ལས་ཇོ་བོ་རྗེ་བོད་དུ་ཕེབས་ཤིང་སློབ་མ་དུ་མར་བསྐྱངས་པའི་བརྒྱུད་འཛིན་གཙོ་བོ་ཁུ་རྔོག་འབྲོམ་གསུམ་དུ་གྲགས་པའི་«རྔོག་ལེགས་པའི་ཤེས་རབ་»ཀྱིས་སྤྱི་ལོ་ ༡༠༧༣ ལོར་ཕྱག་བཏབ་པའི་«གསང་ཕུ་ནེའུ་ཐོག་»ཅེས་པ་སྟེ། བསྟན་པ་ཕྱི་དར་སྐབས་ཀྱི་གདན་ས་ཐོག་མ་ལྟ་བུ་ཡིན་ཞིང་། གདན་ས་འདིར་བཀའ་གདམས་པའི་སློབ་བརྒྱུད་གཙོས་པའི་རིས་མེད་མཁས་གྲུབ་དུ་མ་ཞིག་བྱུང་བ་སྟེ། འདི་ལས་མཆེད་ཅིང་གྱེས་པའི་གདན་སའང་དུ་མ་ཞིག་བྱུང་ཡོད། ཇོ་བོ་རྗེས་རང་སློབ་ཁུ་རྔོག་འབྲོམ་གསུམ་གཙོས་པའི་བཀའ་གདམས་སློབ་བརྒྱུད་ཡོངས་ལ་«རྟོག་གེ་འབར་བའི་»ཐོག་ནས་འཆད་ཉན་གཙོ་བོར་རྩལ་འདོན་གནང་བས། ཕྱིས་སུ་རྔོག་ལོས་གདན་ས་བཏབ་པའི་རྗེས་སུ་ཡང་། རྟོག་གེ་འབར་བ་སོགས་དབུ་མ་རང་རྒྱུད་པའི་གཞུང་ཁོ་ན་འཆད་ཉན་གྱི་སྡེ་བཟུང་། གདན་ས་འདིའི་གདན་རབས་དྲུག་པ་ཕྱྭ་པ་[12]ཆོས་ཀྱི་སེང་གེ་ (༡༡༠༩-༡༡༦༩) བྱ་བས་ལོ་ངོ་བཅོ་བརྒྱད་གདན་ས་བསྐྱངས་ཤིང་། སློབ་གཉེར་གནང་སྲོལ་གྱི་ཐད་གསར་གཏོད་དུ་མར་གནང་བ་དང་། ཁྱད་པར་དབུ་མ་དང་ཚད་མའི་འཆད་ཉན་ཤིན་ཏུ་དར་རྒྱས་མཛད། དབུ་མའི་གཞུང་ཆེན་ལས་དེང་སང་ཡོངས་གྲགས་ལྟར་བྱས་ན་དབུ་མ་རང་རྒྱུད་པ་སྟེ། དེ་དག་གི་གཞུང་སྤྱི་དང་ཁྱད་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་ཉིད་གཙིགས་ཆེར་བཟུང་སྟེ་འཆད་ཉན་མཛད་པར་གྲགས། དུས་དེ་ཚོད་ཀྱི་བར་གསང་ཕུ་ནེའུ་ཐོག་ཏུ་དབུ་མ་རྒྱན་དང་དབུ་མ་སྣང་བ། ཤེས་རབ་སྒྲོན་མ་དང་རྟོག་གེ་འབར་བ་སོགས་ཁོ་ནར་ཐོས་བསམ་གྱི་རྐང་ཚུགས་པས། དབུ་མ་རང་རྒྱུད་པའི་གྲུབ་མཐའ་ཁོ་ནར་རྩལ་འདོན་བྱེད་པར་གྲགས། རྒྱུ་མཚན་ནི་འདིའི་སྔོན་དུ་དེང་སང་ཡོངས་གྲགས་ལྟར་གྱི་ཐལ་འགྱུར་བ་ཞེས་པའི་དབུ་མའི་ལུགས་དེ་མ་དར་བས་ནའོ།།
འོན་ཀྱང་གཏན་ནས་མ་དར་བ་ནི་མ་ཡིན་ཏེ། ཇོ་བོ་རྗེས་རང་གི་སློབ་མ་རེ་ཟུང་ལ་གསང་བའི་ཚུལ་དུ་ཉིད་ནས་མཛད་པའི་«དབུ་མ་བདེན་གཉིས་ལ་འཇུག་པ་»སོགས། སློབ་དཔོན་ཟླ་གྲགས་ལུགས་ལྟར་མཛད་པའི་བསྟན་བཅོས་འགའ་ཡོད་པ་དེ་དག་གི་ཐོག་ནས་འཆད་སྤེལ་གནང་ཞིང་། ཇོ་བོའི་ཞལ་སློབ་ཏུ་གཏོགས་པའི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ (༡༠༡༡-༡༠༦༤) སྟེ། འདི་ཉིད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ལྟར་ཇོ་བོ་ཐོག་མར་བོད་དུ་གདན་འདྲེན་མཁན་ཡིན་ཞིང་། ལོ་ངོ་དུ་མའི་རིང་ཇོ་བོ་བསྟེན་ཏེ་མདོ་སྔགས་ཀྱི་གདམས་པ་སྤྱི་དང་ཡང་སྒོས་དབུ་མའི་ལྟ་སྤྱོད་སྐོར་མ་ལུས་པ་གསན་ཅིང་བྱང་ཆུབ་པར་མཛད་དེ། མདོ་སྔགས་སྤྱི་དང་ཁྱད་པར་«དབུ་མ་ལ་འཇུག་པ་»གཙོས་པའི་དབུ་མའི་སྐོར་དུ་མ་བསྒྱུར་ཅིང་འཆད་ཉན་བཙུགས་པས། «དབུ་མ་ལ་འཇུག་པའི་»སྒོ་ནས་ཐལ་འགྱུར་བའི་འཆད་ཉན་ཐོག་མ་ལྟ་བུ་དུས་དེ་ནས་ཚུགས་པར་གྲགས། འོན་ཀྱང་དེ་དུས་«དབུ་མ་ལ་འཇུག་པར་»འཆད་ཉན་ཆེར་མ་བྱུང་བས། ཕྱིས་སུ་«ནག་ཚོ་ལོ་ཙཱས་བསྒྱུར་པའི་དབུ་མ་ལ་འཇུག་པ་»ཞེས་པ་མིང་སྐམ་པོ་ཙམ་ལས་མཐོང་རྒྱུ་མེད་པར་གྱུར།
དེ་ནས་དེའི་རྗེས་ཐོགས་དེ་བར་པ་ཚབ་ཉི་མ་གྲགས་པ་ (༡༠༥༥-༡༡༤༥)[13] བྱ་བ་རྒྱ་གར་ནས་བོད་དུ་ཕེབས་རྗེས། འཕན་པོ་ཟེར་བའི་ཡུལ་དུ་གདན་ས་བཏབ་ཅིང་། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་«དབུ་མ་ལ་འཇུག་པ་»དང་«དབུ་མ་ཚིག་གསལ་»ཞེས་བྱ་བ་གཉིས་ཀྱི་སྒོ་ནས་འཆད་ཉན་བཙུགས། དེ་དུས་ཐོག་མར་བོད་པ་རྣམས་ཁོང་གི་འཆད་ཉན་གྱི་སྲོལ་དེར་ཆད་ལྟར་བཟུང་བས་དེ་ཙམ་དར་ཁྱབ་མ་བྱུང་ཞིང་སློབ་མའང་ཉུང་། འོན་ཏེ་ཕྱིས་སུ་བཀའ་གདམས་དགེ་བཤེས་ཤ་ར་བ་བྱ་བ་དེར་མཛད་ཕྲིན་ཆེ་བས་སློབ་མ་ཤིན་ཏུ་མང་པོ་ཡོད་ལ། ཁོང་གིས་པ་ཚབ་ཀྱི་འཆད་ཉན་གྱི་སྲོལ་དེར་དབུ་མའི་ལྟ་བ་ཡང་དག་པ་ཡིན་པར་རང་གི་སློབ་མ་རྣམས་ལ་ཡང་ཡང་བསྒྲགས་ཤིང་། པ་ཚབ་སྐུ་མདུན་ནས་དབུ་མ་ལ་འཇུག་པ་གསན་པར་སྐུལ་ཆེད་ཉིད་ཀྱི་སློབ་མ་དུ་མ་པ་ཚབ་ཀྱི་གདན་སར་བཏང་། དེ་ནས་བཟུང་རིམ་གྱིས་ཕྱྭ་པའི་གདན་ས་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ལྟ་བ་གཙོ་བོར་དང་། པ་ཚབ་ཀྱི་གདན་ས་འཕན་པོ་དགོན་དུ་སློབ་དཔོན་ཟླ་བ་གྲགས་པའི་ལྟ་བ་གཙོ་བོར་རྩལ་དུ་བཏོན་ནས་འཆད་ཉན་གྱི་རྒྱུན་བསྐྱངས་པས། མི་རིང་བར་དབུ་མ་རང་རྒྱུད་པ་ (स्वातंत्रिक–माध्यमक | Svātantrika-Mādhyamaka) དང་ཐལ་འགྱུར་བ་ (प्रासंगिक–माध्यमक | Prāsaṅgika-Mādhyamaka) ཞེས་པའི་ཐ་སྙད་དེ་ཕྱོགས་ཀུན་ཏུ་རིམ་གྱིས་དར་ཁྱབ་ཆེན་པོ་བྱུང་། འདིས་བསྟན་པ་ཕྱི་དར་སྐབས་དབུ་མ་ཐལ་རང་གཉིས་ཀྱི་ཐ་སྙད་དར་ཚུལ་མཚོན་པ་ཡིན་པ་དང་། ཁྱད་པར་བོད་དུ་དབུ་མ་ཐལ་འགྱུར་བའི་ (प्रासंगिक–माध्यमक | Prāsaṅgika-Mādhyamaka) འཆད་ཉན་གྱི་རྒྱུན་ཐོག་མར་ཚུགས་པའི་ཁུངས་བསྟན་པ་ཡིན།
དབུ་མ་ཐལ་རང་གི་ཐ་སྙད་ཐོག་མར་མཛད་པ་པོ།
དབུ་མ་རང་རྒྱུད་པ་ (स्वातंत्रिक–माध्यमक | Svātantrika-Mādhyamaka) དང་ཐལ་འགྱུར་བ་ (प्रासंगिक–माध्यमक | Prāsaṅgika-Mādhyamaka) ཞེས་པའི་ཐ་སྙད་དེ།[14] ཁ་ཅིག་གིས་ཕྱྭ་པས་མཛད་པར་འདོད་པ་[15]དང་། ཁ་ཅིག་གིས་ཞང་ཐང་སག་པས་མཛད་པར་འདོད་པ་[16]དང་། ད་ལྟའི་མཁས་པ་ཕལ་ཆེ་བས་པ་ཚབ་ཉི་མ་གྲགས་པས་མཛད་པར་འདོད་པ་སོགས་ཡོད་མོད། ཡིན་ནའང་ལེགས་པར་གཞིགས་ན། འདིའི་ཐ་སྙད་མཛད་པ་པོ་ཛ་ཡ་ཨཱ་ནནྡ་ (जय आनन्द | Jaya Ānanda) དང་པ་ཚབ་ཉི་མ་གྲགས་པ་གཉིས་པོ་གང་རུང་གིས་མཛད་པར་འདོད་དེ། པ་ཚབ་ལོ་ཙཱ་བ་དང་རྒྱ་གར་གྱི་སློབ་དཔོན་ཛ་ཡ་ཨཱ་ནནྡ་ (जय आनन्द | Jaya Ānanda) གཉིས་པོ་དུས་མཉམ་དུ་དུས་རབས་བཅུ་གཅིག་པར་བྱོན་པ་ཡིན་ཞིང་། ཁོང་གཉིས་ལས་གང་གིས་ཐོག་མར་«དབུ་མ་ལ་འཇུག་པ་»ལ་འགྲེལ་པ་བརྩམས་མིན་འཕྱང་མོ་ཉུག་པས། གལ་ཏེ་ཛ་ཡ་ཨཱ་ནནྡས་ (जय आनन्द | Jaya Ānanda) སྔོན་མར་བརྩམས་པ་ཡིན་ན། དེ་ཉིད་ཀྱི་འཇུག་འགྲེལ་དུ་དབུ་མ་རང་རྒྱུད་པའི་ (स्वातंत्रिक–माध्यमक | Svātantrika-Mādhyamaka) ཐ་སྙད་ལན་གྲངས་བཞི་ཙམ་ཡོང་གི་ཡོད་ཅིང་ཐལ་འགྱུར་བའི་ (प्रासंगिक–माध्यमक | Prāsaṅgika-Mādhyamaka) ཐ་སྙད་གཏན་ནས་མི་སྣང་ལ། པ་ཚབ་ཀྱི་འཇུག་འགྲེལ་དུ་དབུ་མ་རང་རྒྱུད་པ་ཙམ་མ་ཟད་ཐལ་འགྱུར་བའི་ཐ་སྙད་ཀྱང་དུ་མར་གསུངས་ཡོད་པས། དེ་ལྟར་སྔ་ཕྱིར་བྱོན་པའི་དབང་དུ་བཏང་ན་དབུ་མ་རང་རྒྱུད་པའི་ཐ་སྙད་སྲོལ་འབྱེད་མཁན་པོ་ཛ་ཡ་ཨཱ་ནནྡ་དང་། དབུ་མ་ཐལ་འགྱུར་བའི་ཐ་སྙད་སྲོལ་འབྱེད་མཁན་པོ་པ་ཚབ་ལོ་ཙཱ་བ་ཡིན་པར་འདོད་དོ།།
འོན་ཏེ་དེ་ལྟར་མ་ཡིན་པར་ཐོག་མར་པ་ཚབ་ཉིད་ཀྱིས་འཇུག་འགྲེལ་བརྩམས་པ་ཡིན་ན་ནི། དབུ་མ་ཐལ་རང་གི་ཐ་སྙད་གཉིས་ཀའི་སྲོལ་འབྱེད་མཁན་པོ་པ་ཚབ་ཉིད་ལས་གཞན་དུ་འདའ་བ་ཡེ་ནས་མི་སྲིད་པའི་ཕྱིར་ཏེ། དེའང་ཇི་ལྟར་ན། པ་ཚབ་ཉི་མ་གྲགས་པ་གང་ཉིད་རྒྱ་གར་ཁ་ཆེའི་ཡུལ་དུ་ཕེབས་ནས་པཎྜིཏ་མང་པོ་བསྟེན་ཅིང་། ལོ་ཉེར་གསུམ་རིང་སློབ་གཉེར་མཛད། རྒྱ་གར་ལེགས་སྦྱར་སྐད་དུ་ཡོད་པའི་རྒྱལ་བའི་བཀའ་བསྟན་གྱི་ཆོས་ཚན་དུ་མ་སྔར་མ་བསྒྱུར་པ་དང་བསྒྱུར་ཀྱང་ཉམས་པར་གྱུར་པའི་རིགས་ལ་སོགས་པ་སྤྱི་དང་། ཁྱད་པར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་«དབུ་མ་ལ་འཇུག་པ་»དང་«ཚིག་གསལ་»གྱི་བསྟན་བཅོས་འདི་གཉིས་བསྒྱུར་པར་མཛད། དེའི་རྗེས་ཐོགས་སུ་བོད་དུ་ལོག་སྟེ་རང་ཡུལ་འཕན་པོ་ཟེར་བ་རུ་གདན་ས་བཏབ་ཅིང་། སློབ་དཔོན་ཟླ་གྲགས་ཀྱི་«དབུ་མ་ལ་འཇུག་པ་»དང་«ཚིག་གསལ་»རྣམས་ལ་ཊཱི་ཀ་མཛད་རྗེས། དེ་དག་གི་སྒོ་ནས་དབུ་མའི་འཆད་ཉན་གཙོར་མཛད་པས། ཐོག་མར་འཆད་ཉན་དར་རྒྱུར་ཁག་ཙམ་བྱུང་ཡོད་ཀྱང་རིམ་བཞིན་དགེ་བཤེས་ཤ་ར་བའི་བདག་རྐྱེན་གྱིས་སློབ་མ་དུ་མ་འཕེལ་བས་འཆད་ཉན་འཕེལ་རྒྱས་ཆེན་པོ་བྱུང་། གསང་ཕུ་ནེའུ་ཐོག་གི་གདན་ས་ན་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མའི་གཞུང་སྤྱི་དང་། ཁྱད་པར་དུ་མདོ་སྡེ་སྤྱོད་པའི་དབུ་མའི་གཞུང་གཞིར་བཞག་འཆད་ཉན་གྱི་སྲོལ་རྒྱུན་ཡོད་ཀྱང་། འཕན་ཡུལ་ན་པ་ཚབ་ཀྱིས་དབུ་མའི་འཆད་ཉན་གྱི་སྲོལ་གསར་པ་ཞིག་བཙུགས་པ་དེས། གསང་ཕུ་ནེའུ་ཐོག་གི་གདན་ས་བ་རྣམས་ལ་མཁའ་དབུགས་དྲག་པོའི་ཚོར་རླབས་ཤུགས་ཆེར་བྱིན་ཅིང་། དེ་དུས་ཀྱི་ཕྱྭ་པའི་སློབ་མ་སེང་ཆེན་བརྒྱད་[17]དུ་གྲགས་པ་དག་ལས། གཙང་ནག་པ་བརྩོན་འགྲུས་སེངྒེ་དང་གཞན་ཡང་རྨ་བྱ་བྱང་ཆུབ་བརྩོན་འགྲུས་སོགས་ཀྱིས་གཙོས། སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་ཤིན་ཏུ་མོས་པས། དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པར་བྱེད་ཅིང་། གཞན་རྣམས་སྔར་སྲོལ་ལྟར་དབུ་མ་རང་རྒྱུད་པའི་ལྟ་བ་འབའ་ཞིག་བཟུང་སྟེ་གནས་པར་གྱུར། རྨ་བྱ་བྱང་བརྩོན་གྱིས་པ་ཚབ་སྐུ་དངོས་ལས་དབུ་མའི་སྐོར་གསན་བཞེས་རྒྱ་ཆེར་མཛད་ཅིང་། ཛ་ཡ་ཨཱ་ནནྡ་ (जय आनन्द | Jaya Ānanda) ལས་ཁུ་མདོ་སྡེ་འབར་དང་གཙང་ནག་པའི་བར་དུ་བརྒྱུད་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པའི་མཁས་དབང་ཡིན་ལ། འདི་ཉིད་ཕྱྭ་པ་དང་པ་ཚབ་གཉིས་ལས་ཐོག་མར་སུ་ཡི་སློབ་མ་ཡིན་མིན་མི་ཤེས་མོད། ཕྱྭ་པ་དང་པ་ཚབ་ཀྱི་བར་ལོ་ངོ་ལྔ་བཅུ་སྐོར་ཙམ་གྱིས་བར་ཆོད་ཡོད། འོན་ཀྱང་པ་ཚབ་ཀྱི་ཐུགས་སྲས་བུ་བཞིའི་ནང་གསེས་ཡིན་པ་མ་ཟད། ཕྱྭ་པའང་བླ་མར་བསྟེན་ནས་དབུ་མའི་སྐོར་ཞུ་མྱོང་བའི་ལོ་རྒྱུས་མཆིས། དེ་ལྟར་གསང་ཕུ་དགོན་གྱི་ལྟ་གྲུབ་རྣམས་མཐར་གྱིས་ལུགས་ཐ་དད་པ་རྣམ་པ་གཉིས་སུ་གྱེས་པར་གྱུར་པས་གནས་གཅིག་ཏུ་ལྟ་གྲུབ་མི་འདྲ་བའི་སྲོལ་གཉིས་འཛོམས་པ་ལྟ་བུ་བྱུང་། འོན་ཀྱང་དེ་མཚམས་ནས་བཟུང་གསང་ཕུར་སློབ་དཔོན་ཟླ་གྲགས་ལུགས་ཀྱི་དབུ་མའི་འཆད་ཉན་གྱི་རྒྱུན་བཙུགས་ཡོད་མེད་དོགས་པའི་གནས་སུ་འཁུམས།
དབུ་མ་ཐལ་རང་གི་ཐ་སྙད་ཐོག་མར་གསལ་སའི་གཞུང་།
དེས་ན་དབུ་མ་ཐལ་རང་གི་ཐ་སྙད་མཛད་པ་པོ་ཛ་ཡ་ཨཱ་ནནྡ་ (जय आनन्द | Jaya Ānanda) དང་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་གང་རུང་ཡིན་ལ། དེ་ཡང་ཁོང་གཉིས་ཀྱིས་དབུ་མ་པ་ལ་ཐལ་རང་གཉིས་སུ་ཕྱེ་ནས་དེའི་རྣམ་གཞག་མཛད་པ་དེ་འདྲ་དམིགས་བསལ་མེད་ཀྱང་། ཁོང་དག་གིས་མཛད་པའི་དབུ་མ་ལ་འཇུག་པའི་འགྲེལ་པ་དང་རྩ་ཤེས་ཊཱི་ཀ་རྣམས་ལས་ཐལ་རང་གི་ཐ་སྙད་ཡང་ནས་ཡང་དུ་ཡོང་གི་ཡོད་པའི་ཕྱིར་ནའོ། །དེ་ཡང་དང་པོ་ཛ་ཡ་ཨཱ་ནནྡས་མཛད་པའི་«དབུ་མ་ལ་འཇུག་པའི་འགྲེལ་བཤད་»ལས། “དེའི་ཞེས་བྱ་བ་ནི་དབུ་མ་རང་རྒྱུད་པའོ།།” ཞེས་དང་། “དེ་ལ་ཁ་ཅིག་ཅེས་བྱ་བ་ནི་དབུ་མ་རང་རྒྱུད་པའོ།།” ཞེས་སོགས་མཁས་པ་འདིའི་གཞུང་ནང་དུ་ནི་དབུ་མ་རང་རྒྱུད་པའི་ཐ་སྙད་བེད་སྤྱོད་གནང་ཡོད་ཅིང་། གཉིས་པ་པ་ཚབ་ལོ་ཙཱ་བས་མཛད་པའི་«དབུ་མ་རྩ་ཤེས་ཀྱི་ཊཱི་ཀ་སྒྲོན་མ་གསལ་བྱེད་»[18]ལས། “དེ་ལ་སྤྱིར་དབུ་མའི་རྩ་བ་ལ་འགྲེལ་བ་མང་པོ་ཡོད་པ་ལས་རྩོད་ལ་ཡོད་དེ། བུ་ཏ་བྷ་ལི་ཏས་[19]དང་པོར་མཛད་དེ་ཐལ་འགྱུར་དུ་བཀྲལ། ཀ་ལ་འཇིགས་མེད་[20]ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲགས་ན་ཡང་པ་ར་ན་རེ་[21]མིན་ཟེར། བུ་ཏ་བ་ལི་ཏའི་[22]གཏིང་ལ་བྷ་ཕྱ་ཀིར་ཏིས་[23]ཤེས་རབ་སྒྲོན་མ་མཛད་པས་སྔར་གྱི་ཐལ་འགྱུར་སུན་ཕྱུང་ནས་རང་རྒྱུད་དུ་བཀྲལ། དེའི་ཕྱིས་ཟླ་གྲགས་ཀྱིས་རང་རྒྱུད་སུན་ཕྱུང་ནས་བུ་ཏ་པ་ལི་[24]གཞུང་བསྐྱངས་ཏེ་ཐལ་འགྱུར་དུ་བཀྲལ་བ་དང་བཞིའོ།།” ཞེས་པའི་ཚིག་རྣམས་མ་དཔེ་ཇི་བཞིན་ཡིན་པས་དེ་དག་གི་དོན་གོ་བདེ་བར་བཀྲལ་ན། སྤྱིར་དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་པ་མང་པོ་ཡོད་ཅིང་དེ་དག་ནང་ཕན་ཚུན་མི་མཐུན་པའི་རྩོད་པ་ཡོད་པ་སྟེ། སངས་རྒྱས་བསྐྱངས་ཀྱིས་འགྲེལ་པ་དང་པོ་བརྩམས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱིི་རྩ་ཤེས་དགོངས་པ་ཐལ་འགྱུར་དུ་བཀྲལ། ག་ལས་འཇིགས་མེད་ཅེས་བྱ་བ་དེ་སློབ་དཔོན་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲགས་ན་ཡང་འགའ་ཞིག་གིས་ཁས་མི་ལེན། སངས་རྒྱས་བསྐྱངས་ཀྱི་རྗེས་སུ་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མ་བརྩམས་ཏེ་སྔར་གྱི་ཐལ་འགྱུར་སུན་ཕྱུང་ནས་རྩ་ཤེས་དགོངས་པ་རང་རྒྱུད་དུ་བཀྲལ། དེའི་ཕྱིས་སུ་ཟླ་བ་གྲགས་པས་ལེགས་ལྡན་འབྱེད་ཀྱི་དགོངས་པ་སུན་ཕྱུང་ནས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་འཐད་ལྡན་དུ་བསྒྲུབས་ཏེ་ཐལ་འགྱུར་དུ་རྒྱ་ཆེར་བཀྲལ་བ་དང་བཞིའི་རིམ་པས། དབུ་མ་རྩ་བ་ཤེས་རབ་ཀྱི་དགོངས་པ་འགྲེལ་ཚུལ་དེ་ལྟར་གནས་སོ། །ཞེས་པ་སྟེ།
འདི་ནི་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་ཚིག་གསལ་ནང་གི་ཐལ་བཟློག་དང་མཐུན་པར་རྒྱ་གར་འཕགས་པའི་ཡུལ་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལུགས་ལས་ཐལ་རང་གི་དབུ་མ་པ་གཉིས་སུ་ཇི་ལྟར་གྱེས་པའི་ཚུལ་བསྟན་པའི་བོད་གཏམ་ཐོག་མ་ལྟ་བུ་ཡིན་ལ། ཁྱད་པར་དུ་བསྟན་པ་ཕྱི་དར་སྐབས་དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པ་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་མཚོན་པ་ཡང་ཡིན། བུ་སྟོན་རིན་ཆེན་གྲུབ་པ་ལ་སོགས་པའི་བོད་ཀྱི་མཁས་མཆོག་རེ་ཟུང་ཙམ་གྱིས་དབུ་མ་ཐལ་རང་གི་ཐ་སྙད་དང་གྲུབ་མཐའི་དབྱེ་བ་དག་བོད་ཀྱི་རྟོག་བཟོ་ཡིན་པ་ཙམ་དུ་གསུངས་པ་ལས་དེ་ལྟར་ཡིན་པའི་སྒྲུབ་བྱེད་མེད། རྗེ་ཙོང་ཁ་པས་ནི་འདི་ལྟར་གསུངས་ཏེ།[25] གངས་རིའི་ཁྲོད་ཀྱི་ཕྱི་དར་གྱི་མཁས་པ་རྣམས་དབུ་མ་པ་ལ་ཐལ་རང་གཉིས་ཀྱི་ཐ་སྙད་བྱེད་པ་ནི་ཚིག་གསལ་དང་མཐུན་ནོ། །དེས་ན་ཐ་སྙད་དུ་ཕྱི་རོལ་འདོད་མི་འདོད་གཉིས་སུ་ངེས་ལ། སྟོང་ཉིད་ངེས་པའི་ལྟ་བ་རྒྱུད་ལ་བསྐྱེད་ཚུལ་གྱི་སྒོ་ནས་མིང་འདོགས་ན་ཡང་ཐལ་རང་གཉིས་སུ་ངེས་སོ། །ཞེས་བོད་ཀྱི་རྟོག་བཟོ་མ་ཡིན་པར་ཚིག་གསལ་གྱི་ནང་དོན་དང་མཐུན་པར་ཡང་དག་པར་བསྒྲུབས་པར་མཛད།
དབུ་མ་པ་ལ་ཐལ་རང་གཉིས་སུ་དབྱེ་བ་འབྱེད་པ་པོ་ཐོག་མ།
དེ་ལྟར་ཛ་ཡ་ཨཱ་ནནྡ་ (जय आनन्द | Jaya Ānanda) དང་པ་ཚབ་གཉིས་པོ་གང་གིས་འཇུག་འགྲེལ་ཐོག་མར་བརྩམས་མིན་བདག་ཡིད་ཚོམ་པར་གྱུར་ཅིང་། ཕལ་ཆེར་ཛ་ཡ་ཨཱ་ནནྡས་སྔོན་མར་བརྩམས་པར་སྙམ་པ་འདུག་སྟེ། གལ་ཏེ་པ་ཚབ་ཀྱིས་ཐོག་མར་བརྩམས་པའི་དབང་དུ་བྱས་ནའང་། ཁོང་གིས་དབུ་མ་པ་ལ་ཐལ་རང་གཉིས་ཀྱི་དབྱེ་བ་དངོས་སུ་མཛད་ནས་དེའི་རྣམ་གཞག་མཛད་པ་མ་མཆིས་ཤིང་། པ་ཚབ་ཀྱི་སློབ་མ་བུ་བཞི་ལས་ཚིག་དོན་གཉིས་ཀར་མཁས་པ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་ཀྱང་དབུ་མའི་གཞུང་དུ་མ་བརྩམས་ཡོད་ཀྱང་། དེ་དག་ལས་ཀྱང་རང་རྒྱུད་པ་དང་ཐལ་འགྱུར་བའི་ཐ་སྙད་ཙམ་ལས། དབུ་མ་པ་ལ་ཐད་ཀར་དེ་ལྟའི་ཐ་སྙད་ཀྱིས་དབྱེ་བ་དངོས་སུ་མཛད་པ་དམིགས་བསལ་མ་མཆིས། རོག་བནྡེ་ཤེས་རབ་འོད་ (༡༡༦༦-༡༢༤༤) བྱ་བས་རང་གིས་མཛད་པའི་«ཆོས་འབྱུང་བསྟན་པའི་སྒྲོན་མེ་»[26]རུ་དབུ་མའི་རྣམ་གཞག་ཅུང་རྒྱས་ཙམ་མཛད་ཡོད་པ་དེར། དབུ་མ་པ་ལ་ཐལ་རང་གཉིས་སུ་དབྱེ་བ་མཛད་མེད་ཀྱང་། དབུ་མའི་ལྟ་གྲུབ་གཏན་ལ་འབེབས་བྱེད་ཀྱི་རིགས་པའི་རྣམ་གྲངས་སུ། རང་རྒྱུད་དང་ཐལ་འགྱུར་གཉིས་སུ་ཕྱེ་ཞིང་། རང་རྒྱུད་ལའང་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པ་གཉིས་སུ་དབྱེ་བར་མཛད། རྗེས་སོར་གནས་ལྔ་རིག་པའི་པཎྜིཏ་ཆེན་པོ་ས་པཎ་ཀུན་དགའ་རྒྱལ་མཚན་ (༡༡༨༢-༡༢༥༡) གྱིས་དབུ་མ་པ་ལ་ཐལ་རང་གཉིས་ཀྱི་དབྱེ་བ་དངོས་སུ་མཛད་པ་ཡིན་ཏེ། དེ་ཡང་དེ་ཉིད་ཀྱིས་མཛད་པའི་«ཐུབ་པ་དགོངས་གསལ་»ལས།[27] “དབུ་མ་ལའང་རང་རྒྱུད་དང་ཐལ་འགྱུར་གཉིས་ཡོད་དོ། །དེ་ལྟ་བུའི་གྲུབ་མཐའ་དེའང་ཡོད་མེད་ཀྱི་མཐར་ལྷུང་ན་དབུ་མར་ཁས་ལེན་ཡང་དགག་དགོས་ཏེ་རྟག་ཆད་ཀྱི་མཐའ་ལས་འདས་པའི་ཕྱིར་རོ།།” ཞེས་སོགས་དབུ་མའི་སྐོར་སྙིང་བསྡུས་རེ་གསུངས་ཡོད་པ་དང་། གཞན་ཡང་གཞུང་ལུགས་ལེགས་པར་བཤད་པ་ཞེས་བྱ་བའི་བསྟན་བཅོས་སོགས་ལས་ཀྱང་དབུ་མའི་སྐོར་རྣམ་གཞག་རྒྱ་མི་ཆུང་ཙམ་མཛད་ཡོད། མདོར་ན་དེ་དག་གི་གྲུབ་དོན་ནི་ཐལ་རང་གི་ཐ་སྙད་ཙམ་ཛ་ཡ་ཨཱ་ནནྡ་དང་པ་ཚབ་རྣམས་ཀྱིས་མཛད་ཀྱང་། ཐལ་རང་གི་དབུ་མ་པའི་དབྱེ་བ་དངོས་སུ་ཚིག་ཟིན་གྱིས་མཛད་པ་པོ་ནི་འཇམ་མགོན་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ཡིན་པར་གྲུབ་བོ།།
