དཔལ་ཡུལ་ནང་བསྟན་མཐོ་རིམ་སློབ་གྲྭ། ཀུན་གྲུབ་ཚེ་རིང་།
བསྐལ་པའི་འཕེལ་འགྲིབ་དང་སེམས་ཁམས།
ངས་འདི་ནས་གླེང་བར་འདོད་པ་ནི། བསྐལ་པའི་འཕེལ་འགྲིབ་དང་འབྲེལ་བའི་མིའི་སེམས་ཁམས་ལ་དཔྱད་པ་བྱ་རྒྱུ་དེ་ཡིན་ལ། དེ་ནི་འགྲོ་བ་མིའི་ཡ་ཐོག་བསྐལ་པའི་ཆགས་རིམ་ནས་བཟུང་། རིམ་འགྱུར་གྱིས་མིའི་སེམས་ཁམས་ཀྱི་འདུ་ཤེས་འགྱུར་བའི་སྣང་ཚུལ་ཞིག་གིས། ཕྱི་དངོས་པོའི་ཆོས་རྣམས་ལ་ཉམས་རྒུད་དུ་སོང་བའི་གཏམ་རྒྱུད་དང་འབྲེལ་ཡ་ཐོག་བསྐལ་པའི་འཚོ་གནས་ལ་དཔྱོད་བཞིན། དེ་ལྟར་ཉམས་རྒུད་དུ་འགྲོ་བའི་རྒྱུ་མཚན་དེ་ཉིད་སེམས་ཀྱི་འདུ་ཤེས་ལོག་པར་གྱུར་པའི་དབང་གིས་ཡིན་པར་ཤེས་པས། དེའི་ཕྱིར་མིའི་སེམས་ཁམས་ཀྱི་འགྱུར་བ་དེ་བས་ཞིབ་འཇུག་བྱེད་པར་འདོད། དེས་ན་བགྲང་དུ་མེད་པའི་མིའི་རིགས་ཀྱི་འཚོ་བའི་ཡ་མཐའ་གང་ཞིག་ནས་བྱུང་མིན་བརྗོད་པར་དཀའ་རུང་། དམ་པའི་གཞུང་ལུགས་ཚད་མ་རྣམས་ཀྱི་བརྗོད་དོན་ལ་དཔྱད་ནས། འདས་ཟིན་པའི་བསྐལ་པའི་འཕེལ་འགྲིབ་དང་འབྲེལ་མིའི་སེམས་ཁམས་ཀྱི་འདུ་ཤེས་དང་འཚོ་གནས་ལ་རྒྱང་ལྟ་རེ་བྱེད་པར་འདོད་པས། དེའི་ཕྱིར་བསྐལ་པ་དེ་དག་གི་ཁྲོད་ནས་མིའི་འཚོ་གནས་ཀྱི་འགྱུར་བ་དང་སེམས་ཁམས་ལ་ཅུང་ཙམ་དཔྱད་པར་མོས།
སྤྱིར་མི་ཡི་ཚེ་སྲོག་གི་འཁོར་རྒྱུན་ནི་ལས་ཀྱིས་བྱེད་ལ། ལས་ནི་དགེ་བ་དང་མི་དགེ་བའི་བསམ་བློའི་ཀུན་སློང་གཉིས་ཀྱི་རྗེས་སུ་འགྲོ། བགྲང་དུ་མེད་པའི་བསྐལ་པ་ཡ་ཐོག་གི་དུས་ནས། འུ་ཅག་འགྲོ་བ་མི་ཙམ་མིན་པར་ཁམས་གསུམ་གྱི་སེམས་ཅན་རྣམས་འཚོ་གནས་སྤྱི་ཡི་ཆགས་རིམ་དང་འབྲེལ། ང་ཚོ་གླིང་བཞིའི་མིའི་རིགས་ཀྱི་འཚོ་བའི་འཇིག་རྟེན་ཡང་གྲུབ་ཡོད་ལ། དེ་ལྟར་གྲུབ་པའི་ཚུལ་དེ་ཡང་ནང་བསྟན་མངོན་པའི་གཞུང་རྣམས་ལས། ཆགས་པའི་བསྐལ་པ། གནས་པའི་བསྐལ་པ། འཇིག་པའི་བསྐལ་པ། སྟོང་པའི་བསྐལ་པ་ཞེས་བསྐལ་པ་བཞི་རུ་ཕྱེ་ནས་གསུངས་པ་ལས། ཆགས་བསྐལ་དེ་ལ་ཡང་། ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ་དང་ནང་བཅུད་སེམས་ཅན་གྱི་ཆགས་ཚུལ་གཉིས་སུ་གསུངས་ཡོད། དེ་ཡང་ཕྱི་ཡི་འཇིག་རྟེན་ནི་ད་ལྟ་ང་ཚོ་འཚོ་བཞིན་པའི་ས་སྒང་གི་གྲོང་ཚོ་འདི་ཙམ་མིན་པར། གླིང་བཞི། གླིང་ཕྲན་བརྒྱད། ཁམས་གསུམ། རིགས་དྲུག་གི་གནས་རིས་རྣམས་གསུངས་པ་དང་། དེ་ལྟར་ཕྱི་ཡི་འཇིག་རྟེན་གྱི་ཆགས་དབྱིབས། རིགས་དབྱེ། བདེ་སྡུག བཀོད་པ་སོགས་ཞིབ་པར་གསུངས་པས། ད་ལྟ་ང་ཚོར་སྣང་བའི་རང་བྱུང་ཁམས་ཆེན་མོའི་འཇིག་རྟེན་འདི་ལས་འདས་པའི་གནས་གཞན་དང་། ཡུལ་ལུང་གཞན། མི་རིགས་གཞན། ཆགས་དབྱིབས་སོགས་མདོར་ན་འུ་ཅག་གི་སྐྱེ་བ་འདིར་ཚུར་མཐོང་གི་ཡུལ་ལས་འདས་པའི་ཞིང་ཁམས་དང་གནས་རིས་སོགས་བརྗོད་མི་ནུས་པར་བསྟན་ཡོད། དེ་ལས་ད་ལྟ་ང་ཚོ་འཚོ་བཞིན་པའི་ཟླུམ་གཟུགས་ཀྱི་གོ་ལ་འདི་ནི་འཇིག་རྟེན་དེ་དག་གི་ཆ་ཤས་གཅིག་སྟེ། དབུས་ཀྱི་རི་བོ་མཆོག་རབ་ཀྱི་ལྷོ་ཕྱོགས། གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ནང་ཚན་ལྷོ་འཛམ་བུ་གླིང་ཞེས་བརྗོད་པའི་གནས་དེའོ།།
དེ་བཞིན་ནང་བཅུད་སེམས་ཅན་ཆགས་པའི་གོ་རིམ་ལ་ཚན་རིག་སྨྲ་བ་རྣམས་ཀྱིས་མི་ལོ་དུང་ཕྱུར་ ༤༦ གི་ལོ་རྒྱུས་ལྡན་པའི་ས་སྒང་འདིའི་སྲོག་ཆགས་སྐྱེ་འཕེལ་ལ་ཞིབ་བརྗོད་བྱས་པ་ལྟར་མིན་པར། འདི་ལས་གཞན་པའི་ཁམས་གསུམ་གྱི་གནས་རིས་སྤྱི་ཡི་སེམས་ཅན་གྱི་ཆགས་གནས་དང་། ལོ་གྲངས། ཚེ་ཚད། ལུས་ཚད་སོགས་བརྗོད་ནས། རིམ་བཞིན་འོད་གསལ་གྱི་ལྷ་རྣམས་བསོད་ནམས་ཟད་པའི་རྒྱུ་རྐྱེན་ཞིག་གིས་ཁམས་གོང་མ་ནས་འོག་མ་རུ་འཕོས་ཏེ་གླིང་བཞིའི་མིའི་རིགས་ཀྱི་སྐྱེ་འཕེལ་བྱུང་བར་བརྗོད་ལ། དེ་ལྟའི་མིའི་རིགས་སྐྱེ་འཕེལ་བྱུང་བའི་གོ་རིམ་ཁྲོད་ནས་མི་རྣམས་ཀྱི་ནང་སེམས་ཀྱི་བསམ་བློའི་ཀུན་སློང་དང་འབྲེལ་བའི་ཕྱི་ཡི་ནོར་དང་ལོངས་སྤྱོད། འཚོ་བ་དང་གོམས་གཤིས། ཚེ་ཚད་དང་བདེ་སྐྱིད་སོགས་ལ་འགྱུར་བ་སོང་བས། བསྐལ་ཆེན་དེ་དག་གི་ཁྲོད་ནས་མིའི་རིགས་ཀྱི་བསོད་ནམས་དང་དགེ་བའི་ལས་བཟང་ངན་གྱི་དབང་གིས། རྫོགས་ལྡན་གྱི་མིའི་འཚོ་བ་དང་སེམས་ཁམས། སུམ་ལྡན་གྱི་མིའི་འཚོ་བ་དང་སེམས་ཁམས། གཉིས་ལྡན་གྱི་མིའི་འཚོ་བ་དང་སེམས་ཁམས། རྩོད་ལྡན་གྱི་མིའི་འཚོ་བ་དང་སེམས་ཁམས་སོགས་རིམ་བཞིན་ཉམས་རྒུད་དུ་གྱུར་པ་དང་། དེ་དག་རེ་རེའི་སྐབས་ཀྱི་མིའི་འཚོ་གནས་དང་སེམས་ཁམས། ཡིད་སྤྱོད། འདུ་ཤེས། ཚེ་ཚད། ནུས་པ་སོགས་མི་འདྲ་བའི་འགྱུར་ལྡོག་མང་དུ་བྱུང་བས་དེའི་སྐོར་ཉུང་ཙམ་བརྗོད་ན།
དང་པོ་རྫོགས་ལྡན་གྱི་དུས་དང་མིའི་སེམས་ཁམས།
