«ཁྱོད་ཀྱིས་དུས་ཚོད་ཆུད་ཟོས་སུ་མ་བཏང་སྔོན་ལ། ལན་གཅིག་གཟིགས་རོགས།»
བཀྲ་ཤིས་དོན་གྲུབ། འཛིན་རིམ་གསུམ་པ།
མི་ཚེའི་ནང་ང་ཚོས་ནོར་འཁྲུལ་ཆེ་ཤོས་གང་བྱེད་དམ། དེའི་ལན་དུ་ནོར་འཁྲུལ་ཆེ་ཤོས་ནི་རང་ཉིད་ཀྱི་བསམ་པ་ལ། ང་ལ་དུས་ཚོད་ཅིག་ཡོད་བསམ་པ་དེ་ཡིན། དུས་ཚོད་ནི་རིན་མེད་ཡིན་ཡང་། རིན་ཐང་དང་བྲལ་བ་ཞིག་རེད། ཁྱོད་ཀྱིས་འདི་བདག་ཏུ་གཟུང་རྒྱུ་མེད་ཀྱང་། ལོངས་སུ་སྤྱོད་ནུས། ཉར་རྒྱུ་མེད་ཀྱང་འགྲོ་གྲོན་གཏོང་ནུས། ལན་གཅིག་འདི་མེད་པར་གྱུར་ན། ནམ་ཡང་ཕྱིར་ལོག་ཐབས་མེད། སྤྱིར་བཏང་མི་ནི་ལོ་བདུན་ཅུ་ཡས་མས་ཙམ་འཚོ་བཞིན་ཡོད། དེའི་ནང་ང་ཚོས་ལོ་ ༢༨.༣ རིང་གཉིད་ཀྱི་ལམ་དུ་གཏོང་བཞིན་ཡོད། འདིའི་བརྒྱ་ཆ་ ༣༠ ཙམ་ནི་གཉིད་བདེ་པོ་ཞིག་ཁུག་ན་བསམ་པའི་འབད་བརྩོན་ངང་དུ་འདས། ལོ་ ༡༠.༥ རིང་ལས་ཀ་བྱ་རྒྱུར་བེད་སྤྱོད་བྱེད་པ་དང་། འདིའི་ནང་གི་བརྒྱ་ཆ་ ༥༠ ལྷག་གནས་སྐབས་ཀྱི་བྱ་བས་རྫོགས། དུས་ཚོད་ནི་དངུལ་ལས་རིན་ཐང་ཆེ་བ་ཞིག་ཡིན། ཁྱོད་ཀྱིས་དངུལ་ནི་འདི་ལས་ལྷག་ཙམ་སྒྲུབ་ནུས་ཀྱང་། དུས་ཚོད་ནི་ནམ་ཡང་དེ་ལྟར་མིན། ལོ་ ༩ ཙམ་གློག་བརྙན་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་འདས་པ་དང་། ལོ་ ༦ རིང་ཞོར་ལས་ཀྱིས་འདས། ལོ་ ༤ ཙམ་བཟའ་རྒྱུ་དང་བཏུང་རྒྱུའི་ངང་དུ་འདས། ལོ་ ༣.༥ ཡི་རིང་སློབ་སྦྱོང་གིས་འདས། ལོ་ ༢.༥ རྒྱན་གོས་སོགས་ཀྱི་འབད་བརྩོན་ངང་དུ་འདས། ལོ་ ༢.༥ ཡི་རིང་ཉོ་ཆ་རྒྱག་པར་འདས། ལོ་ ༡.༥ ཕྲུ་གུ་ལྟ་སྐྱོང་གིས་འདས། ལོ་ ༡.༥ རིང་ཉིན་ལྟར་འགྲོ་འོང་གིས་འདས། ལྷག་འཕྲོར་ང་ཚོའི་རྒྱུད་ལ་ལོ་ ༩ ཙམ་ཡོད་པ་དེ་སོ་སོས་བེད་སྤྱོད་ཇི་ལྟ་བུ་གཏོང་དགོས་སམ། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་དང་ཁ་པར་བཟོ་མཁན་གྲགས་ཅན་པས་འདི་ལྟར། “ང་ཚོའི་རྒྱུད་ལ་ཚད་གཞི་ཅན་གྱི་དུས་ཚོད་ཅིག་ཡོད་པས། འདི་ཆུད་ཟོས་སུ་མ་བཏང་བར་རེ་ཞིག་མི་ཚེའི་དོན་དུ་འཚོ་དགོས།” ཞེས་བརྗོད། དེའི་ནང་དོན་ལ་གཏམ་བཟང་ངན་གཉིས་ཡོད། གཏམ་ངན་ནི། དུས་ཚོད་དེ་མཁའ་ལྡིང་ལྟ་བུ་དང་། གཏམ་བཟང་ནི། རང་ཉིད་ཁ་ལོ་བ་ལྟ་བུ་ཡིན། ཁྱོད་ཀྱིས་ཚོད་དཔག་བྱོས་དང་།