འོན་ཀྱང་ད་ལྟའི་ཆར་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བའི་ཐ་སྙད་དག་རྒྱ་གར་ལེགས་སྦྱར་གྱི་ཐ་སྙད་དུ་འདི་ལྟར་འདུག་པ་སྟེ། རང་རྒྱུད་པ་ལ་སྭཱ་ཏན་ཏྲི་ཀ་ (स्वातंत्रिक | Svātantrika) དང་། ཐལ་འགྱུར་བ་ལ་པྲཱ་སངྒི་ཀ་ (प्रासंगिक | Prāsaṅgika) ཞེས་ཡོད་པ་འདི་དག་ནི་ཉེ་རབས་ཀྱི་ནང་བོད་ཡིག་ནས་བསྒྱུར་པར་འདོད་པ་ཡོངས་གྲགས་ཡིན་ལ། དེའང་ཐོག་མར་སུས་བསྒྱུར་མིན་ཆ་མ་འཚལ་ཡང་། ནང་ཆོས་དང་འབྲེལ་བའི་སཾ་བོད་དབྱིན་གསུམ་ཤན་སྦྱར་གྱི་ཚིག་མཛོད་དང་། དེང་རབས་མཁས་པའི་དཔྱད་བརྗོད། སྤྱི་ཚོགས་དྲ་རྒྱ་སོགས་སུ་བཀོལ་སྤྱོད་རྒྱ་ཆེར་བྱས་འདུག
དབུ་མ་ཐལ་རང་གཉིས་སུ་བྱུང་ཡོད་མེད་ཀྱི་དོགས་སྤོང་།
འདིར་གླེང་སློང་སྐབས་སུ་ཞུས་པ་ལྟར། བཤེས་གཉེན་དམ་པ་ཁ་ཅིག་གིས། དེང་སང་དབུ་མ་པ་ལ་ཐལ་རང་གཉིས་སུ་ཕྱེ་བ་དེ་བསྟན་པ་ཕྱི་དར་བའི་མཁས་པ་དག་གི་རྟོག་བཟོ་ཡིན་ལ། ཐལ་འགྱུར་བ་ཞེས་བྱ་བ་ཞིག་རྒྱ་གར་དུ་ཡེ་ནས་བྱུང་མྱོང་མེད་ཅིང་། གལ་ཏེ་དེ་བྱུང་བར་འདོད་ནའང་། རང་ལུགས་སྔ་འགྱུར་བ་ལ་དེ་གཏན་ནས་འཐད་པར་བྱ་བ་མ་ཡིན་ཞིང་དགོས་པའང་མི་འདུག་ཟེར་བའི་གཏམ་འདིར་བསམ་གཞིག་ཅིག་བྱས་ན། སྤྱིར་ན་འདིའི་ཐོག་རྙིང་མ་བ་ཚོས་རྟོག་གེའི་རིགས་པས་འཇུག་མི་དགོས་པར་མན་ངག་ཚད་མའི་ལམ་ནས་འཇམ་མགོན་མི་ཕམ་རིན་པོ་ཆེས་རང་གིས་མཛད་པའི་གཞུང་རྣམས་སུ་དོན་གྱིས་ལན་གསལ་པོར་གནང་ཡོད་པས། ངས་སླར་ཡང་ཟློ་བ་ལ་དགོས་པ་ཅང་མེད་མོད། འོན་ཏེ་དགོས་པའི་དོན་དུ་བསྐྱར་ཟློས་བྱ་བ་ལ་འགལ་བ་མེད་པས། འདིའི་ཐད་ཅུང་ཙམ་བརྒལ་བརྟག་སྤྲོས་ན།
དང་པོ། སྤྱིར་དབུ་མ་པ་ལ་ཐལ་རང་གཉིས་སུ་ཕྱེ་བ་དེ་བསྟན་པ་ཕྱི་དར་བའི་མཁས་པ་དག་གི་རྟོག་བཟོ་ཡིན་ཡང་། མཐའ་གཅིག་ཏུ་རྟོག་བཟོར་གཟུང་བར་བྱ་བ་ནི་མ་ཡིན་ཏེ། འཇམ་མགོན་ཙོང་ཁ་པས་ཚིག་གསལ་གྱི་འགྲོས་དང་མཐུན་པར་འཐད་ཅིང་། སྟོང་ཉིད་ངེས་པའི་ལྟ་བ་རྒྱུད་ལ་སྐྱེད་ཚུལ་གྱི་སྒོ་ནས་ཀྱང་ཐལ་རང་གཉིས་སུ་ངེས་པར་གསུངས་པའི་ཕྱིར་དང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེས་སངས་རྒྱས་བསྐྱངས་ཀྱི་གཞུང་ལ་ལེགས་ལྡན་གྱིས་དགག་བྱ་ལ་དོན་དམ་པའི་ཁྱད་པར་མ་སྦྱར་བའི་སྐྱོན་བརྗོད་པ་ལ་ཟླ་བས་སུན་འབྱིན་པ་ལྟ་བུའི་གནས་སྐབས་གཞུང་འཆད་ཚུལ་གྱི་དབང་དུ་བྱས་ཏེ་འདི་གཉིས་ཀྱི་ཁྱད་པར་འབྱེད་དགོས་པར་གསུངས་པའི་ཕྱིར་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གཞན་ལ་རྩོད་པ་བྱེད་པ་དང་། རང་ཉིད་ཀྱིས་སློབ་བུ་རྗེས་སུ་འཛིན་པ་ན། ཐལ་འགྱུར་དང་རང་རྒྱུད་ཀྱི་རྟགས་སྦྱོར་སོ་སོར་འགོད་པའི་སྒྲུབ་བྱེད་ཀྱི་དབང་གིས་གནས་སྐབས་ཐལ་རང་སོ་སོར་ངེས་པའི་ཕྱིར། ཞེས་སོགས་ཀྱི་གསུང་འདི་དག་ནི་དོན་དང་མཐུན་ཞིང་འོས་མེད་ཀྱི་རིགས་པ་དམ་པར་མཆིས་པས་འདི་བཞིན་ཁས་བླངས་ན་བདེ་བ་ཡིན་མོད་དེ་མིན་ཅང་མ་འཚལ།
གཉིས་པ། ཐལ་འགྱུར་བ་བྱ་བ་ཞིག་རྒྱ་གར་དུ་ཡེ་ནས་བྱུང་མྱོང་མེད་ཅེས་པ་དེར། ཕྱོགས་གཅིག་ནས་བདེན་མོད། ཅིའི་ཕྱིར་ན། ང་ཐལ་འགྱུར་བའོ། །ངས་འདི་ལྟར་ཐལ་འགྱུར་གྱི་དགོངས་པ་འགྲེལ་ལོ་ཟེར་མཁན་ཞིག་བྱུང་མེད། ཡིན་ནའང་ལེགས་པར་གཞིགས་ན། སློབ་དཔོན་ཟླ་བ་གྲགས་པ་ཟེར་བའི་རྒྱ་གར་བའི་སློབ་དཔོན་ཞིག་བྱུང་ཡོད་པ་ནི་རྩོད་མེད་ཡིན་ཏེ། འཕགས་ཡུལ་ན་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཆེན་མོའི་གདན་རབས་གཉིས་པར་བྱོན་པའི་དཔལ་མར་མེ་མཛད་ཡེ་ཤེས་བཟང་པོའམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (༩༨༢-༡༠༥༤) མཛད་པའི་«བདེན་པ་གཉིས་ལ་འཇུག་པ་»ལས།[28] སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཞིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་རྒྱ་གར་རང་གི་མཁས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་གྲགས་པའི་ཟླ་བ་གྲགས་པ་ཟེར་བ་ཞིག་ཡོད་པར་གསུངས་པའི་ཕྱིར་དང་། སྤྱིར་ལོ་རྒྱུས་བཤད་སྟངས་ལྟར་ན། ཟླ་གྲགས་དང་ལེགས་ལྡན་སོགས་ཀྱི་སྐབས་ན། ཁོང་དག་གིས་བསྟན་བཅོས་བརྩམས་ཤིང་འཆད་སྤེལ་གནང་བའི་ཚེ་ལེགས་ལྡན་ལ་སློབ་མ་དུ་མར་ཡོད་ཅིང་། ཟླ་གྲགས་ལ་སློབ་མ་རེ་ཟུང་ལས་མེད་པར་གྲགས། དེའི་རྐྱེན་གྱིས་ཟླ་གྲགས་ཀྱི་བརྩམས་ཆོས་རྣམས་ཀྱི་མཛད་ཕྲིན་སྔར་རྒྱ་གར་དུའང་དར་རྒྱས་མ་བྱུང་ཞིང་། བོད་དུའང་བསྟན་པ་སྔ་དར་སྐབས་ཟླ་གྲགས་ཀྱི་བརྩམས་ཆོས་རྣམས་བསྒྱུར་རྒྱུའི་གོ་སྐབས་མ་རྙེད་པས། ཁོང་གི་མཚན་ཙམ་ཡང་གྲགས་པ་མ་བྱུང་། ཕྱིས་སུ་བསྟན་པ་ཕྱི་དར་གྱི་སྐབས་ན་ཇོ་བོ་རྗེ་བོད་དུ་ཕེབས་ཤིང་རང་སློབ་ཀྱི་ཐུ་བོའི་གྲས་རེ་འགའ་ཙམ་ལ་སློབ་དཔོན་ཟླ་བ་གྲགས་པའི་དགོངས་པ་ལྟར་བརྩམས་པའི་ཉིད་ཀྱི་བསྟན་བཅོས་«དབུ་མ་བདེན་གཉིས་ལ་འཇུག་པའི་»འཆད་ཉན་ལྐོག་ཆོས་སུ་མཛད་ཀྱིན་པར་གྲགས་ཤིང་། དེའི་རྗེ་སོར་པ་ཚབ་ལོ་ཙཱ་བ་རྒྱ་གར་དུ་ཕེབས་ཏེ་ལོ་ངོ་དུ་མར་ཐོས་བསམ་མཛད་ཅིང་སློབ་དཔོན་ཟླ་གྲགས་ཀྱི་བརྩམས་ཆོས་རྣམས་རྙེད་པ་དག་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་སྟེ། བོད་དུ་དེའི་འཆད་ཉན་སྤེལ་བས་གཟོད་བོད་དུ་ཐལ་འགྱུར་ཞེས་པའི་སྒྲ་གྲགས་ཤིང་། དེ་དུས་ཀྱི་བོད་མཁས་པ་རྣམས་ཁོང་གི་གསུང་དེར་ཆད་ལྟར་འཛིན་པ་སོགས་ཀྱི་ལོ་རྒྱུས་གོང་དུ་ཞུས་པ་ལྟར་དང་། དེ་ལྟར་བྱས་པས་རིམ་བཞིན་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གཙོས་པའི་བོད་མཁས་པ་ཀུན་ཀྱིས་ཐལ་འགྱུར་མི་སྨྲ་མཁན་མེད་པ་དང་། ལུགས་སོ་སོའི་མཚན་ཉིད་ཐེག་པའི་སྐབས་ཀྱི་མཐར་ཐུག་ཐེག་པ་ཀུན་ཀྱི་སྐྱེལ་སོའང་ཐལ་འགྱུར་འདི་བཞེད་དགོས་པ་བྱུང་བ་ནི་བསླུ་མེད་བསྙོན་མེད་དུ་གྲུབ་པའི་ཕྱིར། དེས་ན་སྔོན་གྱི་མཁས་གྲུབ་དམ་པ་རྣམས་ལས་ལྷག་པའི་རྣལ་འབྱོར་གྱི་མངོན་ཤེས་དང་ལུང་རིགས་མན་ངག་གསུམ་གྱི་རྒྱབ་རྟེན་དམིགས་བསལ་བ་འདྲ་བསྟན་རྒྱུ་ཡོད་ན་མ་གཏོགས་དེ་མིན་ཐལ་འགྱུར་བྱ་བ་ཞིག་གཏན་ནས་མེད་ཟེར་བའི་ཁས་ལེན་ཤིན་ཏུ་ནས་ཀྱང་དཀའ་བའི་གནས་སུ་གྱུར་པའོ།།
གསུམ་པ། གལ་ཏེ་ཐལ་འགྱུར་བ་བྱ་བ་ཞིག་བྱུང་བར་འདོད་ཀྱང་རང་ལུགས་སྔ་འགྱུར་བ་ལ་དེ་གཏན་ནས་འཐད་པར་བྱ་བ་མ་ཡིན་ཞིང་དགོས་པའང་མི་འདུག་ཟེར་བ་ལ་བསམས་ན། སྤྱིར་དོན་དམ་པར་ཆོས་ཅན་རང་གི་ངོ་བོས་མི་སྟོང་པར་བདེན་གྲུབ་ཀྱིས་སྟོང་པར་འདོད་པའི་མ་ཡིན་དགག་གི་སྟོང་པ་ཙམ་ལ་ཐལ་འགྱུར་བའི་ལྟ་བར་འདོད་པའི་དེ་ལྟ་བུའི་ཐལ་འགྱུར་བ་ཞིག་སྔ་འགྱུར་བ་ལ་འཐད་པར་བྱ་བ་མ་ཡིན་ཞིང་དགོས་པའང་མེད་པ་ཨ་ཅང་ཅང་ཡིན་མོད། འོན་ཏེ་སྟོན་པ་བདེ་བར་གཤེགས་པས་གསུངས་པའི་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་ཆོས་ཉིད་ཀྱི་དགོངས་དོན་བླ་ན་མེད་པ་མགོན་པོ་ཀླུ་སྒྲུབ་དང་སངས་རྒྱས་བསྐྱངས་དང་ཟླ་གྲགས་སོགས་ཀྱིས་ཇེ་གསལ་ནས་ཇེ་རྒྱས་སུ་བཀྲལ་ཞིང་། དེ་དག་གི་དོན་རྣམས་སྤྲོས་བྲལ་ཙམ་གྱི་ཆ་ནས་སྔ་འགྱུར་བའི་རྫོགས་པ་ཆེན་པོ་ཀ་དག་གི་དོན་དང་གཅིག་པ་ཡིན་པ་དང་། དཔལ་ལྡན་ཟླ་བ་དང་མགྲིན་དབྱངས་གཅིག་ཏུ་དཔལ་རོང་ཟོམ་པས་ཀྱང་ཐལ་འགྱུར་གྱི་དོན་གཏན་ལ་ཕབ་ཡོད་པ་དང་། སྔགས་ལམ་ལ་རིམ་གྱིས་འཇུག་པའི་ལས་དང་པོའི་རིགས་ཅན་རྣམས་ཀྱིས་ཀ་དག་གི་བརྡར་ཤ་ལེགས་པར་ཆོད་པ་ལ་ཐལ་འགྱུར་བའི་ལྟ་བ་རྣལ་མ་དཔྱིས་མ་ཕྱིན་པར་མི་འོང་བ་སོགས་གསུངས་པ་སྟེ། འཇམ་མགོན་མི་ཕམ་རིན་པོ་ཆེས། འཕགས་ཡུལ་དཔལ་ལྡན་ཟླ་བ་དང་། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོ་བསྒྲུབས། །ཞེས་དང་། ཀ་དག་བརྡར་ཤ་ཆོད་པ་ལ། །ཐལ་འགྱུར་ལྟ་བ་མཐར་ཕྱིན་དགོས། །སྤྲོས་བྲལ་ཙམ་གྱི་ཆ་ནས་ནི། །དེ་གཉིས་ཁྱད་པར་མེད་དོ་གསུངས། །ཞེས་གསུངས་ལ། སྟོན་མཆོག་དམ་པས་བཀའ་འཁོར་ལོ་བར