བསྐལ་པ་རྫོགས་ལྡན་གྱི་དུས་ནི། འཛམ་གླིང་མི་རྣམས་ཀྱི་ཆོས་དང་། ནོར། འདོད་པ། བདེ་བ་བཞི་ཡོངས་སུ་ཚང་བར་ལོངས་སྤྱོད་པའི་དུས་ཏེ། དེའི་སྐབས་ཀྱི་མི་རྣམས་རྫུས་སྐྱེས་ཡིན་ལ། དབང་པོ་ཡན་ལག་སོགས་ཚང་ཞིང་ལུས་མཛེས་པ། རང་གི་ལུས་ལ་འོད་དང་ལྡན་པས་ཉི་ཟླའི་འོད་སྣང་སོགས་ལ་མ་ལྟོས་པར་རང་འོད་ཀྱིས་སྣང་བར་ནུས་པ། ཁམས་ཟས་མི་ཟ་བར་དགའ་བས་འཚོ་བ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་བ། ཚེ་ཚད་ནི་དཔག་མེད་ཐུབ་པ། སྔོན་གྱི་བསོད་ནམས་ཀྱི་སྟོབས་ཀྱིས་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ། སྦྱིན་པ་དག་སྦྱིན་པ། བསོད་ནམས་དག་བགྱིད་པ། ཉེ་བར་གནས་པས་ཉེ་བར་གནས་པ། ཚུལ་ཁྲིམས་ཡང་དག་པར་གནས་པ་དག་མཆིས་ཞེས་གསུངས་པ་བཞིན། རྫོགས་ལྡན་གྱི་དུས་ནི་ཕྱིའི་ཉེར་སྤྱོད་ཀྱི་དངོས་པོའི་དཔལ་འབྱོར་དང་ལོངས་སྤྱོད་རྒྱ་ཆེར་འཛོམས་པ་དང་། དེ་ལ་ལོངས་སྤྱོད་མཁན་རྣམས་རིགས་གཟུགས་ལང་ཚོས་མཛེས་པ། བསམས་པ་ཙམ་གྱིས་གང་འདོད་དུ་སླེབས་པ། ཉོན་མོངས་མངོན་དུ་རྒྱུ་བ་མེད་པ། ཚེ་རིང་བ་ནད་མེད་པ་སེམས་ཞི་བར་གནས་པའམ་འཁྲུག་རྩོད་མེད་པས་རྒྱལ་པོ་དང་བཅས་པ་མིན་པ། ཁྱིམ་དང་། གནས་དང་། གྲོང་དང་། མཁར་མེད་པས་ས་གཞི་ཁོད་སྙོམས་སུ་གྱུར་པ། ཉི་ཟླ་གཟའ་སྐར་གྱི་དུས་ཚིགས་ལོ་དང་། ཟླ་བ། ཉིན་མཚན། སྐད་ཅིག ཐང་ཅིག ཡུད་ཙམ་ཞེས་དུས་རིས་སུ་ཕྱེ་བ་མེད་པ། དབང་པོའི་སྒོ་མ་དོད་པས་ཕོ་མོའི་རིགས་དབྱེ་མེད་པ། མདོར་ན་སྔོན་གྱི་བསོད་ནམས་ཀྱི་འབྲས་བུས་བདེ་སྐྱིད་ཆོས་འབྱོར་གྱི་དཔལ་ལ་ལོངས་སྤྱད་ནས་འཚོ་བས། སྐབས་དེ་དུས་ཀྱི་མི་རྣམས་ཀྱི་སེམས་ཁམས་ནི་ད་ལྟ་ནང་བཞིན་འདོད་ཆགས། ཞེ་སྡང་། གཏི་མུག ཕྲག་དོག འགྲན་སེམས། ང་རྒྱལ། སྒེར་སེམས། ཆགས་སྤྱོད་སོགས་མདོར་ན་སེམས་མི་དགེ་བའི་ཉོན་མོངས་རགས་པ་མེད་པ་དང་། འདུ་ཤེས་ཕྱིན་ཅི་ལོག་པའི་དབང་དུ་མི་གནས་པར། རང་དབང་དང་བདེ་ཐང་གི་ངང་ནས་མི་ཚེ་བདེ་སྐྱིད་ཀྱིས་འཚོ་བ་ཡིན་ལ། ཡ་ཐོག་བསྐལ་པའི་མི་རིགས་ཀྱི་འཚོ་གནས་དྭངས་གཙང་དེ་ཉིད། སྐབས་དེའི་མིའི་སེམས་ཁམས་ཀྱི་ལྟ་གྲུབ་དང་འདུ་ཤེས་བཟང་པོ་ཞིག་ལ་བརྟེན་ནས་གྲུབ་པ་ནི། རྒྱུ་འབྲས་ཆོས་ཉིད་ཀྱི་ངོས་ཐད་ནས་བལྟས་ན་གསལ་ཏེ། བསོད་ནམས་དགེ་བའི་བློ་ཡི་འདུ་ཤེས་སྔོན་དུ་སོང་སྟེ་སྒོ་གསུམ་དགེ་བའི་ལས་ལ་སྤྱོད་པའི་ལས་སྣང་གིས་ཕྱི་འཇིག་རྟེན་གྱི་འཚོ་བའི་སྤྱི་ཚོགས་དང་། ལོངས་སྤྱོད་རྣམས་ཀྱང་དེ་དང་འཚམས་པའི་དྭངས་གཙང་དང་བདེ་འབྱོར་གྱི་འཚོ་གནས་བསྐྲུན་པའམ་ཐོབ་པ་ནི་ལས་འབྲས་བསླུ་མེད་ཀྱི་འབྲས་བུ་ཡིན་པ་ནང་པའི་ལྟ་གྲུབ་སྤྱི་ལས་གསུངས་པ་མི་ཚད། རྟེན་འབྱུང་ལྟོས་གྲུབ་ཀྱི་རིགས་པས་གྲུབ་བོ། །དེ་ལྟར་བསྐལ་པ་རྫོགས་ལྡན་གྱི་དུས་ཡུན་གྱི་ཚད་ནི་ལོ་གྲངས་ས་ཡ་གཅིག་དང་། བདུན་འབུམ་ཉི་ཁྲི་བརྒྱད་སྟོང་ཡིན་པར་གསུངས་ལ། དེ་ཡི་རིང་དུ་མི་སེམས་དགེ་བ་དང་འདྲེས་པའི་བསོད་ནམས་གཙང་མ་ཞིག་གིས་ཡ་ཐོག་བསྐལ་པ་རྫོགས་ལྡན་གྱི་འཚོ་བ་དང་ལོངས་སྤྱོད། ལང་ཚོ་ཆོས་འབྱོར་སོགས་ཕུན་སུམ་ཚོགས་པ་འཛོམས་ཡོད་པར་གསུངས། དེ་ལྟར་འོད་གསལ་གྱི་ལྷ་རྣམས་བསོད་ནམས་ཟད་དེ་འཛམ་གླིང་འདིར་ཐོག་མར་སྐྱེས་པ་དང་། དེ་ནས་རིམ་བཞིན། གླིང་བཞིའི་མི་རྣམས་སྐྱེ་འཕེལ་བྱུང་བ་མ་ཟད། རང་ཅག་རྣམས་སྡོད་བཞིན་པའི་ལྷོ་འཛམ་བུ་གླིང་གི་ཡ་ཐོག་བསྐལ་པའི་མི་རིགས་དེ་ཡང་རིམ་བཞིན་དར།
གཉིས་པ་སུམ་ལྡན་གྱི་དུས་དང་མི་ཡི་སེམས་ཁམས།
སུམ་ལྡན་གྱི་དུས་ནི། རྫོགས་ལྡན་སྐབས་ཀྱི་དགེ་བ་བཅུའི་ནང་ནས་སུམ་ཆ་ཙམ་ཞིག་ལུས་པའི་སྐབས་ཏེ། བསྐལ་པ་དང་པོའི་མི་རྣམས་རིམ་གྱིས་རོ་ལ་ཆགས་པས་སྔོན་གྱི་གཟུགས་ཁམས་ཀྱི་ལྷ་བཞིན་དཔལ་དང་འབྱོར་པ་ལང་ཚོའི་རྣམ་པ་སོགས་མེད་པར་རིམ་བཞིན་འགྲིབ་ནས། སའི་རོ་བཅུད་སྦྲང་རྩི་ལྟ་བུ་ཞིག་བྱུང་བར་ཟོས་ཤིང་། ཁམ་ཟས་ཟ་བའི་ཐོག་མ་བྱུང་བ་དང་། ཟས་དེ་ལ་གོམས་པས་ལུས་རྩུབ་ཅིང་ལྕི་རུ་ཕྱིན་པ་དང་ལུས་ཀྱི་རང་འོད་མེད་པར་གྱུར་པ། ཕྱི་རོལ་གྱི་སྣང་བ་རྣམས་ཉི་འོད་ལ་བརྟེན་ནས་གསལ་བ། མྱུ་གུའི་ཚལ་དང་། འབྲས་སཱ་ལུའི་ཞིང་སོགས་ཁམ་ཟས་རགས་པ་ཟོས་པའི་རྒྱུ་མཐུན་གྱིས་བཤང་གཅི་དང་དེ་དག་གི་ལམ་ཕོ་མོའི་དབང་པོ་དང་དེ་དག་གི་དབྱིབས་ཐ་དད་པ་སོགས་བྱུང་ཞིང་། ཕོ་མོ་དེ་དག་ཕན་ཚུན་དུ་ཆགས་པས་ཚུལ་མིན་ཡིད་བྱེད་ཀྱིས་ཕན་ཚུན་བར་འདོད་པས་ཆགས་ནས་ལམ་ལོག་པར་ཞུགས་པ་སོགས་ཀྱིས་སྔོན་གྱི་བསྐལ་པ་དང་པོ་རྫོགས་ལྡན་གྱི་མིའི་འཚོ་བ་དང་། ལོངས་སྤྱོད། གཟུགས་དང་ཚེ་ཚད་ལྟར་མེད་པར་གྱུར་ནས་རིམ་བཞིན་མིའི་སེམས་ཀྱི་འདུ་ཤེས་དང་ལུས་ཀྱི་ཀུན་སྤྱོད་སོགས་སྡུག་ཏུ་ཕྱིན། དེ་ནས་ནང་སེམས་ཀྱི་འདུ་ཤེས་དང་ལྟ་བ་སྡུག་ཏུ་གྱུར་པས་དེ་ལ་བརྟེན་ནས་བསོད་ནམས་རིམ་བཞིན་འགྲིབ་སྟེ། ཕྱི་ཡི་དཔལ་དང་ལོངས་སྤྱོད། གཟུགས་དང་ནུས་པ་སོགས་ཉམས་རྒུད་དུ་གྱུར་པ་དང་། མིའི་སྤྱི་ཚོགས་ཀྱི་འཚོ་གནས་ལ་མིའི་སེམས་ཀྱི་འདུ་ཤེས་དང་ལྟ་སྤྱོད་ངན་པས་ཉམས་རྒུད་དུ་གྱུར་པའི་རྨང་གཞི་དང་པོ་ཉིད་དུ་གྱུར།