གལ་སྲིད་ཉིན་ལྟར་ཁྱོད་ཡར་ལངས་པ་དང་ལྷན་དུ་དངུལ་དེབ་ནང་ཨ་སྒོར་ ༨༦༤༠༠ གསོག་འཇོག་བྱས་ན། ཁྱོད་ཀྱིས་འདི་དག་ལོངས་སུ་སྤྱད་ཀྱང་རུང་། མ་སྤྱད་ཀྱང་རུང་འདིའི་མཚན་མོ་འདས་ལ་ཉེ་བ་ན་ཐམས་ཅད་མེད་པར་གྱུར། ཕྱི་ཉིན་ཡང་བསྐྱར་ཁྱོད་ཀྱིས་དངུལ་དེབ་ནང་ཨ་སྒོར་ ༨༦༤༠༠ གསོག་འཇོག་བྱས་ན། ཁྱོད་ཀྱིས་དེ་དག་ཅི་བྱེད་དམ། ཉིན་ལྟར་སྐར་ཆ་ ༨༦༤༠༠ ང་ཚོའི་མི་ཚེ་རྩིས་དེབ་ནང་གསོག་འཇོག་བྱེད་ཀྱི་ཡོད་པས། སྐར་ཆ་དེ་དག་བེད་སྤྱོད་ཚར་རྗེས་ཡང་བསྐྱར་སྐར་ཆ་གསར་པ་ ༨༦༤༠༠ འཐོབ་ངེས་རེད། ང་ཚོས་སྐར་ཆ་འདི་དག་དངུལ་ཡིན་ན་འཕྲོ་བརླག་གཏོང་གི་ཡོད་ཀྱི་མ་རེད། འོན་ཀྱང་འདི་དག་དུས་ཚོད་ཡིན་པས་ང་ཚོས་ཅིའི་ཕྱིར་འཕྲོ་བརླག་གཏོང་ནུས་སམ། སྐར་ཆ་དེ་དག་ནི་དངུལ་ལས་ལྷག་པའི་སྟོབས་ཤུགས་ཆེ་བ་ཞིག་ཡིན། རྒྱུ་མཚན་ནི་ཁྱོད་ཀྱིས་དངུལ་ག་ཚོད་ཡིན་ཡང་གསོག་ནུས་ལ། དུས་ཚོད་ནི་དེ་ལྟར་མི་ནུས་སོ།།
གལ་སྲིད་ཁྱོད་ཀྱིས་ལོ་གཅིག་གི་རིན་ཐང་ཤེས་འདོད་ན། གྲུབ་འབྲས་ཨང་ཚད་མ་ལོན་པའི་སློབ་ཕྲུག་ཅིག་ལ་དྲིས་ན་ཆོག ཟླ་བ་གཅིག་གི་རིན་ཐང་ཤེས་འདོད་ན། མངལ་དུ་ཡོད་པའི་ཕྲུ་གུ་ཟླ་བ་མཐའ་མར་འདས་གྲོངས་སོང་བའི་ཨ་མ་ཞིག་ལ་དྲིས་ན་ཆོག བདུན་ཕྲག་གཅིག་གི་རིན་ཐང་ཤེས་འདོད་ན། དྲ་རྒྱའི་བརྙན་དེབ་རྩོམ་སྒྲིག་པ་ཞིག་ལ་དྲིས་ན་ཆོག ཆུ་ཚོད་གཅིག་གི་རིན་ཐང་ཤེས་འདོད་ན། རྒྱང་རིང་གི་འབྲེལ་ལམ་དུ་ཡོད་པའི་བཟའ་ཚང་ཞིག་ལ་དྲིས་ན་ཆོག སྐར་མ་གཅིག་གི་རིན་ཐང་ཤེས་འདོད་ན། འགྲུལ་བཞུད་པ་ཞིག་གི་གནམ་གྲུའམ་མེ་འཁོར་རམ་རླངས་འཁོར་རྗེས་ལུས་ཐེབས་པ་ཞིག་ལ་དྲིས་ན་ཆོག སྐར་ཆ་གཅིག་གི་རིན་ཐང་ཤེས་འདོད་ན། མིག་རྡེབ་ཙམ་བྱེད་ཞོར་དུ་བརྡབ་སྐྱོན་བྱུང་བ་དག་ལ་དྲིས་ན་ཆོག