་པར་དངོས་བསྟན་གྱི་དབང་དུ་སྟོང་པ་ཉིད་ཁོ་ན་བསྟན་པ་ཡིན་དུ་ཟིན་ཀྱང་། དེའི་སྦས་དོན་གྱི་ཆར་སྣང་བ་ཀུན་རྫོབ་སྒྱུ་མ་ལྟ་བུའི་རང་བཞིན་ཡང་མ་བསྟན་པ་མིན་མོད། འོན་ཏེ་གདུལ་བྱ་བློ་མིག་མ་དག་པ་རྣམས་ཀྱིས་དངོས་བསྟན་ཁོ་ན་ཉིད་ལས་སྦས་དོན་སྣང་བའི་གོ་སྐབས་བྲལ་བས་སྣང་སྟོང་ཟུང་འཇུག་གི་གོ་བ་ལེན་པའི་སྐལ་བ་དབེན་པའི་ཕྱིར། དེ་དག་ལ་དགོངས་ཏེ་གསང་སྔགས་བླ་ན་མེད་པའི་རྒྱུད་རྣམས་སུ་མདོའི་དངོས་བསྟན་སྟོང་པ་ཆེན་པོ་དེ་ཁོ་ནར་ཞེན་པ་བཟློག་པར་བྱ་བའི་ཕྱིར། མདོའི་སྦས་དོན་སྣང་བ་ཀུན་རྫོབ་སྒྱུ་མའི་རང་བཞིན་ཉིད་སྔགས་སུ་བདེ་བ་ཆེན་པོ་ལ་སོགས་པའི་སྒོ་ནས་གསལ་རྒྱས་རྫོགས་གསུམ་གྱིས་གཏན་ལ་དབབ་དགོས་བྱུང་བ་སྟེ། སྟོང་པར་ཞེན་པ་བཟློག་ཕྱིར་དུ། །སྔགས་ལས་བདེ་བ་ཆེན་པོ་བསྟན། །བདེ་སྟོང་གཉིས་སུ་མེད་པའི་དབྱིངས། །ཡུལ་དང་ཡུལ་ཅན་བྲལ་བ་ཡི། །ཚུལ་གྱིས་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་པའི་ཕྱིར། དེས་ན་སྔ་འགྱུར་བ་རྣམས་ལ་ཐལ་འགྱུར་བའི་ལྟ་གྲུབ་གཏན་ནས་མི་མཁོ་བ་མ་ཡིན་པར་ཇི་ཙམ་མཁོ་མིན་གྱི་གནད་མན་ངག་ཟབ་མོ་འདི་དག་གིས་ལེགས་པར་བསྟན་པ་ཡིན་པས། འདིར་གུས་པས་བླུན་པོའི་ཨུ་ཚུགས་ཀྱི་རིགས་པ་མང་པོ་ཞིག་སྤྲོས་མ་སྤྲོས་ཀྱི་དགོས་པ་མ་མཆིས་སོ།།
ཐལ་རང་གཉིས་ལས་རང་རྒྱུད་པ་ལ་ནང་གསེས་དབྱེ་བ་འབྱེད་ཚུལ་གྱི་བཞེད་པ་མི་འདྲ་བའི་སྐོར།
དེ་ལྟར་བསྟན་པ་ཕྱི་དར་གྱི་སྐབས་དབུ་མ་པ་ལ་ཐལ་རང་གི་གྲུབ་མཐའ་སྨྲ་བའི་རྣམ་གྲངས་གཉིས་སུ་བྱུང་བ་མ་ཟད། དེའི་ཕྱིས་སུ་དབུ་མ་རང་རྒྱུད་པ་ལའང་ནང་གསེས་ཀྱི་དབྱེ་བ་འབྱེད་ཚུལ་དུ་མ་བྱུང་སྟེ། དེ་ལ་ཐོག་མར་རང་རྒྱུད་པ་ལ་གོང་འོག་གཉིས་སུ་ཕྱེ་ནས། དེ་ལ་ནང་གསེས་དང་བཅས་པའི་དབྱེ་བ་འབྱེད་པའི་སྲོལ་འབྱེད་མཁན་པོ་ཐོག་མ་སུ་ཡིན་མིན་ཆ་མ་འཚལ། བཤད་རྒྱུན་ཞིག་ལ་རང་རྒྱུད་གོང་འོག་སོགས་ཀྱི་དབྱེ་བ་དག་ནི་གསང་ཕུ་བའི་ཕྱིས་བྱོན་མཁས་གྲུབ་རྣམས་ཀྱིས་མཛད་པར་གྲགས་མོད། འོན་ཏེ་སུ་ཞིག་གིས་མཛད་མིན་གྱི་དཔང་རྟགས་ཁུངས་བཙན་མེད་པས་དེར་ཟད། གང་ལྟར་རང་རྒྱུད་གོང་འོག་གི་ཐ་སྙད་སྲོལ་འབྱེད་མཁན་པོ་སུ་ཡིན་མིན་ལ་མ་ལྟོས་པར། ད་ཡོད་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ཁྲོད། རང་རྒྱུད་གོང་འོག་སོགས་ཀྱི་ཐ་སྙད་ཐོག་མར་གསལ་ས་ལྟ་བུ་དེ་ཕལ་ཆེར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ (༡༣༠༨-༡༣༦༣) ཀྱི་གཞུང་ལུགས་དག་ཡིན་སྙམ། ཅིའི་ཕྱིར་ཞེ་ན། པ་ཚབ་ཡབ་སྲས་མན་ཆོད་ལ་ཀློང་ཆེན་ཞབས་མ་བྱོན་པའི་སྔ་རོལ་དུ་བོད་ཀྱི་མཁས་དབང་དུ་མ་ཞིག་བྱོན་ཡོད་ཀྱང་། དབུ་མའི་སྐོར་བཤད་པ་མཛད་པའི་བསྟན་བཅོས་དེ་ཙམ་མི་སྣང་། གནས་ལྔ་རིག་པའི་པཎྜིཏ་ཆེན་པོ་ས་པཎ་ཀུན་དགའ་རྒྱལ་མཚན་ (༡༡༨༢-༡༢༥༡) གྱིས་སྤྱིར་དབུ་མའི་སྐོར་ཐལ་རང་གཉིས་སུ་དབྱེ་བའི་སྒོ་ནས་བསྡུས་ཙམ་རེ་གསུངས་ཡོད་ཀྱང་། རང་རྒྱུད་པ་ལ་དེ་ལྟའི་དབྱེ་བ་མཛད་མེད། ཀུན་མཁྱེན་ཀློང་ཆེན་ཞབས་ཀྱིས་ཀྱང་དབུ་མའི་གཞུང་དམིགས་བསལ་བ་འདྲ་མཛད་མེད་ཀྱང་། ཟབ་རྒྱས་མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་དགོངས་དོན་གཅིག་ཏུ་འདུས་པའི་ཐེག་པ་ཆེན་པོའི་སྤྱི་གཞུང་རྒྱ་མཚོ་ལྟ་བུ་དུ་མར་བརྩམས་ཡོད་པ་དག་ལས། དབུ་མའི་རྣམ་གྲངས་འབྱེད་ཚུལ་དུ་མར་མཆིས་པ་དག་འདིར་རིམ་བཞིན་དགོད་པར་བྱ།
དེ་ལ་དང་པོ་དབུ་མ་རང་རྒྱུད་པ་ལ་གོང་འོག་གཉིས་སུ་ཕྱེ་བ་ནི། «ཡིད་བཞིན་མཛོད་»ལས། རང་རྒྱུད་སྡེ་པས་བདེན་གཉིས་དབྱེ་བ་ཡིས། །ཆོས་རྣམས་ཡོད་མེད་སྤྲོས་པ་རབ་འགོག་ཅིང་། །སྣང་བའི་རྣམ་གཞག་ཞིབ་མོར་བྱེད་དེ་ཡང་། །གོང་འོག་རང་བཞིན་རྣལ་དོན་གཞན་དུ་འགྱུར། །ཞེས་གསུངས་ཤིང་། དེའི་«འགྲེལ་པ་པདྨ་དཀར་པོ་»ལས་གསུངས་པ་འདིར་མདོར་བསྡུས་ནས་བཤད་ན། འགྲེལ་པ་དེར་དབུ་མ་རང་རྒྱུད་པ་ལ་གོང་འོག་གཉིས་སུ་ཕྱེ་ཞིང་། འོག་མ་ལ་སྒྱུ་མ་རིགས་སྒྲུབ་པ་དང་། སྣང་སྟོང་ཐ་དད་པ་གཉིས་དང་། གོང་མ་ལ་རང་རྒྱུད་ཤར་གསུམ་མཁན་པོ་རྣམས་དྲངས་པར་མཛད། རང་རྒྱུད་གོང་འོག་གཉིས་སུ་ཕྱེ་བ་ལས། སྤྱིར་སེམས་ཙམ་ལ་རང་རྒྱུད་འོག་མར་གྲགས་ཀྱང་། འདིར་ཤེས་བྱ་རང་རིག་དོན་དམ་དུ་མི་འདོད་པའི་དབང་དུ་བྱས་ཏེ་ཕྱེ་ན། སྣང་བ་སྒྱུ་མའི་ངོ་བོ་རང་བཞིན་གྱིས་སྟོང་པ་དོན་དམ་དུ་འདོད་པ་དང་། མི་འདོད་པ་གཉིས་ལ་གོང་འོག་ཏུ་བཞག་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་རང་རྒྱུད་པའི་གཞུང་དུ་འདོད་པ་གྲུབ་མཐའི་དོན་མ་གོ་བར་ཟད་ཅེས་གསུངས། བསྟན་པ་སྔ་དར་གྱི་བསྟན་བཅོས་རྣམས་སུ། མདོ་སྡེའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་པའི་སྒྲས་ཟིན་གྱི་སྒོ་ནས་དབུ་མ་པའི་དབྱེ་བ་མཛད་ཅིང་། རྗེས་ཕྱོགས་སུ་བསྟན་པ་ཕྱི་དར་གྱི་སྐབས་ཀློང་ཆེན་ཞབས་ཀྱིས་དབུ་མ་རང་རྒྱུད་ལ་གོང་འོག་གཉིས་སུ་ཕྱེ་བའི་གོང་མར། རང་རྒྱུད་ཤར་པ་རྣམ་གསུམ་ཞེས་ཐུན་མོང་དུ་བརྩིས་པ་ལས་ལོགས་སུ་བརྩིས་མེད། ཀློང་ཆེན་ཞབས་མན་ཆད་དུ་རིམ་གྱིས་དབུ་མ་རང་རྒྱུད་པ་ལ་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཀྱིས་གོ་ཆོད་པར་བྱས་ནས་དེ་གཉིས་ཙམ་དུ་དབྱེ་བར་མཛད་པ་དག་ཀྱང་མཆིས་ལ། ཕྱིས་སུ་ཡུན་གྱིས་དེ་གཉིས་ལ་རང་རྒྱུད་པའི་སྒྲ་སྦྱར་ཏེ་གསུངས་པ་ཡོད་ཅིང་། དེའི་དབང་གིས་དུས་ཕྱིས་ཕྱིས་ཀྱི་བོད་ཀྱི་མཁས་པ་དག་གིས་དབུ་མ་རང་རྒྱུད་གོང་འོག་གཉིས་སུ་ཕྱེ་བའི་གོང་མ་ལ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་གཉིས་སུ་དབྱེ་བར་བྱེད་པ་དག་ཀྱང་། ཁུངས་དེ་དག་ལ་གཏུགས་ནས་བྱས་སམ་སྙམ།
ཡང་«གྲུབ་མཐའ་མཛོད་»ལས་གསལ་བ་ལྟར་ན། དབུ་མ་པ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སུ་ཕྱེ་ནས། དང་པོ་ལ་དོན་དམ་པའི་བདེན་པ་རིགས་ཤེས་ཀྱི་ཡུལ་དུ་ཁས་ལེན་པ་དང་མི་ལེན་པ་གཉིས་སུ་དབྱེ་བར་མཛད་དེ། དེ་དག་གི་བདེན་པ་གཉིས་ཀྱི་རྣམ་གཞག་ལེགས་པར་རྣམ་པར་འབྱེད་པར་མཛད་ཀྱང་། དེ་དག་རང་རྒྱུད་པའི་གྲུབ་མཐའ་སྨྲ་བ་གང་ཡིན་གསལ་ཁ་གསུངས་མེད། འོན་ཀྱང་གཞུང་གི་འགྲོས་ལྟར་དཔགས་ན། རིམ་པ་བཞིན་དང་པོ་རང་རྒྱུད་འོག་མ་དང་གཉིས་པ་གོང་མ་ཡིན་པར་གྲུབ།
ཡང་«གྲུབ་མཐའ་མཛོད་»ལས། ཀུན་རྫོབ་བདེན་པའི་ཕྱོགས་འཛིན་པའི་དབུ་མ་པ་ཁ་ཅིག་བྱེ་བྲག་སྨྲ་བ་དང་ཚུལ་མཚུངས་པར་ཁས་ལེན་པ་དང་། ཁ་ཅིག་མདོ་སྡེ་སྤྱོད་པའི་དབུ་མ་པར་ཁས་ལེན་པ་དང་། ཁ་ཅིག་རྣལ་འབྱོར་སྤྱོད་པའི་དབུ་མ་པར་ཁས་ལེན་པ་དང་། ཁ་ཅིག་གཟུང་འཛིན་གྱི་ཆར་སྣང་བ་ཐམས་ཅད་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ཏུ་ཟད་པར་སྨྲ་བ་ལ་སོགས་པ་ཡོད་པར་བཤད།
ཡང་«གསང་སྙིང་སྤྱི་དོན་ཡིད་ཀྱི་མུན་སེལ་»ལས།[29] ཐེག་པ་ཆེན་པོ་ལ་ཕར་ཕྱིན་དང་སྔགས་གཉིས་སུ་ཕྱེ་བའི་དང་པོ་ལ་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་དབུ་མ་དང༌། གྲགས་སྡེ་སྤྱོད་པའི་དབུ་མ་གཉིས། །དང་པོ་ལ་གཉིས་ཏེ། རང་རྒྱུད་འོག་མ་དང༌། གོང་མ་གཉིས། དང་པོ་ལའང་རྣམ་བཅས་པ་དང་། རྣམ་མེད་པ་གཉིས་ཏེ། ཞེས་འདི་ལྟར་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལ། རང་རྒྱུད་གོང་འོག་གཉིས་སུ་ཕྱེ་ཞིང་། རང་རྒྱུད་འོག་མ་ལ་སེམས་ཙམ་རྣམ་བདེན་རྫུན་གཉིས་ཀྱི་དབྱེ་བ་མཛད། འདིར་རང་རྒྱུད་འོག་མ་ལ་སེམས་ཙམ་རྣམ་བདེན་རྫུན་གཉིས་སུ་ཕྱེ་བ་ནི། གཞན་གྱིས་འདོད་པའི་དབང་དུ་བྱས་པ་ལས། ཀློང་ཆེན་ཞབས་ཀྱི་བཞེད་པ་མ་ཡིན་ཏེ། གོང་དུ་གཞན་ཁ་ཅིག་གི་ཟེར་སྒྲོས་ལྟར་བྱས་ཏེ་སེམས་ཙམ་པ་ལ་དབུ་མ་རང་རྒྱུད་འོག་མ་བར་གྲགས་ཀྱང་དེ་ལྟར་གདགས་སུ་མི་རུང་ཞེས་གསུངས་པའི་ཕྱིར། འོན་ཀྱང་འདིར་ཕར་ཕྱིན་ལ་རྩ་བའི་དབྱེ་བ། རྣལ་འབྱོར་སྤྱོད་པ་དང་། གྲགས་སྡེ་སྤྱོད་པ་གཉིས་ལས་གཞན་མདོ་སྡེ་སྤྱོད་པ་དག་མ་ཕྱེ་བ་དང་། རྣལ་འབྱོར་སྤྱོད་པ་ལ་རང་རྒྱུད་གོང་འོག་གཉིས་སུ་ཕྱེ་བར་མཛད་པ་འདི་དག་ཡོངས་གྲགས་དབུ་མ་པའི་རྣམ་གྲངས་མཛད་ཚུལ་ལས་ཅུང་མི་འདྲ་བར་འདུག་པས། འདི་དག་ལ་རིགས་པས་བདའ་འདེད་ནན་ཞིབ་བྱ་བའི་འོས་སུ་མཆིས།