དེ་ལྟར་བསྐལ་པ་སུམ་ལྡན་གྱི་དུས་ཡུན་གྱི་ཚད་ལ་ལོ་གྲངས་ས་ཡ་གཅིག་དང་། འབུམ་ཐེར་གཉིས། ཁྲི་ཕྲག་དགུ། སྟོང་ཕྲག་དྲུག་ཡོད་པར་བཤད། སྤྱིར་ནང་ཆོས་རང་གཞུང་ནས་འདི་ལྟར་བསྐལ་པ་ཡ་ཐོག་ནས་བཟུང་རིམ་བཞིན་མི་ཡི་བསམ་སྤྱོད་ཀྱི་འདུ་ཤེས་དང་བྱ་བ་སྡུག་ཏུ་ཕྱིན་པས། དེ་ཡི་དབང་གིས་མིའི་འཚོ་བའི་ལོངས་སྤྱོད་དང་། དཔལ་འབྱོར། བྱད་གཟུགས། ཚེ་ཚད་སོགས་རིམ་བཞིན་འགྲིབ་པ་དང་། མི་རྣམས་ཀྱི་རྣམ་དཀར་དགེ་བའི་སྒོ་གསུམ་གྱི་ལས་རྣམས་རིམ་བཞིན་ཇེ་ཉུང་དུ་ཕྱིན་ནས། མི་དགེ་བའི་ལས་ཀྱི་ལམ་ལ་ཞུགས་པ་དང་། ལམ་ལོག་པར་ཞུགས་པའི་སྟོབས་ཀྱིས་མིའི་བསོད་ནམས་རིམ་བཞིན་འགྲིབ་པའི་དུས་སུ་སླེབས་པར་བརྗོད་པའོ། །རྒྱུ་མཚན་དེས་ན། ཡ་ཐོག་བསྐལ་པ་འདི་དག་གི་སྐབས་སུ་མིའི་སེམས་ཀྱི་འགྱུར་བ། ནང་སེམས་ཀྱི་འདུ་ཤེས། ལྟ་གྲུབ་དང་ཀུན་སྤྱོད་བཟང་ངན་གྱིས་མི་ཚེ་དང་འཚོ་གནས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་བརྗོད་པར་མ་ཟད་སེམས་བཟང་པོ་དང་དྲང་བདེན། བྱམས་བརྩེ་དང་སྙིང་རྗེའི་ནུས་པ་ལ་བརྟེན་ནས་ཕྱི་ཡི་དཔལ་དང་འབྱོར་པ་རྣམས་འཐོབ་བཞིན་ཡོད་པ་དང་། སེམས་མི་དགེ་བ་ལ་བརྟེན་ནས་དེ་དག་ཀྱང་རིམ་བཞིན་འགྲིབ་པའི་ཚུལ་རྣམས་བརྗོད་པས། ཡ་ཐོག་བསྐལ་པའི་མི་རིགས་ཀྱི་སྐྱེ་འཕེལ་ཁྲོད་སེམས་ཀྱི་འཕེལ་འགྲིབ་དང་འབྲེལ་བའི་འཚོ་གནས་ཀྱི་ཉམས་རྒུད་དེ་ཡང་རྟོགས་པར་ནུས་སོ།།
གསུམ་པ་གཉིས་ལྡན་གྱི་དུས་དང་མི་ཡི་སེམས་ཁམས།
གཉིས་ལྡན་གྱི་དུས་ནི། སྔར་གྱི་འཛམ་གླིང་མི་རྣམས་ཀྱིས་ཆོས་དང་། ནོར། འདོད་པ། བདེ་བ་བཞི་ལས་ཆ་གཉིས་ཉམས་ནས་ཆ་གཉིས་ལ་ལོངས་སུ་སྤྱོད་པའི་དུས་ཏེ། སྤྱིར་བསྐལ་པ་སུམ་ལྡན་གྱི་དུས་སུ་མི་རྣམས་ཀྱི་ཟས་སུ་མ་རྨོས་པའི་འབྲས་སཱ་ལུ་དེ་རྣམས་ནངས་ཟ་ན་ནངས་ལེན་པ། ནུབ་ཟ་ན་ནུབ་ལེན་པ་ལས་སྒེར་སེམས་ཀྱིས་གསོག་འཇོག་མེད་ན་ཡང་། གཉིས་ལྡན་གྱི་སྐབས་སུ་སེམས་ཅན་ལེ་ལོ་ཅན་འགའ་ཡིས་གསོག་འཇོག་བྱས་ནས་བདག་ཏུ་འཛིན་པས། ཞིང་རྣམས་བགོས་ཏེ་སོ་སོས་བདག་ཏུ་བཟུང་། གཞན་གྱི་ཞིང་ལས་རྐུ་བར་རྩོམ་པས་ཆོམ་རྐུན་གྱི་ལས་ཐོག་མ་བྱུང་། བདག་ཏུ་འཛིན་པའི་ཞིང་དེ་རྣམས་སྲུང་བ་དང་རྐུན་མ་འགོག་པའི་ཕྱིར། སྐབས་དེའི་མི་རྣམས་འདུས་ནས་མང་པོས་བསྐོས་པའི་རྒྱལ་པོ་ཐོག་མར་བྱུང་བ་དང་། ཞིང་གི་དྲུག་ཆ་དེ་ལ་བྱིན་པའི་སྲོལ་དར། དེ་ནས་རྒྱལ་རིགས་དང་རྗེ་རིགས། བྲམ་ཟེའི་རིགས་སོགས་དར་བ་དང་། རྗེ་དང་འབངས། ཁྱིམ་ཞིང་དང་གྱོན་ཆས། ཕོ་མོ་ཕན་ཚུན་ཆགས་སྤྱོད་ཀྱི་སྤྱོད་པ་སོགས་དར་ནས་སྒེར་སེམས་དང་། འདོད་ཆགས། ཕྱོགས་རིས་སོགས་མི་སེམས་ཆགས་སྡང་གི་སེམས་པ་ཤུགས་ཆེར་གྱུར། དེ་ལ་བརྟེན་པའི་ཕྱི་ཡི་ཟས་གོས་གནས་མལ་གྱི་ལོངས་སྤྱོད་དག་ཀྱང་བསྐལ་པ་རྫོགས་ལྡན་དང་། སུམ་ལྡན་གྱི་དུས་ལས་ལྡབ་འགྱུར་གྱིས་སྡུག་ཏུ་ཕྱིན། མི་རྣམས་ཀྱི་ཚེ་ཚད། རིགས་གཟུགས། ལང་ཚོ། དཔལ་འབྱོར་སོགས་སྔར་ལས་རྒུད་དུ་གྱུར།
དེ་ལྟར་གཉིས་ལྡན་གྱི་དུས་ཡུན་གྱི་ཚད་ནི་ལོ་གྲངས་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ཡིན་པར་གསུངས། མདོར་ན་དགེ་བའི་བསོད་ནམས་ཀྱི་འབྲས་བུ་བསགས་པ་རེ་རེ་བཞིན་འགྲིབ་པ་དང་མཉམ་དུ་མི་རྣམས་ཀྱི་འཚོ་བ་ཚེ་ཚད་སོགས་ཀྱང་ཉམས་རྒུད་དུ་གྱུར། དེའི་ཕྱིར་སེམས་ཀྱི་ཆོས་ཡང་དག་པ་དང་དགེ་བ་རྣམ་པར་དག་པ་རེ་མ་བསྒྲུབས་ནས་མུ་ནས་མུ་རུ་ཚེ་ཚད་དང་ལང་ཚོ། ཐོབ་འབྱོར་དང་ལོངས་སྤྱོད། འཚོ་གནས་སོགས་ཇེ་ཉམས་ནས་ཇེ་ཉམས་སུ་གྱུར་པས། བསྐལ་པའི་འཕེལ་འགྲིབ་དང་འབྲེལ་མི་སེམས་དགེ་སྡིག་དཀར་ནག་གིས་ལས་ཀྱི་སྣང་བ་དེ་ཡང་འབྱུང་བར་གསུངས་པའོ།།
བཞི་པ་རྩོད་ལྡན་གྱི་དུས་དང་མིའི་སེམས་ཁམས།
རྩོད་ལྡན་གྱི་དུས་ནི། ནང་པ་སངས་རྒྱས་པའི་གཞུང་དག་ལས་གསུངས་པ་ལྟར་འཛམ་གླིང་མི་རྣམས་ཀྱིས་ཆོས་དང་། ནོར། འདོད་པ། བདེ་བ་བཞི་ལས་ཆ་གསུམ་ཉམས་ནས་ཆ་གཅིག་ལ་ལོངས་སུ་སྤྱོད་ཅིང་འཁྲུག་རྩོད་དར་བའི་དུས་ཏེ། མི་རྣམས་ཚེ་ཐུང་བ། ནད་མང་བ། དམག་འཁྲུག་རྒྱུན་མི་ཆད་པ། ཆར་ཆུ་དུས་སུ་མི་འབབ་པ། ལོ་ཕྱུགས་རྟག་ཏུ་མི་ལེགས་པ། ཉོན་མོངས་མངོན་གྱུར་གྱི་དབང་དུ་ཤོར་ནས་འདོད་ཆགས། ཞེ་སྡང་། ང་རྒྱལ། ཕྲག་དོག