ང་ཚོའི་བསམ་པར་མི་གཞན་གྱིས་ང་ཚོའི་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད་དྲན་ཡང་། འཕྲོ་བརླག་གཏོང་བར་གནང་བ་སྤྲོད་མཁན་རང་ཉིད་ཡིན་པ་སུ་ཡིས་ཤེས། དོན་དངོས་ཐོག་འདི་ལྟ་བུའི་གང་ཟག་གཉིས་ང་ཚོའི་རྒྱུད་ལ་ཡོད། སོ་སོའི་སྒེར་དོན་དུ་རང་མོས་ཅན་གྱི་མི་འདི་དག་ལ་གལ་གནད་ཆེ་བ་ཞིག་རྩི་མི་ཉན། ང་ཚོ་མི་མང་ཆེ་བས་རང་ཉིད་ལ་དྲིན་ཆེ་བའི་མི་དེ་དག་མེད་པར་གྱུར་པ་ནི། ང་ཚོས་ཁོང་ཚོའི་དུས་ཚོད་ལ་མཐོང་ཆུང་བཏང་བའི་རྒྱུ་མཚན་རེད། ང་ཚོ་ཁ་ཤས་ཤིག་གིས་རང་ཉིད་ལ་དྲིན་པོ་ཆེ་བའི་མི་རྣམས་མེད་པར་གྱུར་པའི་རྗེས་སུ་དྲིན་ཆེན་པོ་ཡིན་པ་གཞི་ནས་རྟོགས།
ང་ཚོ་ཚང་མའི་རྒྱུད་ལ་སྒྲ་སྐད་གཉིས་ཡོད་དེ། གཅིག་ནི། ང་ཚོ་ཡར་རྒྱས་གཏོང་བ། ཆེ་རུ་གཏོང་བ། འཕེལ་བར་འདོད་པ་དེ་ཡིན། གཉིས་པ་ནི། ང་ཚོ་ཕྱིར་འཐེན་བྱས་པ་དང་། ལེ་ལོ་ཅན་དང་། ཡིད་ཚིམས་པར་འདོད་པ་དང་། ང་ཚོར་མངོན་དུ་འགྱུར་བ་ལ་དམ་བསྒྲགས་བྱེད་པར་འདོོད། རྒྱུན་དུ་ང་ཚོ་ཡར་ལངས་ནས་མར་མ་ཉལ་བར་དུ། སྒྲ་སྐད་འདི་གཉིས་འཐབ་འཛིང་བྱེད་བཞིན་ཡོད། ཁྱོད་ཀྱིས་ཚོད་དཔག་བྱས་ན་སྐད་སྒྲ་འདི་གཉིས་ལས་གང་ཞིག་རྒྱལ་ལམ། རྒྱལ་མཁན་ནི་ང་ཚོས་མང་ཤོས་སྙམ་འཇོག་བྱེད་པ་དང་། ང་ཚོ་ཡིད་ཚིམས་པར་བྱེད་པ་དང་། ང་ཚོ་ཇེ་ཆེར་སྤེལ་བར་བྱེད་པ་དེ་ཡིན། དུས་ཚོད་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་སོ་སོའི་འདོད་པ་ཡིན། མི་ཚེ་དང་དུས་ཚོད་ནི་དགེ་རྒན་ཡག་ཤོས་ཤིག་ཡིན། མི་ཚེས་ང་ཚོར་དུས་ཚོད་བེད་སྤྱོད་ཡག་པོ་ཞིག་གཏོང་སྟངས་སློབ་པ་དང་། དུས་ཚོད་ཀྱིས་མི་ཚེའི་རིན་ཐང་ཇི་ལྟ་བུ་ཡིན་མིན་སློབ་ཁྲིད་བྱེད།
དེ་ཡང་། རྩོམ་པ་པོ་གྲགས་ཅན་ཝིལ་ལེའེམ་ཤེཀ་སི་པིའེར་ (WILLIAM SHAKESPEARE) གྱིས། “དུས་ཚོད་ནི། དགོས་འདོད་ཅན་ལ་ཤིན་ཏུ་དལ། །འཇིགས་སྐྲག་ཅན་ལ་ཤིན་ཏུ་མྱུར། །སྐྱོ་གདུང་ཅན་ལ་ཤིན་ཏུ་རིང་། །དུས་སྟོན་ཅན་ལ་ཤིན་ཏུ་ཐུང་། །བརྩེ་བ་ཅན་ལ་རྒྱུན་ཆད་མེད།།”ཅེས་བརྗོད་ཡོད།
བསྒྱུར་གཞི། འཇེ་ཤེཊ་ཊི་ (Jay Shetty) ཡི་དྲ་ལམ་ནང་གི་བརྙན་ཐུང་ཞིག་ལས་བསྒྱུར།