ཡང་«ཐེག་མཆོག་མཛོད་»ལས་གསལ་བ་ལྟར་ན། དབུ་མ་པ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སུ་ཕྱེ་ནས། དང་པོ་ལ་སྒྱུ་མ་དོན་དམ་དུ་འདོད་པ་དང་། རབ་ཏུ་མི་གནས་པར་འདོད་པ་གཉིས། དང་པོ་ལའང་སྒྱུ་མ་རིགས་སྒྲུབ་ཏུ་འདོད་པ་དང༌། སྒྱུ་མ་ལྟར་སྣང་དུ་འདོད་པ་དང༌། སྒྱུ་མ་ཙམ་པོར་འདོད་པ་ལ་སོགས་པ་རྣམ་གྲངས་རབ་ཏུ་མང་སྟེ། རང་རྒྱུད་འོག་མ་བ་ཞེས་བགྲངས་པ་ཡིན་ནོ། །གསུངས་ཤིང་། གཉིས་པ་ལའང་ཀུན་རྫོབ་རབ་ཏུ་མི་གནས་པ་དང༌། རྒྱུ་མཚན་མི་གནས་པ་དང༌། ལྡོག་ཆ་མི་གནས་པ་དང༌། ལྡོག་བྱེད་མི་གནས་པ་དང༌། གཅིག་མི་གནས་པ་དང༌། དུ་མ་མི་གནས་པ་དང༌། གཅིག་དང་དུ་མ་དང་བྲལ་བ་མི་གནས་པ་དང༌། སྣང་ཙམ་རབ་ཏུ་མི་གནས་པ་ལ་སོགས་པ་རྣམ་གྲངས་དཔག་ཏུ་མེད་པ་ཡོད་དེ། དབུ་མ་རང་རྒྱུད་གོང་མ་བ་ཞེས་གྲགས་སོ། །ཞེས་གསུངས་ཏེ་དེ་དག་གི་དབྱེ་བ་རབ་ཏུ་མང་པོ་མཛད།
དབུ་མའི་གྲུབ་མཐའི་རྣམ་གྲངས་འབྱེད་ཚུལ་དུ་མར་མཆིས་པ་དག་མདོར་བསྡུས་པ།
གཞན་ཡང་རྒྱ་བོད་མཁས་པ་དག་གི་དབུ་མ་པའི་རྣམ་གྲངས་འབྱེད་ཚུལ་དུ་མར་མཆིས་ཏེ། ཐ་སྙད་ཀྱི་འདོད་ཚུལ་མི་འདྲ་བའི་དབྱེ་བ་དང་། དོན་དམ་གྱི་འདོད་ཚུལ་མི་འདྲ་བའི་དབྱེ་བ་དང་། ཕྱི་མོ་བ་དང་ཕྱོགས་འཛིན་པའི་སྒོ་ནས་དབྱེ་བ་དང་། སྟོང་པར་འདོད་ཚུལ་གྱི་སྒོ་ནས་དབྱེ་བ་དང་། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ་སོགས་ཡོད་ལ། དེང་སང་གི་མཁས་པ་རེ་འགའི་དཔྱད་བརྗོད་རྣམས་སུ་དབུ་མའི་ལྟ་གྲུབ་འཆད་པའི་རིགས་པའི་འཕེལ་རིམ་གྱི་སྒོ་ནས་རྒྱས་པར་དབྱེ་བ་ལ་སོགས་པའང་མཆིས། ཐ་སྙད་འདོད་ཚུལ་གྱི་དབྱེ་བ་དང་དོན་དམ་འདོད་ཚུལ་གྱི་དབྱེ་བ་དང་། ཕྱི་མོ་བ་དང་ཕྱོགས་འཛིན་པའི་དབུ་མའི་དབྱེ་བ་དག་ལ་གངས་ཅན་ལྗོངས་ཀྱི་མཁས་པ་རྣམས་ཀྱི་ངོས་འཛིན་ཚུལ་ཐ་དད་པར་བདོག་པ་དང་། འདི་དག་མཁས་པ་སོ་སོའི་བཞེད་པ་རེ་རེ་བཞིན་འགོད་དགོས་ན་འདིར་ཚིག་ཚོགས་མངས་རྐྱེན་དུ་འགྲོ་བ་དང་། རྩ་བའི་དབུ་མ་པའི་རྣམ་གྲངས་རྣམས་ནི་ཞིབ་པར་གླེངས་ཡོད་པས་དེ་གས་འཐུས་པར་བྱའོ།།
༢༽ རང་སྟོང་དབུ་མ་དང་གཞན་སྟོང་དབུ་མ་སྨྲ་བའི་གྲུབ་མཐའི་ཐ་སྙད་ཀྱི་སྐོར།
བཀའ་བར་པ་ཤེར་ཕྱིན་གྱི་དགོངས་པ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྒོ་ནས་གཏན་ལ་འབེབས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ནས་བཟུང་རིམ་གྱིས་ཐལ་རང་གཉིས་སུ་གྱེས་པ་སོགས་ལས་རྒྱ་བོད་ཀུན་ཏུ་མཁས་གྲུབ་དུ་མས་ཆོས་རྣམས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་སྒོ་ནས་རང་སྟོང་སྨྲ་བའི་དབུ་མའི་གྲུབ་མཐའ་བསྐྱངས་པ་ཡིན་ཞིང་། དེ་དག་གི་སྐོར་གྲུབ་མཐའི་རྣམ་གྲངས་དང་བཅས་པ་གོང་དུ་ཞུས་ཟིན་ལ།
འདི་ནས་གཞན་སྟོང་སྨྲ་བའི་སྐོར་བཤད་ན། རྒྱལ་བའི་བཀའ་མཐའ་མའི་བྱེ་བྲག་སེམས་ཙམ་བསྟན་པའི་མདོ་དང་སྙིང་པོ་བསྟན་པའི་མདོ་ལ་སོགས་པའི་དགོངས་པ་རྗེ་བཙུན་བྱམས་མགོན་གྱིས་ལེགས་པར་བཀྲལ་བའི་དོན་འཕགས་པ་ཐོགས་མེད་ཡབ་སྲས་སོགས་ཀྱིས་རྒྱ་ཆེར་སྤེལ་བས། གྲུབ་མཐའ་སྤྱིའི་ཆ་སློབ་དཔོན་ཕྱོོགས་གླང་དང་བློ་བརྟན་སོགས་ལས་རིམ་པར་བརྒྱུད་ཅིང་། བྱེ་བྲག་ཐུན་མིན་གྱི་ཆ་རྣམས་སྙན་ནས་སྙན་དུ་བརྒྱུད་པའི་ཚུལ་གྱིས། བོད་དུ་ལོ་ཙཱ་བ་བཟུ་བཙན་གཉིས་ལས་བརྒྱུད། གྲུབ་ཆེན་ཡུ་མོ་བ་མི་བསྐྱོད་རྡོ་རྗེ་བྱ་བས་ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་དུས་འཁོར་རྒྱུད་འགྲེལ་གསན་ཏེ་བསྒོམས་པས་རྟོགས་པ་བརྙེས་ཤིང་། སྦྱོར་བ་ཡན་ལག་དྲུག་དང་འབྲེལ་བའི་གཞན་སྟོང་གི་ལྟ་བའི་སྲོལ་ཕྱེ་ཞིང་། དེའི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་ཞེས་བྱ་བར་གདན་ས་ཕྱག་བཏབ་ཅིང་བླ་མའི་མན་ངག་རྒྱ་ཆེར་སྤེལ། དེའི་སློབ་བརྒྱུད་ཀུན་མཁྱེན་དོལ་པོ་སངས་རྒྱས་སམ་ཤེས་རབ་རྒྱལ་མཚན་བྱ་བས། སྔགས་ཀྱི་སྦྱོར་བ་ཡན་ལག་དྲུག་དང་འབྲེལ་བའི་སྒོ་ནས་མདོ་ཕྱོགས་སྙིང་པོ་བསྟན་པའི་མདོ་སོགས་དང་བྱམས་ཆོས་བཞི་པོའི་དགོངས་པ་སྟེ། མདོ་སྔགས་ཟུང་འཇུག་གཞན་སྟོང་དབུ་མ་ཆེན་པོའི་སྲོལ་ཕྱེ་ནས་བོད་གངས་ཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་འདིའི་བསྟན་པ་བསམ་གྱིས་མི་ཁྱབ་པ་དར་ཞིང་རྒྱས་པར་མཛད། ཕྱིས་སུ་གསེར་མདོག་པཎ་ཆེན་དང་རྗེ་བཙུན་སྒྲོལ་བའི་མགོན་པོ་སོགས་ཀྱིས་གྲུབ་མཐའི་གནད་ཐུན་མོང་མ་ཡིན་པ་ཆེས་ཆེར་གསལ་བར་མཛད་ཅིང་། དེ་དག་གི་ནང་གསེས་ཕྲ་རགས་ལ་སོགས་པའི་ཐ་དད་པའི་བཞེད་སྲོལ་དུ་མར་མཆིས་ཀྱང་། གཙོ་བོར་བསྡུས་ན། བྱམས་ཆོས་དང་པོ་གསུམ་གྱི་འཆད་ཚུལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། རྒྱུད་བླ་མའི་འཆད་ཚུལ་དོན་དམ་རྣམ་པར་ངེས་པའི་དབུ་མ་པ་གཉིས་སུ་ངེས་པར་ཟི་ལུང་པཎ་ཆེན་བཞེད། དེའང་ལུགས་གཉིས་ལྟ་བའི་ངོ་བོ་ལ་ཁྱད་པར་མེད་ཀྱང་མཐར་ཐུག་ཐེག་གསུམ་དུ་བཞེད་པ་དང་ཐེག་གཅིག་ཏུ་བཞེད་པ་ལ་སོགས་པའི་ཁྱད་པར་ཡོད་པ་ཡིན་ལ། དེ་དག་ཀྱང་གདུལ་བྱ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལ། ཐོས་བསམ་གྱིས་སྤྲོས་པ་གཅད་པར་བྱ་བའི་ཆེད་དང་། སྒོམ་པས་དོན་དམ་རྣམ་པར་ངེས་པའི་འཆད་ཚུལ་ཡིན་པར་བཤད།
དེ་ལྟར་རང་སྟོང་དང་གཞན་སྟོང་དབུ་མའི་གྲུབ་མཐའ་ནི་བསྟན་པ་ཕྱི་དར་གྱི་སྐབས་ན་ཆེས་ཆེར་དར་བ་ཡིན་ཞིང་། བསྟན་པ་ཕྱི་དར་གྱི་ཐོག་མའི་གདན་ས་གསང་ཕུ་ནེའུ་ཐོག་ཏུ་དབུ་མ་རང་རྒྱུད་པའི་གྲུབ་མཐའ་དར་བ་དང་། ཕྱིས་སུ་འཕན་པོ་དགོན་དུ་ཐལ་འགྱུར་བའི་གྲུབ་མཐའ་དར་བ་སོགས་ཡུན་གྱིས། རང་རྒྱུད་པའི་གྲུབ་མཐའི་སྲོལ་འཛིན་ཉུང་ཚོད་དུ་གདའ་བར་གྱུར། ཐལ་འགྱུར་བའི་གྲུབ་མཐའ་ཇི་བཞིན་གཏན་ལ་ཕབ་རུང་མ་ཕབ་རུང་གང་ལྟར་ཐལ་འགྱུར་བར་ཁས་འཆེ་བའི་གྲུབ་མཐའ་ཆེས་ཆེར་དར་བས། ད་ཆ་ཕལ་ཆེར་ཇོ་མོ་ནང་པ་ཕུད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་པོ་གཡུང་དྲུང་བོན་[30]དང་བཅས་པ་རྣམས་ཀྱིས་ཐལ་འགྱུར་བའི་གྲུབ་མཐའ་ཁོ་ན་ཁས་ལེན་ཞིང་སྨྲ་བ་ལྟ་བུར་གྱུར་པ་ཡིན། འོན་ཀྱང་ད་ལྟའི་བཤེས་གཉེན་འགའ་དང་ཆོས་གྲོགས་འགས། སྔ་འགྱུར་རང་ལུགས་རང་རྒྱུད་ཡིན་པར་འདོད་པ་དང་། གཞན་སྟོང་ཡིན་པར་འདོད་པ་སོགས་རེ་འགར་བདོག་པ་འདི་དག་ལ་དཔྱོད་ལྡན་པ་ཚོས་རི་བོང་ཅལ་འདྲོགས་མི་བྱེད་པར་ལེགས་པར་དཔྱད་དེ་གཟབ་དགོས་འཚལ།
བསྟན་པ་ཕྱི་དར་གྱི་རབ་བྱུང་དང་པོ་ཙམ་ན་བོད་དུ་གཞན་སྟོང་སྨྲ་བའི་དབུ་མའི་ལམ་སྲོལ་བྱུང་བ་ཡིན་ལ། རབ་བྱུང་གསུམ་པ་ཙམ་ན་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མདོ་སྔགས་ཟུང་འཇུག་གི་གཞན་སྟོང་དབུ་མའི་གྲུབ་མཐའ་བཙུགས་ཤིང་རྒྱ་ཆེར་དར་བས། ཡོངས་གྲགས་སུ་འཕགས་པ་ཐོགས་མེད་ཡབ་སྲས་དང་བཅས་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་རྣམས་སེམས་ཙམ་པའི་ལྟ་བའི་སྲོལ་འཛིན་དུ་ངོས་འཛིན་པར་བྱེད་ཀྱང་། ལུགས་འདིས་ཐོགས་མེད་ཡབ་སྲས་ཀྱི་རིང་ལུགས་དབུ་མ་པ་ཡིན་པར་འདོད་ཅིང་། དེ་ཡང་བཀའ་ཐོག་བར་གཉིས་དྲང་དོན་ཁོ་ན་དང་མཐའ་མ་དེ་ངེས་པའི་དོན་འབའ་ཞིག་ཏུ་འདོད། ཐོགས་མེད་ཡབ་སྲས་རྣམས་ལ་དབུ་མ་ཆེན་པོ་བ་ཞེས་སྒྲ་སྦྱར་ཅིང་། རང་གི་ལུགས་ཀྱི་ལྟ་བ་ལའང་དབུ་མ་ཆེན་པོ་ཞེས་སྦྱར་བས། བཀའ་ཐོག་བར་གཉིས་པོ་དགོངས་འགྲེལ་དང་བཅས་པ་ལས་ཤིན་ཏུ་འགོངས་པའི་གྲུབ་མཐའི་ལམ་སྲོལ་རང་རྐང་ཚུགས་པ་བསྐྱངས། མདོར་ན་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྔོན་དུ་གངས་ཅན་ལྗོངས་སུ་རང་སྟོང་གཞན་སྟོང་གི་རྣམ་གཞག་དང་དེའི་ཐ་སྙད་སྤྱོད་པ་ཆེར་མི་སྣང་ཡང་། རིམ་བཞིན་རང་སྟོང་གཞན་སྟོང་གི་གྲུབ་མཐའི་འཕེལ་རིམ་ལས་དེ་དང་དེའི་ཐ་སྙད་ཀྱང་ཤུགས་ཆེར་སྤྱོད་པ་བྱུང་ངོ་།།
གསུམ། བསྟན་པ་སྔ་དར་དང་ཕྱི་དར་གྱི་མཁས་པ་རྣམས་ཀྱི་དགོངས་པ་གུང་བསྒྲིགས་ཏེ་རྣམ་པར་ཕྱེ་བ།