འགྲན་སེམས་སོགས་སེམས་མི་དགེ་བའི་རྟོག་པ་ཤུགས་ཆེར་གྱུར་པ། མདོར་ན་སྙིགས་མ་ལྔ་བདོ་བའི་དུས་ཏེ། ཚེའི་སྙིགས་མ་མི་རྣམས་ཚེ་ཐུང་ལ་ངེས་པ་མེད་པར་འཆི་རྐྱེན་མང་བ། ཉོན་མོངས་པའི་སྙིགས་མ་སྟེ་ལུས་ངག་ཡིད་གསུམ་མི་དགེ་བ་ལ་ཤོར་ནས་དགེ་བ་བཅུ་ཡི་ལས་ལ་མི་བརྩོན་པ། སེམས་ཅན་གྱི་སྙིགས་མ་སྟེ་ནད་འཁྲུག་མུ་གེ་ས་འགུལ་ཆུ་ལོག་སོགས་རང་བྱུང་དང་རང་བྱུང་མ་ཡིན་པའི་གནོད་འཚེའི་ངང་དུ་འཚོ་བ། དུས་ཀྱི་སྙིགས་མ་སྟེ་བསྐལ་པའི་འཕེལ་འགྲིབ་གཉིས་ལས་ཚེ་དང་ལོངས་སྤྱོད་སོགས་ཉམས་ནས་དུས་ཀྱི་མཐའ་རུ་སླེབས་པ། ལྟ་བའི་སྙིགས་མ་སྟེ་དཀར་པོ་དགེ་བའི་ལས་དང་བླང་དོར་ཡང་དག་པའི་ལྟ་བ་ཉམས་ནས་མི་དགེ་བའི་ལྟ་བ་སྣ་ཚོགས་དར་བ་སོགས་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་སུ་མི་རྣམས་ཚེ་ཚད་ཐུང་བ། ལུས་ཚད་ཆུང་བ། བྱད་གཟུགས་དང་ལང་ཚོ་མི་མཛེས་པ། ལྟ་སྤྱོད་ལོག་པར་ཞུགས་པ་སོགས་སེམས་ཕྱིན་ཅི་ལོག་པའི་དབང་དུ་ཤོར་ནས་ཆོས་མིན་སྡིག་པའི་ལས་འབའ་ཞིག་གི་ངང་དུ་གནས་པ་དང་། ཟས་གོས་དང་འཚོ་བའི་བྱ་སྤྱོད་སོགས་མི་དགེ་བ་དང་རྟེན་འབྲེལ་ལོག་པའི་ངང་ཚུལ་ལ་སྤྱོད་པར་གསུངས་པའོ། །དེ་ལྟར་རྩོད་ལྡན་གྱི་དུས་ཀྱི་ཡུན་ཚད་ལ་ལོ་གྲངས་བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡོད་པར་བཤད། མདོར་ན་རེག་པའི་འདོད་ཆགས། བགད་པའི་འདོད་ཆགས། འཁྱུད་སྦྱོར་གྱི་འདོད་ཆགས་སོགས་རིམ་བཞིན་དར་བ་དང་། ལྟ་བ་ལོག་པར་ཞུགས་པ། ཉོན་མོངས་མངོན་གྱུར་བྱུང་བ་བཅས་ཀྱིས་བསྐལ་པའམ་དུས་ཀྱི་རིམ་པ་རྣམས་ཀྱང་རིམ་བཞིན་འགྲིབ་པའོ།།
དེ་ལྟར་བསྐལ་པའི་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ཁྲོད། དུས་ཀྱི་འགྱུར་འགྲོས་ལ་མིའི་ཚེ་ལོ་ཡར་འཕེལ་དང་མར་འགྲིབ་པའི་ཆ་གཉིས་ཡོད་ལ། དེ་ལས་ད་ལྟ་ང་རང་ཚོའི་བསྐལ་པ་འདི་ནི་ཚེ་ལོ་མར་འགྲིབ་ཀྱི་སྐབས་ཏེ་མི་རྣམས་དང་ཐོག་ཚེ་ལོ་དཔག་མེད་ཐུབ་པ་དང་། དེ་ནས་རིམ་བཞིན་བྲི་སྟེ་ཚེ་ལོ་དཔག་མེད་ནས་འབུམ་པ་དང་། འབུམ་པ་ནས་བརྒྱད་ཁྲི། བརྒྱད་ཁྲི་ནས་དྲུག་ཁྲི། དྲུག་ཁྲི་ནས་བཞི་ཁྲི། བཞི་ཁྲི་ནས་ཉིས་ཁྲི། ཉིས་ཁྲི་ནས་ཆིག་ཁྲི། ཁྲི་ནས་སྟོང་། སྟོང་ནས་ད་ལྟ་ཚེ་ལོ་བརྒྱ་པའི་བར་དུ་རིམ་གྱིས་བྲི་ལ། དེ་ལྟར་ཚེ་བྲི་བ་ནང་བཞིན་རྟེན་ཕྱི་སྣོད་འབྱུང་བའི་འགྱུར་ལྡོག་དང་། དུས་ཀྱི་འགྲོ་སྟངས། ནང་བཅུད་ཀྱི་འགྲོ་བ་མིས་གཙོས་ལས་སྤྱོད་དང་ཁ་རྗེ་བསོད་ནམས་སོགས་ཕྱོགས་གང་ཐད་ནས་འགྱུར་ལྡོག་དེ་བཞིན་ཐེབས་ཀྱི་ཡོད་པ་ནི་དངོས་མཐོང་རིགས་པའི་སྒོ་ནས་བརྟགས་ན་ཤེས་ཐུབ་པའོ།།
དེ་ལྟར་བསྐལ་པའི་སྙིགས་མ་ལྔ་བདོ་བའི་དུས་ལ་རྩོད་ལྡན་ཟེར་བའི་དོན་ནི། ཐོག་མར་འགྲོ་བ་མི་རྣམས་ཡ་ཐོག་ཚེ་ལོ་དཔག་མེད་ནས་འབུམ་པའི་མཇུག་ཡན་གྱི་འགྲོ་བ་རྣམས་ལ་ཉོན་མོངས་རགས་པ་མེད་ཅིང་དགེ་བཅུ་རང་བཞིན་གྱིས་རྫོགས་པས་རྫོགས་ལྡན་གྱི་བསྐལ་པ་དང་། དེའི་རྗེས་ཚེ་ལོ་བརྒྱད་ཁྲིའི་འགོ་ནས་ལྔ་ཁྲིའི་མཇུག་བར་དུ་ལུས་ངག་གི་མི་དགེ་ཡོད་ལ་ཡིད་སྡོམ་གསུམ་པོ་རང་བཞིན་གྱིས་ལྡན་པས་སུམ་ལྡན་གྱི་བསྐལ་པ་དང་། དེའི་རྗེས་ཚེ་ལོ་བཞི་ཁྲིའི་འགོ་ནས་དྲུག་བརྒྱ་ཡན་ལ་མངན་སེམས་མེད་ཀྱང་འཕྲོ་གཉིས་ལྡན་པས་གཉིས་ལྡན་གྱི་བསྐལ་པ་དང་། དེ་ནས་ཚེ་ལོ་ལྔ་བརྒྱ་ནས་བརྒྱ་པའི་བར་སྒོ་གསུམ་གྱི་མི་དགེ་བཅུ་ཀའི་སྒོ་ནས་དུག་ལྔའི་ཉོན་མོངས་ཁ་རགས་ཤིང་འཁྲུག་རྩོད་ཤིན་ཏུ་ལྡན་པས་ན་རྩོད་ལྡན་གྱི་བསྐལ་པ་བརྗོད་པར་གསུངས། དེ་ལྟར་དུས་ཀྱི་སྙིགས་མ་རྩོད་ལྡན་དང་། ཚེའི་སྙིགས་མ་མར་འགྲིབ། སེམས་ཅན་གྱི་སྙིགས་མ་གདུལ་དཀའ། ཉོན་མོངས་ཀྱི་སྙིགས་མ་དུག་ལྔ་ཁ་རགས། ལྟ་བའི་སྙིགས་མ་ཕྱིན་ཅི་ལོག་དང་ལྔ་ཡིས་དུས་འདའ་བས་རྩོད་ལྡན་སྙིགས་མའི་དུས་ཞེས་བརྗོད།
མདོར་ན་མི་རྣམས་ཀྱི་ནང་སེམས་ཀྱི་བྱམས་བརྩེ། སྙིང་རྗེ། གཞན་ཕན། དྲང་བདེན། ཤེས་རབ་སོགས་ཉམས་པའི་སྟོབས་ཀྱིས་ཚེ་དང་བསྐལ་པ། ནོར་དང་ལོངས་སྤྱོད། འཇིག་རྟེན་འཚོ་བ། ཡ་རབས་གུས་ལུགས་སོགས་ཡ་ཐོག་བསྐལ་པ་རྫོགས་ལྡན་ནས། སུམ་ལྡན། གཉིས་ལྡན། རྩོད་ལྡན་གྱི་དུས་རིམ་གོང་འོག་བཞིན་ཇེ་ཉམས་སུ་གྱུར་པ་དང་། ད་དུང་ཡང་ལུས་ངག་དགེ་བའི་ལས་ལ་མ་འབད། ཉོན་མོངས་དུག་ལྔའི་དབང་དུ་ཤོར་ན་བསྐལ་ངན་ཚེ་ལོ་བཅུ་པ་ལ་མ་ཐུག་བར་དུ་མིའི་ཚེ་ཚད། ལོངས་སྤྱོད། མངའ་ཐང་། སྟོབས་འབྱོར་ཇེ་ཉམས་སུ་འགྱུར་བར་གསུངས་པའོ།།
དེས་ན་ང་ཚོས་འདས་ཟིན་པའི་མི་ལོ་དང་བསྐལ་པ་གྲངས་མེད་པའི་འཚོ་གནས་ཀྱི་འགྱུར་བ་དང་། ལྟ་སྤྱོད་ཀྱི་ནུས་པ། ལས་བཟང་ངན་གྱི་དབྱེ་འབྱེད་སོགས་ལ་ཞིབ་ཏུ་དཔྱད་ནས། མིའི་སེམས་ཁམས་དང་སྤྱི་ཚོགས་ཀྱི་བདེ་སྐྱིད་ངོ་མ་ཡོང་བ་ལ་བྱ་བ་གང་སྒྲུབ་དགོས་མིན་དང་། བླང་དོར་གང་བྱེད་དགོས་མིན་ལ་ཞིབ་བསམ་རེ་མཛད་ན་རྟོགས་པར་ནུས་པས། དེའི་ཕྱིར་བསྐལ་པའི་དུས་རིམ་བཞི་དང་འབྲེལ་བའི་མིའི་སེམས་ཁམས་ལ་དཔྱད་ནས་དོན་གྱི་བདེ་སྐྱིད་འཚོལ་བའི་ཐབས་དེ་འཚོལ་དགོས་པའོ། །སྤྱིར་རྫོགས་ལྡན། སུམ་ལྡན། གཉིས་ལྡན། རྩོད་ལྡན་གྱི་བསྐལ་པའི་དུས་རིམ་བཞི་པོའི་ཚེ་ཚད་ལོངས་སྤྱོད། ལུས་ཚད། བསོད་ནམས་སོགས་འགྲིབ་པའི་ཚུལ་ལ་ནང་པའི་གཞུང་སོ་སོ་ནས་འགྲེལ་ཚུལ་མི་འདྲ་བ་འགའ་སྣང་ཡང་འདིར་གོ་བདེ་བའི་དབང་གིས་གཞུང་འགའ་ལས་བཤད་པ་ལྟར་དུ་བྲིས་པ་དང་། དེ་བཞིན་ཚེ་ཡི་འཕེལ་འགྲིབ་ཕྱོགས་ནས་བོན་གྱི་ཆོས་གཞུང་དང་ནང་ཆོས་ཀྱི་གཞུང་སོགས་ལས་འགྲེལ་ཚུལ་དུ་མ་ཡོད་པར་སྣང་ངོ་།།