དེ་ལྟར་བསྟན་པ་སྔ་དར་དང་ཕྱི་དར་རྣམས་སུ་རིམ་བཞིན་དགག་སྒྲུབ་ཀྱི་རྟོག་སྤྲོས་སྣ་ཚོགས་པ་ལ་བརྟེན་ནས་དབུ་མའི་འཆད་ཉན་འཕེལ་རྒྱས་རབ་དང་རིམ་པར་བྱུང་བས། དབུ་མའི་ལྟ་གྲུབ་ཀྱང་སྣ་ཚོགས་པར་གྱུར་ཅིང་། དེ་དག་གི་རྩ་བའི་གྲུབ་མཐའི་ཐ་སྙད་ཁག་མདོར་བསྡུས་ན། བསྟན་པ་སྔ་དར་སྐབས་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལུགས་ལས་གྱེས་པའི་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པ་གཉིས། ཕྱི་དར་སྐབས་རང་རྒྱུད་དང་ཐལ་འགྱུར་གཉིས། དེའི་རྗེས་སོར་རང་སྟོང་དང་གཞན་སྟོང་གཉིས་བཅས། དེ་ལྟའི་རྩ་བའི་རྣམ་གྲངས་དྲུག་གིས་རིམ་བཞིན་དབུ་མའི་གྲུབ་མཐའི་འཕེལ་རིམ་བྱུང་བ་དག་ལ། ལྟ་གྲུབ་འཕེལ་རིམ་གྱི་སྒོ་ནས་དབུ་མ་སྔ་དར་དང་ཕྱི་དར་དང་ཡང་དར་ཞེས་པའི་སྐབས་གསུམ་གྱིས་ཐ་སྙད་བྱས་ནའང་འགྲིག དེ་ལྟར་བོད་གངས་ཅན་ལྗོངས་སུ་དབུ་མའི་ལྟ་གྲུབ་ཀྱི་འཕེལ་རིམ་ཇི་ལྟར་བྱུང་ཡང་། སྤྱིར་དབུ་མའི་ལྟ་གྲུབ་ཐམས་ཅད་ནི་མདོར་བསྡུས་ན། ཐལ་རང་དང་རང་སྟོང་གཞན་སྟོང་སོགས་གང་གི་རྒྱར་ཡང་མ་ཆད་པར་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་སེམས་ཀྱི་ཆོས་ཉིད་གཏན་ལ་འབེབས་པའི་དབུ་མ་རྣལ་འབྱོར་སྤྱོད་པའི་ཚུལ་གཅིག་པུར་བསྡུ་བ་ཡིན་ན་ཡང་། དེ་ལྟ་བུའི་གནས་ལུགས་ཇི་བཞིན་མ་རྟོགས་པས་བོད་གངས་ཅན་ལྗོངས་སུ་འགལ་འདུའི་ཕྱོགས་ཞེན་ཅི་རིགས་པའི་སྒོ་ནས་ཕན་ཚུན་དགག་སྒྲུབ་སྣ་ཚོགས་སྤྲོས་པར་མཛད་ཀྱང་། གཟུ་བོར་གནས་པའི་བློས་དོན་ལ་རྟོན་པའི་རིགས་ལམ་དྲི་མ་མེད་པས་གནད་ཀྱི་དགོངས་དོན་ཉམས་སུ་བསྟར་ན། རྒྱལ་བའི་ཕྲིན་ལས་གདུལ་བྱའི་དབང་གིས་སོ་སོའི་དགོངས་གནད་རེ་རྩལ་བཏོན་མཛད་པའི་ཐ་སྙད་ཀྱི་ཞལ་བཞེས་ཅུང་ཟད་མི་འདྲ་བ་ཙམ་ལས། དོན་ལ་རྒྱ་བོད་མཁས་གྲུབ་ཀུན་ཀྱི་དགོངས་པ་དབྱེ་བསྲི་མེད་པར་གཅིག་ཏུ་གཞོལ་ཞིང་འབབ་པ་ཡིན་པའི་ཕྱིར། དེ་ལ་གནས་སྐབས་ཀུན་རྫོབ་ཙམ་དུ་སྟོང་པར་གཏན་ལ་འབེབས་ཚུལ་གྱི་སྒོ་ནས། རང་སྟོང་སྨྲ་བའི་དབུ་མ་པ་དང་། གཞན་སྟོང་སྨྲ་བའི་དབུ་མ་པ་དང་། གཉིས་ཀ་ཟུང་དུ་སྨྲ་བའི་དབུ་མ་པ་སྟེ། དེ་ལྟར་གསུམ་མམ་ཡང་ན། ལྟ་སྒོམ་སྤྱོད་པ་གཙོར་སྟོན་གྱི་སྒོ་ནས། ཟབ་མོ་ལྟ་བའི་རིང་ལུགས་དང་། རྒྱ་ཆེན་སྤྱོད་པའི་རིང་ལུགས་དང་། ཟབ་རྒྱས་ཟུང་འཇུག་སྒོམ་པ་ཉམས་ལེན་གྱི་རིང་ལུགས་བཅས་གསུམ་དུ་བསྡུ་བ་ཡིན། ཇི་ལྟར་ན།
དང་པོ། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སུ་བྱུང་བ་སོགས་འདི་དག་ནི། གཙོ་བོ་གཞུང་ཚིག་གི་འགྲོས་ལ་དཔགས་ནས་དེ་ལྟ་དེ་ལྟའི་གྲུབ་མཐའི་རྣམ་གྲངས་བྱས་པ་ལས། ལེགས་པར་དཔྱད་ན་དོན་དམ་པར་དགག་སྒྲ་སྦྱར་བ་དང་ཐ་སྙད་རང་མཚན་གྱིས་གྲུབ་པར་འདོད་པ་ཙམ་གྱིས་ཐལ་རང་གི་ཁྱད་པར་མི་འགྲོ་ལ། ཐ་སྙད་ཀྱི་རྣམ་གཞག་བྱེད་ཚེ་མདོ་སྡེ་དང་རྣལ་འབྱོར་སྤྱོད་པ་དང་འཇིག་རྟེན་གྲགས་པ་དང་མཐུན་པར་སྤྱི་ལྡོག་ཙམ་དུ་བཀྲལ་བ་ལས་དེ་དེ་བཞིན་བཀྲལ་བ་ཡང་མ་ཡིན་ལ། དེ་ཁོ་ན་ལྟར་བཀྲལ་བ་ཡང་མ་ཡིན་པས། ཐ་སྙད་རྣམ་གཞག་བྱེད་ཚུལ་གྱི་ཁྱད་པར་ཡང་མི་འགྲོ། དེས་ན་བོད་འདིར་ཐལ་རང་ལ་སོགས་པའི་རྣམ་གཞག་བོད་ཀྱི་རྟོག་བཟོར་ཟད་པར་བཤད་ཀྱང་འདྲ། དེ་ལྟར་མ་ཡིན་པར་ཚིག་གསལ་སོགས་ཀྱི་འགྲོས་དང་མཐུན་པར་འདོད་དགོས་པར་ཟད་ཀྱང་འདྲ། གཉིས་ཀའི་ངོས་ནས་བདེན་མོད། འོན་ཀྱང་མཐའ་གཅིག་ཏུ་རྟོག་བཟོར་ཟད་པ་ཡང་མ་ཡིན་ལ། ཚིག་གསལ་གྱི་འགྲོས་ལྟར་རེད་ཅེས་མཐའ་གཅིག་ཏུ་ཐལ་རང་གི་ཁྱད་པར་རྣམ་པར་འབྱེད་པར་བྱེད་པ་ཡང་མ་ཡིན་པས། རང་སྟོང་སྨྲ་བའི་གཞུང་ལུགས་ཐམས་ཅད་གནས་སྐབས་ཐ་སྙད་དང་དོན་དམ་གྱི་འདོད་ཚུལ་སོགས་ཚིག་འགྲོས་མི་འདྲ་བ་ཙམ་ལས། གཟུ་བོར་གཞིགས་ན་ཁྱད་པར་སྤུ་ཙམ་ཡང་མེད་པ་འདི་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་དབུ་མ་རྒྱན་གྱི་རྣམ་བཤད་དུ་ཡང་ཡང་བསྒྲུབས་ཤིང་། དེ་ལྟར་བསྒྲུབས་པ་ནི་བོད་མཁས་པའི་བཞེད་པ་བསྲེ་ལྷད་མེད་པར་རྒྱ་གར་མཁས་པའི་གཞུང་གི་དགོངས་པ་ཇི་བཞིན་མཁྱེན་པས་མཛད་པ་ཡིན་པར་ཤིན་ཏུ་ནས་ཀྱང་མད་ཅིང་འཐད་པར་མཐོང་ངོ་།།
གཉིས་པ། རྗེ་བཙུན་བྱམས་མགོན་ནས་བརྒྱུད་པའི་འཕགས་པ་ཐོགས་མེད་ཡབ་སྲས་སོགས་ཀྱི་རིང་ལུགས་ལས། ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་འབེབས་པའི་ཚུལ་གཅིག་ཀྱང་། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེའི་གནས་ལུགས་ལེགས་པར་རྟོགས་མ་རྟོགས་ལས་སེམས་ཙམ་པར་འདོད་པ་དང་དབུ་མ་པར་འདོད་པ་གཉིས་སུ་གྱེས། སེམས་ཙམ་པས་བྱམས་ཆོས་སྡེ་ལྔ་དང་ས་སྡེ་ལྔ་སྡོམ་རྣམ་གཉིས་སོགས་ཐམས་ཅད་རང་གི་གཞུང་དུ་འདོད་པ་དང་། དབུ་མ་པས་མངོན་རྒྱན་མ་གཏོགས་པའི་བྱམས་ཆོས་བཞི་དང་སློབ་དཔོན་ཐོགས་མེད་ཡབ་སྲས་ཀྱིས་མཛད་པའི་དེ་དག་གི་འགྲེལ་པ་རྣམས་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྣམས་ལས་ཀྱང་ངེས་དོན་མཐར་ཐུག་པར་དབུ་མ་ཆེན་པོའི་གཞུང་དུ་འདོད་པར་བྱེད། དབུ་སེམས་དེ་དག་གི་ལྟ་བ་གཞན་སྟོང་ཡིན་ཞིང་། ཁྱད་པར་དབུ་མ་པ་དག་གིས་ཆོས་ཉིད་འགྱུར་མེད་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་ངོ་བོ་མི་སྟོང་པར་བདེན་གྲུབ་རྟག་བརྟན་ཐེར་ཟུག་མི་འགྱུར་བའི་གཡུང་དྲུང་ཆེན་པོར་བཞེད་པ་སོགས་བྱུང་ཡང་། གནས་ལུགས་མཐར་ཐུག་གི་དོན་ལ་གཞིགས་ན། ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་ནི་རང་སྟོང་གཞན་སྟོང་གི་རིས་སུ་མ་ཆད་པར་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཐར་ཐུག་པ་ཡིན་པའི་ཕྱིར་དང་། ཐ་སྙད་ཙམ་དུ་ན་དོན་དམ་རང་གི་ངོ་བོ་མི་སྟོང་པར་ཀུན་རྫོབ་ཀྱི་ཆོས་གཞན་གློ་བུར་གྱི་དྲི་མ་ལ་སོགས་པས་སྟོང་པར་འདོད་པའི་ཕྱིར། དེ་ལ་ངེས་ཤེས་ཀྱི་ཁོ་ཐག་ནང་ནས་ཆོད་ན་བྱམས་ཀླུ་དགོངས་པ་གཅིག་ཅེས་གཟོད་འོང་བ་ཡིན་པས། དེ་མིན་ཡེ་ནས་སྟོང་རྒྱུ་མེད་པའི་བདེན་པར་གྲུབ་པའི་ཆོས་གཅིག་ངེས་དོན་དུ་ཁས་ལེན་བཞིན་དུ་ད་དུང་དེ་བྱམས་ཀླུ་དགོངས་པ་གཅིག་ཏུ་སྒྲུབ་པར་བྱེད་ན། དེ་ལྟ་བུའི་ངལ་བ་ཇི་སྲིད་བསྐལ་པ་ནམ་གནས་ཀྱི་བར་དུ་བསྟེན་པར་བྱས་ཀྱང་སྙིང་པོ་མེད་པ་ཡིན་པས་དོན་མེད་ཀྱི་ངལ་བར་ཟད་དོ། །གལ་ཏེ་མཐར་ཐུག་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ཞེ་ཕུགས་མཛད་ནས་གནས་སྐབས་དགོས་པའི་དབང་གིས་འཕགས་པའི་རྗེས་ཐོབ་ཡེ་ཤེས་དང་མཐུན་པའི་ཀུན་རྫོབ་ཀྱི་ཆོས་ལ་ངེས་དོན་དུ་འགྲེལ་ནའང་སྐྱོན་ཆེར་མེད་པས། བྱང་སེམས་འཕགས་པ་རྣམས་ཀྱི་སེམས་ཅན་རྣམས་ལ་སྣ་ཚོགས་གསུང་གི་མཛད་པས་འགྲོ་བ་འདུལ་བའི་ཐབས་དཔག་ཏུ་ཡས་པའི་ཕྱིར་ནའོ།།
གསུམ་པ། རྒྱལ་ཀུན་བཀའ་ཡི་སྡུད་པོ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་མཁན་ཆེན་ཞི་འཚོ་ཡབ་སྲས་གཉིས་ཀྱི་རིང་ལུགས་ནི། ཟབ་མོ་ལྟ་བའི་ཚུལ་དང་རྒྱ་ཆེན་སྤྱོད་པའི་ཚུལ་གཉིས་པོ་ཟུང་འཇུག་ཏུ་འདོད་པའི་དབུ་སེམས་ཀྱི་གྲུབ་མཐའ་ཀུན་ཀྱི་སྤྱི་གཞུང་ངམ་ཐེག་ཆེན་སྤྱིའི་ལམ་པོ་ཆེ་ལྟ་བུ་ཡིན་ལ། ཚུལ་འདི་ནི་བཀའ་བར་མཐའ་ཟབ་རྒྱས་མདོ་སྡེའི་སྡེ་སྣོད་ཐམས་ཅད་དགོངས་པ་འགལ་བ་ཡེ་མེད་པར་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་སྦྱོར་བའི་མན་ངག་གི་བཀའ་སྲོལ་ཆེན་པོ་སྟེ། ཚིག་ཉུང་དོན་ཟབ་རིགས་པའི་འཕྲུལ་ཐབས་གཅིག་གིས་ཚད་མེད་བསམ་གྱིས་མི་ཁྱབ་པའི་ཐེག་པ་མཆོག་གི་གནད་ཐམས་ཅད་བདེ་བླག་ཏུ་སྟོན་པའི་རྡོ་རྗེའི་རིགས་སྔགས་ཆེན་པོར་ངེས་པ་ཡིན་ནོ། །ལུགས་འདི་ལ་སྔོན་བྱོན་མཁས་པ་རྣམས་ཀྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བརྗོད་ཀྱང་འདྲ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བརྗོད་ཀྱང་འདྲ། གང་ལྟར་སྔ་འགྱུར་རང་ལུགས་ལ་ནི། རྒྱལ་བའི་བཀའ་བར་མཐའ་གཉིས་པོའི་དགོངས་པ་འགལ་བ་ཡེ་མེད་པར་ངེས་དོན་མཐར་ཐུག་པ་སྣང་སྟོང་ཟུང་འཇུག་འོད་གསལ་བའི་ཡེ་ཤེས་འདུས་མ་བྱས་པའི་ལུང་གིས་ཟིན་པས། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་ན། རང་སྟོང་གཞན་སྟོང་སོགས་ཀྱི་ཁས་ལེན་གང་ཡང་མེད་ཅིང་། སྣང་ཚུལ་ཀུན་རྫོབ་ཙམ་དུ་རང་ངོ་ན་རང་སྟོང་གཞན་སྟོང་ཕྱོགས་སུ་མ་ལྷུང་བར་ཟུང་འཇུག་ཏུ་ཁས་ལེན་པར་བྱེད་ལ། གཞན་ཡང་སྐབས་བབས་ཀྱི་གདུལ་བྱ་ལ་ལྟོས་ནས། ཟུང་འཇུག་གཙོར་བྱས་པ་དང་། རང་སྟོང་གཙོར་བྱས་པ་དང་། གཞན་སྟོང་གཙོར་བྱས་ཏེ་གཏན་ལ་འབེབས་པའང་ཡོད་པས། དེ་ལྟར་གཏན་ལ་འབེབས་ཚུལ་གང་ལྟར་ཡང་གཞུང་གི་སྤྱི་ཁོག་ཟུང་འཇུག་རང་ལས་མ་འདས་པའི་གནད་ཟིན་པར་བྱ་བ་ཡིན། འདི་ལྟར་ཁས་བླངས་ན་འཇམ་མགོན་བླ་མ་མི་ཕམ་ཞབས་ཀྱིས་མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་དང་། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། སྟོང་ཐུན་སེངྒེའི་ང་རོ། ཤེར་འགྲེལ་ཀེ་ཏ་ཀ བརྒལ་ལན་རྣམ་གསུམ་སོགས་ཀྱི་དགོངས་པ་དང་ཡང་ཆེས་མཐུན་ཞིང་། དེ་ལས་རིམ་གྱིས་ཡར་གཏུག་དུས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་རོང་ཟོམ་མ་ཧཱ་པཎྜིཏ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་ཀྱི་མདོ་སྔགས་ཀུན་ཀྱི་བཞེད་དགོངས་དང་ཡང་ཀུན་ཏུ་མཐུན་པས་ཤིན་ཏུ་ནས་ཀྱང་འཐད་པར་འོས་པ་ལགས་སོ།།
དེ་ལྟར་བོད་གངས་ཅན་ལྗོངས་སུ་གྲུབ་མཐའི་རྣམ་གྲངས་ཇི་ཙམ་དབྱེ་བར་མཛད་པ་ཐམས་ཅད་ཀྱང་ཧྲིལ་གྱིས་བསྡུས་ན། དེ་ལྟར་རྣམ་པ་གསུམ་དུ་མ་ལུས་མི་ལུས་ལུས་པ་མེད་པར་ཡང་དག་པར་འདུ་བ་ཡིན་ཞིང་། མཐར་ཐུག་ན་རྡོ་རྗེའི་རིགས་སྔགས་ཆེན་པོར་ངེས་པའི་མན་ངག་གི་བཀའ་སྲོལ་ཆེན་པོ་ཟབ་རྒྱས་ཟུང་འཇུག་གི་ལམ་སྲོལ་བླ་ན་མེད་པ་ཁོ་ནར་འདུ་བར་འོས་པ་ལས་གཞན་དུ་མེད་པར་ཡང་དག་པར་གྲུབ་བོ།།
གསུམ་པ། མཇུག་བསྡུ་བའི་གཏམ།
ནང་བསྟན་རིག་པའི་གཞུང་ལུགས་ལ་སྦྱོང་ཁུལ་བྱས་ནས་ལེ་ལོ་དང་རྣམ་གཡེང་དུ་མས་ཡལ་ལ་ཡོལ་ལེའི་ངང་ལོ་ཟླའི་བགྲོད་པ་དགའ་རབ་ཅིག་ཕུད་ཟིན་ལ། དེས་རྐྱེན་གྱིས་རང་ངོས་ནས་ཐོས་བསམ་བྱས་པའི་འབྲས་རྟགས་སུ་གཞུང་ལུགས་སྣེ་གཅིག་ལའང་ངེས་ཤེས་ཀྱི་མྱོང་བ་བསྟན་རྒྱུ་མེད་པས། དཔྱད་རྩོམ་འདིར་ཡང་ཡང་དག་པའི་ལུང་དང་རིགས་པའི་ལམ་ནས་དྲངས་པའི་བློས་ཞིབ་དཔྱད་བྱ་རྒྱུ་ཕར་ཞོག བསམ་ཚོད་དང་འོལ་ཚོད་ཀྱིས་གོ་རྒྱུ་མེད་པའི་ཉག་ག་ཉོག་གེའི་འཆལ་གཏམ་སྣ་ཚོགས་བསྒྲགས་ཡོད་ཚོད། ཇི་ལྟར་ཡང་སྤྱིར་རང་གི་ཤེས་ཚད་དང་ཁྱད་པར་དུས་ཚོད་སོགས་ཀྱི་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་ད་དུང་འདོད་བློ་ཚིམས་པ་ཞིག་འབྲིར་མ་ལོངས་ཀྱང་། རང་གིས་ནུས་ཚོད་ལྕོགས་ཚོད་ཀྱིས་གཞུང་ལུགས་དམ་པ་རྣམས་ལ་ལེགས་པར་བལྟས་ཏེ་གང་ཐུབ་དཔྱད་ཁུལ་འདྲ་བྱས་ཏེ་བྲིས་པ་ཡིན་པས། འདི་ལ་མ་དག་ནོངས་པའི་ཆ་ཅི་རིགས་ཡོད་ངེས་པའི་ཕྱིར་ན་བཤེས་གཉེན་དགེ་གྲོགས་རྣམ་པས་ཡོ་བསྲང་གི་བཀའ་དྲིན་ཅི་སྩོལ་ཡོང་བར་མཁྱེན།
དཔེ་ཀློག་དང་ལུང་འདྲེན་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་ཁག
༡༽ བསྟན་པ་སྔ་དར་གྱི་མཁས་པའི་གསུང་རྩོམ།
1. ལྟ་བའི་ཁྱད་པར། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ། (དུས་རབས་བརྒྱད་པ།)
2. ལྷག་མཐོང་བསྐྱེད་པའི་ཐབས། (ཞང་ཡེ་ཤེས་སྡེ། དུས་རབས་བརྒྱད་པ།)
3. རྡོ་རྗེ་སེམས་དཔའི་ཞུས་ལན། གཉན་དཔལ་དབྱངས། (དུས་རབས་དགུ་པ།)
༢༽ བསྟན་པ་ཕྱི་དར་གྱི་མཁས་པའི་གསུང་རྩོམ།
1. བདེན་པ་གཉིས་ལ་འཇུག་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ (༩༨༢-༡༠༥༤)
2. ལྟ་བའི་བརྗེད་བྱང་། རོང་ཟོམ་མ་ཧཱ་པཎྜིཏ། (༡༠༤༠-༡༡༥༩)
3. གྲུབ་མཐའི་བརྗེད་བྱང་། རོང་ཟོམ་མ་ཧཱ་པཎྜིཏ།
4. ཐེག་ཆེན་ཚུལ་འཇུག རོང་ཟོམ་མ་ཧཱ་པཎྜིཏ།
5. དབུ་མ་ལ་འཇུག་པའི་འགྲེལ་བཤད། ཛ་ཡ་ཨཱ་ནནྡ།
6. དབུ་མ་རྩ་ཤེས་ཀྱི་ཊཱི་ཀ་སྒྲོན་མ་གསལ་བྱེད། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ། (༡༠༥༥-༡༡༤༥)
7. ཆོས་འབྱུང་བསྟན་པའི་སྒྲོན་མེ། རོག་བནྡེ་ཤེས་རབ་འོད། (༡༡༦༦-༡༢༤༤)
8. ཐུབ་པའི་དགོངས་པ་རབ་ཏུ་གསལ་བ། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན། (༡༡༨༢-༡༢༥༡)
9. རི་ཆོས་ངེས་དོན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་སངས་རྒྱས། (༡༢༩༢-༡༣༦༤)
10. ཡིད་བཞིན་མཛོད་རྩ་འགྲེལ། ཀློང་ཆེན་རབ་འབྱམས། (༡༣༠༨-༡༣༦༣)
11. གྲུབ་མཐའ་མཛོད། ཀློང་ཆེན་རབ་འབྱམས།
12. ཐེག་མཆོག་མཛོད། ཀློང་ཆེན་རབ་འབྱམས།
13. གསང་སྙིང་སྤྱི་དོན་ཡིད་ཀྱི་མུན་སེལ། ཀློང་ཆེན་རབ་འབྱམས།
14. བྱང་ཆུབ་ལམ་རིམ་ཆེན་མོ། རྗེ་ཙོང་ཁ་པ། (༡༣༥༧-༡༤༡༩)
15. ཤེས་བྱ་ཀུན་ཁྱབ། ཀོང་སྤྲུལ་བློ་གྲོས་མཐའ་ཡས། (༡༨༡༣-༡༨༩༩)
༣༽ དེང་རབས་མཁས་པའི་དཔྱད་བརྗོད།
1. དེབ་དཀར་གསར་མ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།
2. དེབ་སྔོན་གསར་མ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།
3. བོད་ཀྱི་དབུ་མའི་ལྟ་བའི་འཆད་ཉན་དར་ཚུལ་བློ་གསལ་མིག་འབྱེད། ཁུ་བྱུག
4. ཧི་མ་ལ་ཡའི་ཕར་ཚུར། སྒོ་ཤེས་རབ་རྒྱ་མཚོ།
5. དབུ་མ་འཇུག་པ་བསྐྱར་དུ་བཀླགས་པ། སྒོ་ཤེས་རབ་རྒྱ་མཚོ།
6. སྣང་བ་ལྷར་སྒྲུབ་པའི་ཚུལ་ལ་བརྟག་པ། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་སློབ་ཐེངས་དངས་པོ། ༢༠༡༨
[1] བདུད་འཇོམས་ཆོས་འབྱུང་གཞིར་བཞག་ཕུག་ལུགས་ཀྱི་རྩིས་ལྟར། སྤྱི་ལོའི་སྔོན་ལོ། ༩༦༡-༨༨༡
[2] འདིར་ཕུག་ལུགས་གཞིར་བཞག་རྩི་དགོས་དོན་ནི་མཐོ་སློབ་ཆེན་མོ་འདི་གའི་སློབ་ཚན་དུ་ཡོད་པའི་བདུད་འཇོམས་ཆོས་འབྱུང་གཞིར་བཞག་བྱས་པ་ཙམ་ལས། ཨ་ཕའི་ཁ་ཕོར་གཙང་འཛིན་གྱི་ཕྱོགས་ཞེན་བྱས་པ་མིན།
[3] ས་སྐྱའི་ཡིག་རྙིང་དུས་གསལ་སྒྲོན་མེ་ལྟར་ན། (སྤྱི་ལོ་ ༤༠༧) མེ་མོ་ལུག་གི་ལོ་འདི་ནི་བསྟན་པ་སྔ་དར་གྱི་འགོ་ཡིན་པར་བཤད་ཅེས། བོད་ཀྱི་ཤེས་རིག་ལས་ཁུངས་ནས་བསྒྲིགས་པའི་«བོད་ཀྱི་ཚིག་མཛོད་ཆེན་མོ།»སྨད་ཆའི་ནང་གི་«བོད་ཀྱི་ལོ་ཚིགས་སྲིད་པའི་གངས་རྒྱུན་»དུ་གསལ།
[4] སྟོན་པའི་འདས་ལོ། ༡༥༢༢ སྤྱི་ལོ་ ༦༤༡ ལྕགས་མོ་གླང་གི་ལོ།
[5] གངས་ལྗོངས་ནང་རིག་མཐུན་ཚོགས་པར་མ། ཉིན་བོད་ནང་རིག་དེབ་གྲངས། ༢ དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས། ༣༠༤ གསལ།
[6] སྡེ་དགེ་བཀའ་འགྱུར་པར་མ། རྒྱུད་འབུམ། ན་པ། འཇམ་དཔལ་རྩ་བའི་རྒྱུད། ལྡེབ་གྲངས། ༣༢༥ མདུན་ཤོག་ལས། “དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ།།” ཞེས་སོགས་ཀྱི་བསྟན་དོན་བཞིན། བདུད་འཇོམས་ཆོས་འབྱུང་གཞིར་བཞག་ཕུག་ལུགས་ཀྱི་རྩིས་ལྟར། སྟོན་པའི་འདས་ལོ། ༤༠༠ སྤྱི་ལོའི་སྔོན་གྱི་ལོ། ༤༨༡། ལྕགས་ཕོ་སྤྲེལ་ལོར་འཁྲུངས། སྟོན་པའི་འདས་ལོ། ༡,༠༠༠ སྤྱི་ལོ་ ༡༢༠ ལྕགས་ཕོ་སྤྲེལ་གྱི་ལོར་འདས།
[7] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། རོང་ཟོམ་ཆོས་བཟང་གི་གསུང་འབུམ། པོད་གཉིས་པ། ཤོག་གྲངས། ༢༠༢ པར་གསལ།
[8] འཁྲུངས་འདས་ཀྱི་ལོ་ཚིགས་འདི་གནས་སྐབས་ངོས་འཛིན་ཙམ་དུ་«སྣང་བ་ལྷར་སྒྲུབ་པའི་ཚུལ་ལ་བརྟག་པ་»ཞེས་པའི་ནང་གི་«བརྟག་པ་དང་པོ་རོང་ཟོམ་པའི་རྣམ་ཐར་»གྱི་དབང་དུ་བྱས་པ་ཡིན། འདིར་ཞིབ་དཔྱད་ཅུང་ཙམ་བྱས་ན། བདུད་འཇོམས་ཆོས་འབྱུང་དུ་རོང་ཟོམ་པའི་འཁྲུངས་འདས་ཀྱི་ལོ་ཚིགས་མ་གསུངས་ཀྱང་། རྗེ་བཙུན་མི་ལ་རབ་བྱུང་དང་པོའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ་ ༡༠༤༠ ལོར་འཁྲུངས་པར་བཞེད་ཡོད་ཅིང་། བཀའ་བརྒྱུད་པའི་ཆོས་འབྱུང་དག་ཏུ་ཡང་དེ་ལྟར་བཀོད་འདུག་པས། འདི་གཉིས་པོ་ཕན་ཚུན་གུང་བསྒྲིགས་ནས་བརྟག་པར་བྱ་བ་འདི་འདུག་སྟེ། རྗེ་མི་ལའི་དམ་ཆོས་རྫོགས་པ་ཆེན་པོ་གསན་སའི་བླ་མ་རོང་སྟོན་ལྷ་དགའ་ཞེས་པ་དཔལ་རོང་ཟོམ་པ་ཆེན་པོ་འདི་ཉིད་ཡིན་པར་གྲགས་ཤིང་བདེན་ན། དུས་ཡུན་དེའི་སྐབས་ཀྱི་དཔལ་རོང་ཟོམ་པ་དང་རྗེ་མི་ལའི་བར་དགུང་གྲངས་བཅུ་གྲངས་རེ་འགའི་ཁྱད་པར་ཡོད་སྲིད་སྙམ་པ་ཡིན། ཅིའི་ཕྱིར་ཞེ་ན་རྗེ་བཙུན་མི་ལ་ཐོག་མར་མར་པ་ལོ་ཙཱ་བའི་སྐུ་མདུན་དུ་ཆོས་ཞུ་རུ་སོང་བའི་ཚེ་དགུང་ལོ་ཞེ་གཉིས་ཡིན་ཞིང་། རོང་སྟོན་ལྷ་དགའི་གམ་དུ་རྫོགས་ཆེན་གསན་པའི་དུས་ནི་དེའི་སྔ་ཐོག་དེ་བར་ཡིན་པར་ལོ་རྒྱུས་དག་ཏུ་ཡོངས་གྲགས་ཡིན་པའི་ཕྱིར་རོ། །གཞན་ཡང་རོང་ཟོམ་པ་ཆེན་པོ་ཉིད་དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་པར་འདོད་པ་དང་། ཇོ་བོ་རྗེ་བོད་དུ་ཕེབས་པའི་ཚེ་ན་རོང་ཟོམ་པ་དགུང་ལོ་དྲུག་ཙམ་ཡིན་པར་འདོད་ཀྱང་ཇོ་བོ་ནི་བོད་དུ་སྤྱི་ལོ་ ༡༠༤༢ ལ་ཕེབས་པར་ཡོངས་སུ་གྲགས་པ་དང་། བོད་རྣམས་ཀྱིས་ཇོ་བོ་དང་རོང་ཟོམ་གཉིས་ཆོས་རྩོད་བྱེད་དུ་བཅུག་པ་ལ་སོགས་ཀྱི་ལོ་རྒྱུས་འདི་དག་ཐམས་ཅད་གུང་བསྒྲིག་དགོས་ན་ཁག་ཙམ་གདའ་བས། ལེགས་པར་དཔྱད་དགོས་ཆེ།