ཚན་རིག་དང་འབྲེལ་བའི་མི་རིགས་ཀྱི་འཕེལ་འགྱུར།
གོང་དུ་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་གཞུང་རྣམས་ལས་ཇི་ལྟར་གསུངས་པའི་ཚུལ་དང་ཁྱད་པར་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་«མངོན་པ་མཛོད་»ཀྱི་འགྲེལ་པ་ནས་གསུངས་པའི་འགྲོ་བ་མིའི་ཡ་ཐོག་བསྐལ་པའི་འཚོ་གནས་ཀྱི་དུས་རིམ་བཞི་དང་འབྲེལ་ནས་མིའི་སེམས་ཁམས་དང་སྐབས་དེའི་འཚོ་གནས་སྐོར་ཅུང་ཙམ་བརྗོད་ལ།
འདི་ནས་ད་ལྟ་ང་ཚོ་འཚོ་བཞིན་པའི་ས་སྒང་འདིར་འགྲོ་བ་མི་རྣམས་སྐྱེས་པའི་འཚོ་གནས་ཀྱི་འཕེལ་རིམ་དེང་དུས་ཚན་རིག་དང་འབྲེལ་ནས་ཅུང་ཙམ་གླེངས་ན། དེ་ཡང་མི་ལོ་དུང་ཕྱུར་ ༤༦ ལ་སོན་པའི་སའི་གོ་ལ་འདི་ནི། གནམ་གྱི་གོ་ལའི་དགུ་ཚིགས་ཁྱིམ་རྒྱུད་ཆེན་མོའི་རྒྱུ་སྐར་ཨང་རིམ་གསུམ་པ་དེ་ཡིན་ལ། གོ་ལ་འདི་ནི་གཞན་དང་མི་འདྲ་བར་འབྱུང་བཞི་དང་སྐྱེ་ཁམས་ཆ་སྙོམས་པ་དང་། མི་དང་སྲོག་ཆགས་འཚོ་སྡོད་ཀྱི་ནུས་པ་མངའ་བའི་གོ་ལ་ཞིག་ཡིན། གོ་ལ་འདི་ཉིད་རིམ་འགྱུར་གྱིས་ས་ཁམས་དང་། རི་རྒྱུད། ས་གཤིས། ཆུ་བོ་དང་རྒྱ་མཚོ། སྐམ་ས་སོགས་ས་ཡི་འགྱུར་བའི་གོ་རིམ་བརྒྱུད་ནས། ཆུ་གནས་སྲོག་ཆགས་སྣ་ཚོགས་དར་བ་དང་། རིམ་བཞིན་སྲོག་ཆགས་ཕྲ་བ་ནས་རགས་པ། ཆུ་གནས་ནས་སྐམ་གནས། སྒལ་རུས་མེད་པ་ནས་ཡོད་པ་སོགས་སྲོག་ཆགས་ཀྱི་ཚེ་སྲོག་དང་ལང་ཚོ་ལ་འཕེལ་འགྱུར་བྱུང་བར་བཤད། སྤྱིར་ཚན་རིག་པས་ཤོད་སྟངས་ལྟར་ན་སའི་གོ་ལ་ཆགས་ནས་བཟུང་ད་བར་དུ་བསྐལ་ཆེན་གསུམ་དུ་དབྱེ་སྟེ། ཡེ་ཐོག་བསྐལ་ཆེན། གདོད་མའི་བསྐལ་ཆེན། མངོན་འཚོའི་བསྐལ་ཆེན་ཏེ་བསྐལ་ཆེན་གསུམ་ཡོད་ལ། ཡེ་ཐོག་བསྐལ་ཆེན་གྱི་དུས་རིམ་ནི་སའི་གོ་ལ་གསར་དུ་ཆགས་པ་ནས་འགོ་བཟུང་། ལོ་དུང་ཕྱུར་ ༨ པ་ནས་སྐྱེ་དངོས་དང་ཚེ་སྲོག་གི་ཐོག་མ་བྱུང་བའི་བརྒྱུད་རིམ་ཡིན་པར་བཤད། གདོད་མའི་བསྐལ་པའི་དུས་རིམ་ནི་སའི་གོ་ལའི་ལོ་ཚད་ལོ་དུང་ཕྱུར་ ༢༡ འགོ་བཟུང་། ཕྲ་ཕུང་མང་པོ་མཉམ་འདུས་ལས་གྲུབ་པའི་སྐྱེ་ལྡན་དང་ཚེ་སྲོག་བྱུང་བ་འཕེལ་བའི་གོ་རིམ་གྱི་དུས་རྣམས་ཡིན། མངོན་འཚོའི་བསྐལ་ཆེན་ལ། ནང་དུ་དབྱེ་ན། གནའ་སྐྱེས་བར་བསྐལ། བར་སྐྱེས་བར་བསྐལ། གསར་སྐྱེས་བར་བསྐལ་གསུམ་དུ་དབྱེ་ལ། དེ་དག་ལས་དང་པོ་གནའ་སྐྱེས་བར་བསྐལ་གྱི་སྐབས་སུ་སའི་གོ་ལའི་ལོ་ཚད་ལོ་ངོ་དུང་ཕྱུར་ ༣༦ དང་བྱེ་བ་ ༧ པ་ནས་འགོ་བཟུང་ཉའི་རིགས་ཀྱི་ཚོགས་ཆེན་མང་དུ་འཕེལ་བའི་དུས་རིམ་རྣམས་སོ། །བར་སྐྱེས་བར་བསྐལ་གྱི་སྐབས་སུ་སའི་གོ་ལའི་ལོ་ཚད་ལོ་ངོ་དུང་ཕྱུར་ ༤༢ དང་བྱེ་བ་ ༡ ས་ཡ་ ༥ པ་ནས་འགོ་བཟུང་སྐམ་ཆུ་གཉིས་ཀར་འཚོ་བའི་སྲོག་ཆགས་མང་དུ་འཕེལ་བའི་བརྒྱུད་རིམ་རྣམས་སོ།།
དེ་ཡི་ཡན་ཆོད་ནི་སའི་གོ་ལའི་སྟེང་དུ་ཆུ་གནས་དང་སྐམ་གནས་སྲོག་ཆགས་ཀྱི་འཕེལ་འགྱུར་བྱུང་བའི་གོ་རིམ་དང་། སའི་གོ་ལའི་ལོ་ངོ་དུང་ཕྱུར་ ༤༢ ལྷག་ཙམ་འདས་པའི་ལོ་རྒྱུས་ཀྱི་འཕེལ་འགྱུར་ཙམ་ལས་འགྲོ་བ་མིའི་རིགས་རྒྱུད་དང་འཚོ་གནས་སྐབས་དེར་ད་དུང་དར་མེད་དོ། །དེ་ནས་བཟུང་གསར་སྐྱེས་བར་བསྐལ་གྱི་དུས་རིམ་ཁྲོད་ཚན་རིག་སྨྲ་བ་དང་། སྐྱེ་དངོས་སྨྲ་བ། འཕེལ་འགྱུར་སྨྲ་བ་སོགས་ཀྱི་ཞིབ་འཇུག་གི་བརྗོད་དོན་ལྟར་འགྲོ་བ་མིའི་རིགས་ཐོག་མ་སྤྲ་ཡི་དུས་རབས་ལོ་བྱེ་བ་ ༦ སྔོན་ནས་འགོ་ཚུགས་པ་དང་། སྤྲ་མིའི་དུས་རབས་ལོ་ས་ཡ་ ༣ སྔོན་ནས་འགོ་ཚུགས་པ། དེ་ནས་རིམ་འགྱུར་གྱིས་འཇོན་མིའི་དུས་རབས་ལོ་ས་ཡ་ ༢ སྔོན་ནས་འགོ་ཚུགས་པ་དང་། འགྲེང་མིའི་དུས་རབས་ལོ་ས་ཡ་ ༡ སྔོན་ནས་འགོ་ཚུགས་པ། དེ་ནས་བློ་ལྡན་མིའི་དུས་རབས་ལོ་འབུམ་ ༥ སྔོན་ནས་འགོ་ཚུགས་པ་དང་། དེ་ལྟར་བརྒྱུད་རིམ་དེ་དག་ལས་དང་ཐོག་འཚོ་བའི་ཁ་ཟས་ཤིང་འབྲས་དང་ཤིང་ལོ་སོགས་སྤྱོད་པ་དང་། སྡོད་གནས་རི་བྲག་ནགས་ཚལ་སོགས་ལ་གནས་པ། ལག་རྩལ་གྱི་ནུས་པ་དང་ཀླད་པའི་རྣམ་དཔྱོད་ཞན་པ། ཁ་བརྡའི་བརྗོད་དོན་དང་སྐད་བརྡ་མི་ཤེས་པ་མདོར་ན་རི་དྭགས་དང་མཚུངས་པར་རི་བོ་དང་ཆུ་ཀླུང་། ནགས་ཚལ་དང་བྲག་ཕུག་སོགས་སུ་འཚོ་བར་རོལ་བཞིན་གནས་ལ། དེ་ནས་རིམ་བཞིན་སྤྲ་ནས་མི། མི་ནས་འཇོན་མི། འཇོན་མི་ནས་འགྲེང་མི། འགྲེང་མི་ནས་བློ་ལྡན་གྱི་མི་རབས་བར་ལོ་བྱེ་བ་ས་ཡ་མང་པོ་བརྒྱུད་མཐར་ཀླད་པའི་རྒྱ་ཁྱོན་དང་ཤེས་རྟོགས་ཀྱི་ཚོར་ཤེས། ཐབས་བཀོད་ཀྱི་ནུས་པ། ལག་རྩལ་གྱི་ཡོ་བྱད། སྡོད་ཁང་དང་འཚོ་བ། ཁ་ཟས་སོགས་རིམ་བཞིན་འཕེལ་འགྱུར་སོང་ནས་གདོད་མའི་མི་རབས་ལས་བློ་གྲོས་དང་འཚོ་བ་སོགས་གོང་འཕེལ་བྱུང་། ཡིན་ན་ཡང་ད་དུང་འགྲོ་བ་མི་ལྟར་མིན་པར་ནགས་ཚལ་དང་རི་བྲག་སོགས་སུ་རི་དྭགས་དང་ལྷན་དུ་གནས་པ་དང་འཚོ་བར་རོལ་བ། ཤིང་གི་ལོ་མ་དང་རི་དྭགས་ཀྱི་པགས་པ་གྱོན་པ་སོགས་མདོར་ན་ཆས་གོས་འཚོ་བ་རྣམས་སེམས་ཅན་དུད་འགྲོ་དང་མཚུངས་པར་གྱུར་ཡོད།