[9] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། རོང་ཟོམ་ཆོས་བཟང་གི་གསུང་འབུམ། པོད་གཉིས་པ། ཤོག་གྲངས། ༢༠ པར་གསལ།
[10] ལེགས་སྦྱར་གྱི་སྐད་ཡིག་ཇི་བཞིན་བྱས་ན། «ཨ་པྲ་ཏིཥྛཱ། | अप्रतिष्ठा» ཞེས་འབྲི་བའི་ཚུལ་མཆིས།
[11] མ་དཔེ་ལས་«ཏེ་»སྒྲ་འདུག་ཀྱང་། དོན་དུ་«སྟེ་»སྒྲ་ཐོབ་དགོས་པའོ།།
[12] འདི་ལ་གནའ་དང་ད་ལྟའི་ལག་རྒྱུན་དག་ཏུ། ཕྱ་པ། ཕྱཱ་པ། ཕྱྭ་པ། ཆ་པ་སོགས་འབྲི་ཚུལ་བཞིར་མཆིས་ཤིང་། གང་ཞིག་ཁུངས་དག་མིན་མི་ཤེས་པས། འདིར་ཡོངས་གྲགས་དབང་དུའམ་རང་ཉིད་ཀྱི་མིག་སྔུན་དུ་མཐོང་ཆེ་བའི་དབང་དུ་བྱས་ཏེ་«ཕྱྭ་པ་»ཉིད་བེད་སྤྱད་ཡོད་པ་ཡིན།
[13] པ་ཚབ་ལོ་ཙཱ་བའི་འཁྲུངས་ལོ་ ༡༠༥༥ ཡིན་པར་ད་ཡོད་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ཏུ་གསལ་པོར་ཡོད་ཀྱང་འདས་ལོའི་སྐོར་དེ་བྲིས་པ་མེད། འོན་ཏེ་ད་སྐབས་དབྱིན་ཡིག་ཐོག་ཏུ་ཡོད་པའི་«ཝི་ཀི་རིག་མཛོད་» (wikipedia) ནང་གི་«རང་རྒྱུད་པ་དང་ཐལ་འགྱུར་བའི་ཁྱད་པར།» (Svatantrika–Prasaṅgika distinction) ཞེས་པ་དེར་ཁོང་གི་འདས་ལོ་ ༡༡༤༥ ཡིན་པར་བཀོད་འདུག
[14] མཁན་ཆེན་ཞི་བ་འཚོའི་དེ་ཁོ་ན་ཉིད་བསྡུས་པ་ལས། “རང་རྒྱུད་པའང་ཐལ་འགྱུར་བའི། །བསྒྲུབ་པས་གང་ཞིག་འཇུག་པ་ན།།” ཞེས་པ་ལས་རང་རྒྱུད་དང་ཐལ་འགྱུར་གྱི་ཐ་སྙད་འོང་གི་འདུག་ཀྱང་། དེ་ནི་ཚད་མའི་དབང་དུ་བྱས་པའི་གཏན་ཚིགས་རང་རྒྱུད་དང་ཐལ་འགྱུར་གྱི་དོན་ཙམ་ཡིན་པ་ལས། དབུ་མ་ཐལ་རང་གི་དོན་བསྟན་པ་མ་ཡིན་རུང་དེ་དང་འབྲེལ་བ་ཡོད་མེད་དཔྱད་དགོས་ཞེས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་གསུངས།
[15] བོད་མཁས་པ་ཁ་ཅིག་ཐལ་རང་གི་དབུ་མ་པའི་ཐ་སྙད་བྱེད་པོ་ཕྱྭ་པ་ཆོས་སེང་ཡིན་པར་བཞེད་ཀྱང་། ཕྱྭ་པ་ཆོས་སེང་ནི་དབུ་མ་རྒྱན་དང་དབུ་མ་སྣང་བ་སོགས་ལ་འགྲེལ་པ་མཛད་ཡོད་ཅིང་གསང་ཕུ་རུ་ཤེས་རབ་སྒྲོན་མེའི་འཆད་ཉན་གཙོ་བོར་མཛད་པ་ཡིན་ལ། སློབ་དཔོན་ཟླ་གྲགས་ཀྱི་ལུགས་ལ་མི་མོས་ཤིང་དེ་ལ་དགག་པ་ཁོ་ན་མཛད་མཁན་ཡིན་པར་གྲགས། དེ་བཞིན་ཁོང་གིས་མཛད་པའི་བསྟན་བཅོས་རྣམས་སུ་ནི་ཐལ་རང་གི་དབུ་མའི་ཐ་སྙད་ཡེ་ནས་མི་གསལ་བའི་ཕྱིར། ཕྱྭ་པ་ཆོས་སེང་དབུ་མ་ཐལ་རང་གི་ཐ་སྙད་མཛད་པ་པོར་བསྒྲུབ་པར་བྱ་བའི་སྐབས་མ་མཆིས་སོ།།
[16] ཐལ་འགྱུར་བའི་ཐ་སྙད་བྱེད་པ་པོ་ནི། གསང་ཕུ་ན་ཐལ་འགྱུར་བ་ཤི་རོ་ཞིག་འདུག་པ་དེའང་ཞང་ཐང་སག་པ་ཟེར་བ་ཐལ་འགྱུར་གྱི་སྒྲ་བསྒྲགས་ནས་དེ་དོན་འབར་ར་འབོར་རེ་འདྲ་བཤད་སྡོད་མཁན་ཞིག་བྱུང་བ་རེད། ཅེས་པའི་བཤད་རྒྱུན་ཞིག་ད་ལྟའི་གདན་ས་འདིའི་མཁས་དབང་རེ་འགའི་ངག་རྒྱུན་དུ་མཆིས་མོད། འོན་ཀྱང་ཞང་ཐང་སག་པ་ནི་གསང་ཕུ་བ་མ་ཡིན་ཏེ། འཕན་དགོན་པ་བ་ཡིན་པའི་ཕྱིར་དང་། དེའང་འཕན་པོ་དགོན་གྱི་བདག་པོ་པ་ཚབ་ཉི་གྲགས་ཀྱི་སློབ་མ་བུ་བཞིའི་ནང་གསེས་ཡིན་པའི་ཕྱིར་དང་། དེས་ཐལ་འགྱུར་གྱི་སྒྲ་བསྒྲགས་པ་དེའང་པ་ཚབ་ཉི་གྲགས་ཀྱི་ཞལ་ཆོས་ལས་སྙན་དུ་བརྒྱུད་པ་ཡིན་པའི་ཕྱིར་ན། ཐལ་འགྱུར་བའི་ཐ་སྙད་འདོགས་པ་པོ་ཞང་ཐང་སག་པ་མིན་པར་ཡང་དག་པར་གྲུབ་བོ།།
[17] ཕྱྭ་པའི་སློབ་མ་རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་ནི། ༡) གཙང་ནག་པ་བརྩོན་འགྲུས་སེངྒེ། ༢) དན་འབག་སྨྲ་བའི་སེངྒེ། ༣) བྲུ་ཤ་བསོད་ནམས་སེངྒེ། ༤) རྨ་བྱ་རྩོད་པའི་སེངྒེ། ༥) རྩེགས་དབང་ཕྱུག་སེངྒེ། ༦) ཉང་བྲན་ཆོས་ཀྱི་སེངྒེ། ༧) འདན་པ་དཀོན་མཆོག་སེངྒེ། ༨) གཉལ་པ་ཡོན་ཏན་སེངྒེ་བཅས་ཡིན།
[18] གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོའི་པར་མ། ཤོག་གྲངས། ༡༡ པར་གསལ།
[19] བུདྡྷ་པཱ་ལི་ཏ་སྟེ་སློབ་དཔོན་སངས་རྒྱས་བསྐྱངས་སོ།།
[20] ག་ལས་འཇིགས་མེད་དེ་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་གཅིག་གོ།
[21] ཚིག་འདིས་གང་ཟག་གི་མིང་སྟོན་པ་ཡིན་ནམ་ཡང་ན་གང་ལ་གོ་དགོས་མིན་ཆ་མ་འཚལ། གཅིག་བྱས་ན་གང་ཟག་གི་མིང་བསྟན་པ་ཡིན་ཀྱང་ཡི་གེར་འབེབས་མཁན་གྱིས་དག་ནོར་ཐེབས་པ་མིན་ནམ་དྲན། འོན་ཀྱང་བདག་གིས་འདིར་“པ་རེ་ན་རེ་མིན་”ཞེས་པ་ལ་“འགའ་ཞིག་གིས་ཁས་མི་ལེན་”ཞེས་གནས་སྐབས་ཙམ་དུ་དེ་ལྟར་སྒྲ་སྦྱར་བ་ཙམ་ལས། དོན་དུ་དེ་ལྟའི་གོ་དོན་དུ་བཀྲལ་བ་མ་ཡིན་ནོ།།
[22] བུདྡྷ་པཱ་ལི་ཏ་སྟེ་སློབ་དཔོན་སངས་རྒྱས་བསྐྱངས་སོ།།
[23] བྷ་བྱ་ཀཱིརྟི་ཞེས་པ་འདི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཡིན་ཞིང་། གཞན་ཡང་ཁོང་གི་མཚན་ལ་བྷ་བྱ་ཀཱ་ར་ཞེས་དང་། བྷ་བྱ་སྣང་བྲལ་ཞེས་པ་འདི་དག་བསྟན་འགྱུར་དུ་ཡོད་པ་དང་། ཡོངས་གྲགས་སུ་ཁོང་གི་མཚན་ལ་བོད་སྐད་དུ་ལེགས་ལྡན་འབྱེད་དེ་རྒྱ་གར་སྐད་དུ་བྷ་ཝ་ཝི་ཝེཀ་ཅེས་འབྲི་སྲོལ་མཆིས་པ་དང་། ཡང་འགྱུར་གྱི་ཁྱད་པར་གྱིས་བསྟན་འགྱུར་དག་ཏུ་བྷ་བྱའི་དོད་དུ་སྐལ་ལྡན་ཞེས་བསྒྱུར་ཡོད་པའང་བཤད་སྲོལ་མཆིས་སོ།།
[24] བུདྡྷ་པཱ་ལི་ཏ་སྟེ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་འགྲེལ་པའོ།།
[25] མེ་ལོང་ནང་བསྟན་གློག་རྡུལ་གསུང་རབ། རྗེ་ཙོང་ཁ་པའི་གསུང་འབུམ། པ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་གནད་བསྡུས་ཏེ་གཏན་ལ་ཕབ་པ་བྱང་ཆུབ་ལམ་རིམ་ཆེན་མོ། 13-2-1a1~13-2-523a4
[26] “སྤྱི་དོན་བཞི་པ་རྗེས་དཔག་གི་འཇུག་ཡུལ་ལ་གཉིས་ཏེ། རང་རྒྱུད་དང་། ཐལ་འགྱུར་རོ། །དེ་གཉིས་ཀྱི་ཁྱད་པར་ནི། རང་རྒྱུད་ཀྱི་ལྟ་བ་ལ་དོགས་པའི་སྐྱོན་སེལ་ཙམ་གཅིག་རང་རྒྱུད་ཡིན་ལ། གཞན་གྱི་ཁས་ལེན་འགོགས་པ་དེ་ཐལ་འགྱུར་རོ། །རང་རྒྱུད་ལ་གཉིས་ཏེ། སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པའོ། །དེ་གཉིས་ཀྱི་ཁྱད་པར་ཡང་། རྣམ་དཔྱད་ཀྱི་དུས་སུ་དགག་བྱ་བཀག་ནས། ཡོངས་དཔྱོད་ལ་རྫུན་པའམ། སྒྱུ་མ་ལྟ་བུར་ཁས་ལེན་པ་ནི་སྒྱུ་མ་ལྟ་བུའོ། །རྣམ་དཔྱད་ལ་བདེན་པའི་དངོས་པོ་བཀག་ནས་ཡོངས་དཔྱོད་ལ་ཁས་ལེན་གང་ཡང་མེད་པ་ནི་རབ་ཏུ་མི་གནས་པའོ། །དེ་གཉིས་རང་རྒྱུད་དོ། །ཐལ་འགྱུར་ནི། རང་གི་ཁས་ལེན་གང་ཡང་མེད་པ་ལ་གཞན་གྱི་ཡང་དག་ཏུ་ཁས་ལེན་པ་འགོགས་པའོ།།” ཞེས། ཡེ་ཤེས་སྡེའི་ ༢༠༠༤ ལོའི་པར་མ། རོང་ཟོམ་དང་རོག་བན་གསུང་ཆོས་སྐོར། ཆོས་འབྱུང་བསྟན་པའི་སྒྲོན་མེ། ཤོག་གྲངས། ༧༦༨ པར་གསལ།
[27] གངས་ཅན་རིག་མཛོད། ༢༣ ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་པོ། ཤོག་གྲངས། ༡༠༣ པར་གསལ།
[28] སྡེ་དགེ་བསྟན་འགྱུར་པར་མ། དབུ་མ། པོད། ཨ། (༡༠༩) ལྡེབ་གྲངས། ༧༢ རྒྱབ་ངོས་སུ་གསལ།
[29] བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བདེ་རྩ་ལྷན་ཚོགས་ཀྱི་བསྐྱར་དཔར་ཅན། TI795 ཀུན་མཁྱེན་ཀློང་ཆེན་གསུང་འབུམ། པོད། ༢༥ ཤོག་གྲངས། ༩༡ པར་གསལ།
[30] གཡུང་དྲུང་བོན་གྱི་གཞུང་དག་ཏུ། དབུ་མ་པ་ལ་གཡུང་དྲུང་སེམས་པ་སྤྲོས་མེད་པ་ཞེས་དང་། དེ་ལ་བན་གཞུང་ལྟར་ནང་གསེས་དབྱེ་བ་གཉིས་ཏེ། རང་རྒྱུད་པ་ལ་རོལ་པ་སྐྱེ་མཆེད་པ་ཞེས་དང་། ཐལ་འགྱུར་བ་ལ་མཚན་ཉིད་ཀུན་བྲལ་བ་ཞེས་པའི་བརྡ་ཆད་བྱེད་ཀྱི་ཡོད་པར་དེང་གི་བོན་གཞུང་དབུ་མའི་སྐོར་གྱི་དཔྱད་བརྗོད་རྣམས་སུ་གསལ།