དེ་ནས་འགྲོ་བ་མི་ཡི་འཚོ་བ་ཇི་བཞིན་གནས་ཁྱིམ། བཟའ་མི། གྱོན་གོས། རྒྱན་ཆས། མཛེས་ཆོས་སོགས་དར་ཏེ་གདོད་མའི་མི་རིགས་དངོས་ནི། ལོ་ཁྲི་ ༥ སྔོན་ནས་འགོ་ཚུགས་པར་བརྗོད་པའི་དེང་མིའི་མི་རབས་ནས་བཟུང་དར་བ་དེའི་ཕྱིར། དེང་མིའི་མི་རབས། རྡོ་ཆས་ཀྱི་དུས་རབས། ཟངས་ལྕགས་ཆས་ཀྱི་དུས་རབས། འཕྲུལ་ཆས་ཀྱི་དུས་རབས། བརྡ་འཕྲིན་གྱི་དུས་རབས་ལྔ་ཡི་སྒོ་ནས་རྒྱས་པར་བརྗོད་པ་ལ།
དེང་མིའི་མི་རབས་དང་སེམས་ཁམས།
དང་པོ་དེང་མིའི་མི་རབས་ནི། ལོ་ཁྲི་ཚོ་ལྔ་ཡི་ཡར་སྔོན་ནས་བློ་ལྡན་གྱི་མི་ལས་རིམ་འགྱུར་གྱིས་དེང་མི་བྱུང་ཞིང་། གནའ་བོའི་མི་རིགས་ནང་བཞིན་ས་ཕུག་དང་བྲག་ཁུང་། ནགས་ཚལ་སོགས་གནས་ཁྱིམ་མིན་པར། རྩྭ་དང་རྡོ་ཤིང་སོགས་ཀྱིས་བཟོས་པའི་ཁང་ཁྱིམ་དང་གནས་མལ། རི་དྭགས་ལྤགས་པའི་གྱོན་གོས། རུས་པའི་གྲི་དང་ཁབ་སོགས་བཟོ་བའི་ལག་རྩལ། གཙུབ་ཤིང་དང་གཙུབ་རྡོ་ལས་མེ་ལེན་པ་དང་། རི་དྭགས་རྔོན་པའི་ཐབས་ལ་མཁས་པ། རྒྱན་ཆ་དང་རོལ་ཆ་བཟོ་བ། ཕོ་མོ་རྒན་གཞོན་བར་གྱི་ལས་བགོས། བྲག་ངོས་དང་རྡོ་ངོས་སུ་རི་མོ་སྣ་ཚོགས་འབྲི་བ་སོགས་མི་རིགས་ཀྱི་རྣམ་པ་གསར་པ་དང་འཚོ་གནས་གསར་པ་ཞིག་ཏུ་གྱུར་ནས། རང་བྱུང་ཁམས་ཆེན་མོ་འདིར་རི་དྭགས་བཞིན་འཚོ་བའི་མི་རབས་ཤིག་རིམ་འགྱུར་གྱིས་སྡོད་ཁྱིམ་དང་འཚོ་བ། རིགས་རྒྱུད། ཁྱིམ་དུད་སོགས་ཀྱི་རྣམ་པ་ལྡན་པའི་མི་རིགས་ཤིག་ཏུ་གྱུར། དེ་ལྟར་རིམ་འགྱུར་གྱིས་ལོ་ཟླ་བྱེ་བ་དང་ས་ཡ་དུ་མའི་བརྒྱུད་རིམ་ཁྲོད། མི་དེ་རྣམས་ལ་མཛེས་སྤྱོད་ཀྱི་ལྟ་བ། རིགས་རུས་ཀྱི་དབྱེ་འབྱེད། འཚོ་བ་ཡི་ཕྱོགས་རིས། དགྲ་གྲོགས་ཀྱི་འདུ་ཤེས། སྒེར་འཛིན་དང་ཁེ་དབང་། བཟོ་རིག་དང་ལག་རྩལ་གྱི་ཐབས་བཀོད་སོགས་ཀྱི་སེམས་ཀྱི་འདུ་ཤེས་དར་བ་དང་། ཀླད་པའི་རྒྱ་ཁྱོན་ཡང་སྔར་ལས་ཆེ་རུ་ཕྱིན། ཡིན་ན་ཡང་སེམས་ཀྱི་འདུ་ཤེས་ཙམ་ལས་ད་དུང་བློ་གྲོས་ཀྱི་ནུས་པ་དང་ལུས་ཀྱི་འཕེལ་ཚད། དབང་པོའི་ནུས་པ། ཤེས་རབ་དང་དཔྱོད་ཤེས། སྒལ་རུས་དང་རྐང་ལག་གི་བདེ་མྱུར་སོགས་མི་ལྟར་གོང་འཕེལ་མ་སོང་བས། སེམས་སུ་ཆགས་སྡང་གི་ཕྱོགས་རིས་དང་། རྒྱལ་ཕམ་གྱི་ང་རྒྱལ་ཡོད་རུང་སྤྱི་ཚོགས་ཡོངས་ལ་གནོད་པ་བྱེད་པ་དང་། སྲོག་ཆགས་སྤྱི་ཡི་འཚོ་གནས་ལ་གནོད་པ། རང་བྱུང་ཁམས་ལ་གཏོར་བཅོམ་ཚབས་ཆེན་བཟོ་བའི་ནུས་ཤུགས་གཏན་ནས་མེད། རྒྱུ་མཚན་དེའི་ཕྱིར་མི་རབས་དེ་ཉིད་མི་ཡིན་རུང་། གདོད་མའི་ནགས་ཚལ་དང་ཆུའི་འགྲམ་དུ་འཚོ་བའི་རི་དྭགས་ཀྱི་ཁྱུ་ཚོགས་བཞིན་ལྷིང་འཇགས་ཀྱི་ངང་དུ་འཚོ་བ་ལས། རི་ལུང་ཐང་ཆེན་སྟོང་ཕྲག་བརྒལ་ནས་ཕྱོགས་མེད་དུ་ཆས་པ། འགྲིམ་འགྲུལ་གྱི་ནུས་པ་ཤུགས་ཆེན་དེ་བས་མེད། སྐབས་དེའི་མི་རྣམས་ཀྱི་སེམས་ཁམས་ནི་ཧ་ལམ་རི་དྭགས་དུད་འགྲོ་དང་མཚུངས་པར་ཉིན་རེའི་འཚོ་བ་དང་ཁ་ཟས་ཙམ་ལ་གཡེང་བ་ལས་གཞན་པའི་འདུ་ཤེས་དང་ལྟ་གྲུབ། དད་མོས་སོགས་མེད་པས་འཚོ་བ་ལ་རྙོག་འཛིང་དང་འུར་ཟིང་སོགས་ད་ལྟ་བཞིན་མེད་ལ། མཐུན་རྐྱེན་དང་སྟབས་བདེ་ཡང་ད་ལྟ་བཞིན་མེད་དོ།།
གཉིས་པ་རྡོ་ཆས་ཀྱི་དུས་རབས་དང་སེམས་ཁམས།
དེ་ལྟར་དེང་མིའི་མི་རབས་ཀྱི་འཚོ་གནས་ལ་འགྱུར་ལྡོག་ཐེབས་ནས་རིམ་བཞིན་རྡོ་ཆས་ཀྱི་དུས་རབས་ལ་སླེབས་པ་དང་། སྤྱིར་རྡོ་ཆས་ཀྱི་དུས་རབས་ལ་རྡོ་ཆས་རྙིང་མའི་དུས་རབས་དང་གསར་མའི་དུས་རབས་གཉིས་སུ་དབྱེ་སྟེ། རྡོ་ཆས་རྙིང་མའི་དུས་རབས་ནི་རང་བྱུང་ཁམས་ཀྱི་རྡོ་ཆས་རྡུང་བཟོ་དང་གཅོག་བཟོ་བྱས་པའི་ལག་ཆ་རྩིང་རགས་ཅན་ཏེ། ཆེད་དུ་བཟོས་པ་དང་མཛེས་རིས་ལྡན་པ་སོགས་མ་བྱས་པའི་རྡོ་ཡི་ལག་ཆ་བྱས་པའི་དུས་རབས་ཀྱི་སྐབས་རྣམས་ཏེ་དུས་རབས་དེ་ཡི་དུས་ཡུན་ཧ་ཅང་རིང་ངོ་། །རྡོ་ཆས་གསར་མའི་དུས་རིམ་ནི་རྡོ་ཆས་རྙིང་མའི་དུས་རིམ་ལས་འཕེལ་འགྱུར་ཆེ་རུ་ཕྱིན་པ་དང་འགྲོ་བ་མི་ཡི་ལོ་རྒྱུས་དངོས་མ་བྱུང་བའི་དུས་ཏེ། ཞིབ་ཚགས་ལྡན་པའི་རྡོ་ཆས་ཀྱི་རིགས་སྣ་ཚོགས་དར་བ་དང་། རྡོ་ཡི་ཡོ་བྱད་སྣ་ཚོགས་དར། དེ་བཞིན་སྐབས་དེར་མི་ཡི་རྣམ་དཔྱོད་དང་ཀླད་པའི་བྱེད་ནུས་གོང་འཕེལ་དུ་ཕྱིན་པའི་རྐྱེན་གྱིས། གསར་གཏོད་ཀྱི་འཚོ་ཐབས་སྣ་ཚོགས་དར་བ་ནི། ཞིང་འབྲོག་གི་འཚོ་བ་དང་མཐུན་པའི་གནས་སྤོའི་འཚོ་བ། སྒེར་དབང་གི་ས་ཞིང་དང་། སྒོ་ཕྱུགས། ཁང་ཁྱིམ་སོགས་དར་བ་དང་། བཟོ་རིག་ལག་རྩལ་གྱི་རིམ་པ་སྣ་ཚོགས་བཟོས་ནས། རྡོ་བཟོ། ཤིང་བཟོ། རྫ་བཟོ། གོས་བཟོ་སོགས་བཟོ་རིགས་དང་། རི་མོ་འབྲི་བ། རྒྱན་ཆ་འདོགས་པ། ཉོ་ཚོང་དང་གསོག་འཇོག་ཤེས་པ། ཁ་བརྡའི་མཚོན་དོན་དང་གཟུགས་མཚོན་གྱི་ཡི་གེ་དར་བ་སོགས་རྡོ་ཆས་ཀྱི་དུས་རབས་འདིར་མི་རྣམས་ལ་སྔར་ལས་ལྷག་པའི་འཚོ་བའི་འགྱུར་བ་དང་བསམ་པའི་འདུ་ཤེས་གོང་འཕེལ་དུ་ཕྱིན་པས། འཚོ་བའི་དགོས་མཁོ་མང་དུ་གྱུར་པ་དང་། ལས་རིགས་ཀྱི་རྣམ་པ་སྣ་ཚོགས་དར་བ། མི་སེམས་ཀྱི་འདོད་པ་དང་ལག་རྩལ་གྱི་དགོས་མཁོ་ཇེ་མང་གྱུར་པས། སྔར་གྱི་གདོད་མའི་ནགས་ཀླུང་རྣམས་སུ་ཁུ་སིམ་སིམ་དུ་སྲོག་ཆགས་དུད་འགྲོ་རྣམས་དང་ལྷན་དུ་འཚོ་བའི་རྣམ་པ་ལས་རིམ་བཞིན་འདས་ཏེ། ཐབས་ཤེས་དང་དཔའ་སྤོབས། སྟོབས་ཤུགས་དང་ནུས་པ་ལྡན་པའི་མཐོ་རིམ་སྲོག་ཆགས་ཤིག་ཏུ་གྱུར་པའི་འགོ་ཚུགས། དེ་དང་མཉམ་དུ་ནང་གི་སེམས་པ་ལ་ཡང་འདོད་ཆགས། ཞེ་སྡང་། ང་རྒྱལ། ཕྲག་དོག འགྲན་སེམས་སོགས་སེམས་མི་དགེ་བའི་བློ་ཡི་རྟོག་པ་རྣམས་སྔར་ལས་བརྒྱ་འགྱུར་གྱིས་སྡུག་ཏུ་གྱུར་པར་མ་ཟད། དེ་དང་མཚུངས་པར་ལུས་ཀྱི་ནུས་ཤུགས། སེམས་ཀྱི་ཐབས་བཀོད། རྐང་ལག་གི་འགུལ་སྐྱོད་རྣམས་ཀྱང་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པ་དང་། ནུས་པ་གོང་དུ་ཕྱིན། དེའི་ཕྱིར་གནའ་དུས་སུ་གཅན་གཟན་རི་དྭགས་ཚོགས་ལ་འཇིགས་པའི་ཉམ་ཆུང་གི་མི་རིགས་དེ་ཉིད། དུས་དེ་ནས་བཟུང་ཤ་ཟན་སྲོག་ཆགས་ཀྱི་རྒྱལ་པོའམ་བློ་གྲོས་དང་ཐབས་མཁས་ཅན་གྱི་མཐོ་རིམ་སེམས་ཅན་དུ་གྱུར་པས། འཚོ་བ་དང་སེམས་ཁམས་ལ་སྔར་ལས་ལྷག་པའི་ཧམ་སེམས་དང་། ང་རྒྱལ། ཁེངས་དྲེགས། སྡུག་རྩུབ་སོགས་ཀྱིས་རྙོག་འཛིང་ཆེ་རུ་གྱུར་པའོ།།
གསུམ་པ་ཟངས་ལྕགས་ཀྱི་དུས་རབས་དང་སེམས་ཁམས།
དེ་ནས་མི་རྣམས་རྡོ་ཆས་དང་རྫ་ཆས་ཡུན་རིང་སྤྱད་རྗེས། སྤྱི་ལོའི་སྔོན་གྱི་ལོ་ ༣༠༠༠ ནས་བཟུང་། ཟངས་ཆས་ཀྱི་དུས་རབས་སུ་སླེབས་ཏེ། མི་རྣམས་ཀྱི་རང་བྱུང་ཟངས་ལས་གྲུབ་པའི་བཟོ་རྩལ་གོང་འཕེལ་དུ་བྱུང་བ་དང་། ཟངས་རྡོ་བཞུ་སྦྱོང་གི་ལག་རྩལ་ཚད་མཐོར་ཕྱིན་ནས། ཟངས་སྣོད། ཟངས་ཕུར། ཟངས་རྐོང་། ཟངས་ང་། ཟངས་དེམ། ཆུ་ཟངས། ཟངས་གཞོང་། ཟངས་སྐྱོགས། ཟངས་ཟོ་སོགས་ཟངས་ཀྱི་འཚོ་བའི་ཡོ་བྱད་སྣ་ཚོགས་དར་རྒྱས་སུ་ཕྱིན། དེ་ལྟར་ཟངས་རྡོ་བཞུ་སྦྱོང་གི་ལག་རྩལ་གོང་འཕེལ་ཕྱིན་པ་དང་འབྲེལ་ལི་དང་ལྕགས་སོགས་ཀྱི་བཟོ་སྐྲུན་གསར་དུ་ཤེས་ནས། ལི་ཡི་ལག་ཆ་དང་ལྕགས་ཀྱི་བཟོ་ལས་གསར་དུ་དར་བས་ལི་དང་ལྕགས་ཆས་ཀྱི་དུས་རབས་སུ་སླེབས་ལ། མི་རྣམས་ཀྱིས་ཁྱིམ་ཆས་དང་ཉེར་སྤྱོད། སྣོད་ཆས། ཐབ་ཆས། རྒྱན་ཆ་སོགས་ཟངས་དང་ལྕགས་ལི་སོགས་ཀྱིས་མང་དུ་བཟོས་པ་དང་། དེ་དག་གི་བཟོ་སྐྲུན་ལག་རྩལ་གྱི་འཕེལ་རྒྱས་གོང་འཕེལ་རྒྱ་ཆེར་ཕྱིན། དེ་ནས་བཟུང་འགྲོ་བ་མི་རྣམས་ཀྱི་ཐུན་མིན་ལག་རྩལ་དང་གསར་གཏོད་ཀྱི་འདུ་ཤེས་ཚད་མྱུར་དུ་ཕྱིན་པས། ཤིང་བཟོ། ཚེམ་བཟོ། རྡོ་བཟོ། རྫ་བཟོ། ལྕགས་བཟོ། ལྷ་བཟོ་སོགས་སྔར་ལས་ལྷག་པའི་མཛེས་ཆ་དང་སྤུས་ཚད་མཐོ་རུ་ཕྱིན། འཛམ་གླིང་ཤར་ནུབ་ཀྱི་འབྲོག་པའི་མི་རིགས་རྣམས་ཀྱི་སྦྲ་གུར། འཁེལ་འཐག སྒ་སྲབ། གོ་མཚོན་སོགས་ཀྱི་བཟོ་ལས་དང་། ཞིང་པའི་ཞིང་ལས་ཀྱི་ཡོ་བྱད་སྣ་ཚོགས་རིམ་པར་དར། དེ་ལྟར་མི་རིགས་ལག་རྩལ་དང་གསར་གཏོད་ཀྱི་འདུ་ཤེས་གོང་འཕེལ་ཕྱིན་པ་དང་འབྲེལ་ནས་ནང་སེམས་ཀྱི་རྙོག་འཛིང་དང་རེ་དོགས། དགོས་སྣང་། དྲན་འཁྲུལ་གྱི་རྟོག་འགྱུ་སོགས་ལོ་ཟླའི་བསྐལ་པའི་འཕེལ་རིམ་དང་འབྲེལ་ནས་ཇེ་མང་ནས་ཇེ་མང་དུ་གྱུར་པ་དང་། སེམས་ཀྱི་རྣམ་རྟོག་གི་འཆར་སྒོ་དེ་ཡང་རིམ་བཞིན་གོང་འཕེལ་དུ་གྱུར་ནས་འདུ་འཛི་དང་འུར་ཟིང་ལྡན་པའི་སྤྱི་ཚོགས་ཀྱི་འཚོ་གནས་ཤིག་ཏུ་གྱུར་པ་དང་། མི་ཡི་ཀླད་པའི་རྒྱ་ཁྱོན་དང་ཤེས་ཚད་ཀྱི་རིམ་པ་མཐོ་རུ་ཕྱིན་པས་དེ་དང་ལྷན་དུ་ཕྱི་སྤྱི་ཚོགས་ཀྱི་འགྱུར་བ་དེ་ཡང་མངོན་གསལ་དོད་པོའི་ངང་རིམ་འགྱུར་བྱུང་བས། དལ་གྱིས་བསམ་གཞིག་རེ་བྱས་ན་སེམས་ཀྱི་ནུས་པ་ལ་བརྟེན་ནས་སྤྱི་ཚོགས་འགྱུར་བ་འགྲོ་བ། སྣོད་བཅུད་ཉམས་རྒུད་ཕྱིན་པ། ཞི་བདེ་དང་བདེ་སྐྱིད་མིན་པའི་སྣང་བ་ཚང་མ་སེམས་ལ་བརྟེན་ནས་འབྱུང་བཞིན་ཡོད་པ་དུས་རིམ་འདི་དག་དང་འབྲེལ་ནས་དཔྱད་ན་ཤེས་པར་ནུས་སོ།།
བཞི་པ་འཕྲུལ་ཆས་ཀྱི་དུས་རབས་དང་སེམས་ཁམས།
དུས་རབས་བཅོ་བརྒྱད་པ་ནས་འགོ་བཟུང་སྟེ། འཛམ་གླིང་ཚན་རིག་ལག་རྩལ་སྔར་ལས་ལྡབ་འགྱུར་གྱིས་འཕེལ་འགྱུར་སོང་བས། གནའ་ཞིག་གདོད་མའི་ནགས་ཀླུང་དང་། ཆུ་འགྲམ། རི་བྲག་སོགས་ལ་འཚོ་བ་རོལ་བའི་ཉམ་ཆུང་གི་སྲོག་ཆགས་ཤིག ཟས་སུ་ཤིང་འབྲས་དང་གོས་སུ་ཤིང་ལོ་གྱོན་པའི་གདོད་མའི་མི་རབས་ཤིག མི་ཚེ་རི་ལུང་ཐང་གསུམ་ནས་འདས་པའི་འགྲེང་མི་ཉམ་ཆུང་ཞིག སྟག་གཟིག་དོམ་དྲེད་ལ་འཇིགས་པའི་གདོད་མའི་མི་ཚོགས་ཤིག རྩྭ་དང་རྡོ་ལེབ་ཀྱི་གནས་མལ་དུ་ཉལ་བའི་རི་དྭགས་མི་རིགས་ཤིག་ད་ནི་སྔོན་གྱི་འཚོ་གནས་ལས་བརྒལ་ཏེ། ཡ་གླིང་། ཡོ་རོབ་གླིང་སོགས་འཛམ་གླིང་གི་གླིང་ཆེན་སོ་སོ་ལ་རྒྱུ་བཞིན། སའི་གོ་ལའི་སྐམ་མཚོ་གཉིས་སུ་འགྲིམ་འགྲུལ་གྱི་ལམ་བུ་བསྐྲུན་པ་དང་། བཟང་ཕྱོགས་ནས་གླེངས་ན་འགྲོ་བ་མི་ནི་ས་ཆེན་འདིར་འཚོ་བའི་སྲོག་ཆགས་ཀུན་ལས་ཁྱད་འཕགས་མཐོ་རིམ་སྲོག་ཆགས་སུ་གྱུར་ལ། ངན་ས་ནས་བཤད་ན་མཐའ་བཞི་རྒྱ་མཚོའི་ནང་ཁྲག་གིས་འཁོར་ལོ་སྐོར་མཁན། རང་བྱུང་ནགས་ཚལ་གྱི་རྩ་བ་གཅོད་འབྲེག་ལས་ལ་འཇུག་མཁན། ཤ་ཟ་ཁྲག་འཐུང་ཧམ་སེམས་ཅན་གྱི་སྲོག་ཆགས་འཇིགས་སུ་རུང་བའི་ཁྱུ་ཚོགས་ཤིག་ཏུ་གྱུར་པས། གདོད་མའི་མི་རབས་ཉམ་ཆུང་དེ་དག་ལས་རྩ་བ་རྒྱས་པའི་སྡོང་པོ་བཞིན་ད་ནི་རི་ལུང་ཆུང་ཆུང་ཞིག་ཏུ་འཚོ་སྡོད་ཙམ་མིན་པར། ས་ཆེན་འདི་ལས་བརྒལ་ཏེ་རྒྱང་རིང་གི་ཟླ་བའི་གོ་ལ་དང་། མིག་དམར། སྐར་ཚོགས་རྣམས་སུ་ཆས་བཞིན། འཛམ་གླིང་ཤར་ནུབ་ཏུ་བགྲོད་པའི་མེ་འཁོར་དང་རླངས་འཁོར། གནམ་གྲུ་སོགས་གསར་བཟོ་བྱས་པ། སའི་གོ་ལའི་ཟངས་ལྕགས་གསེར་གསུམ་སོགས་སྔོག་འདོན་བྱེད་པའི་འདེགས་འཁོར། རྐོ་འཁོར། ལྡུག་འཁོར་སོགས་རང་བྱུང་ཁམས་ལ་གཏོར་བཅོམ་བྱེད་པའི་འཕྲུལ་རིགས་གསར་བཟོ་བྱེད་པ་སོགས། མདོར་ན་སེམས་ཀྱི་དྲན་རྟོག་དང་ལག་རྩལ་གྱི་ནུས་པ་ཤུགས་ཆེར་ཕྱིན་པས། སའི་གོ་ལའི་སྐྱེ་ཁམས་དང་སེམས་ཅན་ཡོངས་རྫོགས་ལ་འགྲོ་བ་མི་ཡིས་དབང་སྒྱུར་བྱས་ནས། ཉེས་མེད་ཉམ་ཆུང་དུད་འགྲོ་རྣམས་ཀྱི་ཚེ་སྲོག་ལ་རྩེད་ཆས་དང་། སའི་གོ་ལའི་རང་བྱུང་སྐྱེ་ཁམས་ལ་གཏོར་བཅོམ། རྩི་ཤིང་དང་ནགས་ཚལ། མེ་ཏོག་དང་རྩྭ་ཐང་། ཆུ་བོ་དང་རྒྱ་མཚོ། མདོར་ན་ཡོད་ཚད་ལོ་རེ་བཞིན་ཇེ་ཉུང་དང་ཇེ་སྐམ་དུ་འགྲོ་བཞིན་པའི་སྣང་ཚུལ་འདི་ཉིད་གདོད་མའི་མི་རབས་ཀྱི་ཁྲག་རྩ་དྲག་ཏུ་རྒྱས་པའི་མཇུག་འབྲས་ཤིག་དང་། ཡ་ཐོག་བསྐལ་པའི་འཕེལ་རིམ་སྡུག་ཏུ་ཕྱིན་པའི་སྣང་ཚུལ་ཞིག་ལས་བྱུང་ལ། མི་ཡི་བསམ་སྤྱོད་དང་འདུ་ཤེས། ཧམ་སེམས། འདོད་རྔམ། གཡོ་འཁྲུལ། སྒེར་སེམས་སོགས་སེམས་ཀྱི་འདུ་ཤེས་ལོག་པར་ཞུགས་པའི་སྟོབས་ཀྱིས་སའི་གོ་ལའི་སྐྱེ་ཁམས་ཀྱི་ཕྱེད་གཉིས་ཙམ་མེད་པར་གྱུར་ཡོད། དེ་ནི་དུས་རབས་ཀྱི་འགྱུར་ལྡོག་དང་འབྲེལ་སེམས་ཀྱི་འགྱུར་བ་ཞིག་གིས་བཟོས་པར་སེམས་སོ།།
ལྔ་པ་བརྡ་འཕྲིན་གྱི་དུས་རབས་དང་སེམས་ཁམས།
བརྡ་འཕྲིན་གྱི་དུས་རབས་ནི། སྤྱི་ལོ་ ༡༩༤༡ ལོ་ནས་བཟུང་ད་ལྟའི་བར་ཏེ། མི་རྣམས་ཀྱི་ཀླད་པ་དང་ཚན་རིག་གི་འཕེལ་རིམ་གོང་འཕེལ་ཕྱིན་ནས། འཕྲུལ་ཆས་ཀྱི་དུས་རབས་ལས་བརྡ་འཕྲིན་གྱི་དུས་རབས་སུ་སླེབས་པས། འཛམ་གླིང་ཤར་ནུབ་ཀུན་ཏུ་གནམ་གྱི་འཁོར་སྐར་ལ་བརྟེན་ནས་བརྡ་འཕྲིན་གཏོང་ལེན་བྱེད་པ་དང་། ཁ་པར། རྩིས་འཕྲུལ། གློག་བརྙན། དྲ་བ་སོགས་གློག་གི་རླབས་དང་འོད་ཀྱི་བརྡ་ལ་བརྟེན་ནས་མི་དང་མི་ཡི་བར། རྒྱལ་ཁབ་དང་ཞིང་ཆེན། གྲོང་དང་གྲོང་ཁྱེར་རྣམས་སུ་འཚོ་ཆས་དང་དགོས་མཁོ་བརྡ་འཕྲིན་སོགས་མགྱོགས་མྱུར་སྐྱེལ་འདྲེན་བྱེད་ཐུབ་པ་དང་། དེ་བཞིན་འཕྲུལ་རིགས་འདྲ་མིན་སྣ་ཚོགས་རྒྱང་འཛིན་དང་གསང་ཨང་ལ་བརྟེན་ནས་བཀོལ་སྤྱོད་ནུས་པ། ཆེས་མཐོའི་འཇིག་རྟེན་གྱི་སྐར་ཚོགས་དང་། དམའ་མོའི་རྒྱ་མཚོ་ཡི་ཡང་སྙིང་། ས་ཡི་མཐོ་ཚད་དང་རི་ཡི་མཐོ་དམན་སོགས་འཇལ་བྱེད་ཀྱི་ཚད་འཕྲུལ་གལ་ཆེན་བྱུང་བ། མདོར་ན་འཛམ་གླིང་ལག་མཐིལ་དང་ཚེ་སྲོག་སྐུད་ལམ་ལ་གནས་པའི་དུས་སུ་གྱུར་ནས། སྐད་ཅིག་ཅིག་གི་ཡུན་ཙམ་ལ་ལེ་དབར་ཁྲི་ཚོ་དུ་མ་བརླག་པའི་རྡུལ་ཕྲན་མཚོན་ཆ་དང་། འབར་རྫས་ཆེན་མོ། མེ་ཤུགས་འཕུར་མདའ་སོགས་འཛམ་གླིང་གི་འགྲོ་བ་སྤྱི་ལ་གནོད་པའི་འཕྲུལ་ཆས་གྲངས་མེད་དར་རྒྱས་སུ་བཏང་བ་བཅས། སའི་གོ་ལའི་ཚེ་སྲོག་གི་དབུགས་རྒྱུན་ཆད་ལ་ཉེ་བ་དང་། མི་རིགས་དང་སྲོག་ཆགས་བདེ་འཇགས་ཀྱི་འོད་སྣང་ནུབ་ལ་ཉེ་བའི་དུས་སུ་ཁེལ་ཡོད། དེ་ལྟར་བསྐལ་པ་ནས་བསྐལ་པ་དང་། དུས་རབས་ནས་དུས་རབས། ལོ་རབས་ནས་ལོ་རབས་བརྒྱུད་པའི་འཕེལ་འགྱུར་ཁྲོད་མི་ཡི་འཚོ་གནས་དང་ལག་ཤེས་རིམ་འགྱུར་སོང་བ་དང་མཉམ། མིའི་སེམས་ཀྱི་འགྱུར་བ་དེ་ཡང་ཉོན་མོངས་མངོན་གྱུར་དང་། མི་དགེ་བའི་སེམས། སྡུག་བསྔལ་དང་རེ་དོགས། འགྲན་སེམས་དང་ཕྲག་དོག མདོར་ན་ཆོག་ཤེས་མེད་པའི་སེམས་ཀྱི་རྙོག་འཛིང་ཇེ་མང་ནས་ཇེ་མང་དུ་གྱུར་ནས་ཕྱི་ཡི་འཇིག་རྟེན་དང་ནང་གི་སེམས་ཁམས་ཐམས་ཅད་གད་སྙིགས་ཀྱིས་ཁྱབ་པས། དུས་ཀྱི་འཕེལ་འགྱུར་དང་འགྲོགས་པའི་སེམས་ཀྱི་འགྱུར་ལྡོག་སྣ་ཚོགས་ཤེས་ནུས་པའོ།།
སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༠༥ པའི་ཚེས་ ༠༣ ཉིན།