ལོ་རིམ་བརྒྱད་པའི་སློབ་གཉེར་བ། པདྨ་ཆོས་དར།
དེ་ཡང་འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ཡོངས་ནས་དྲན་གསོ་རེ་བྱས་ཚེ། ང་ཚོའི་འཇིག་རྟེན་འདིར་ཁ་ཆག་སྣ་རལ་གྱི་ཁོར་ཡུག་གཏོར་བཤིག་དང་མི་གསོད་ཁྲག་སྦྱོར་གྱི་དབྱེ་འབྱེད་དེ་དག་ནི་ངན་བསྐུལ་དཀྲུག་ཤིང་གི་སྤྱོད་ལམ་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད་འདུག དཔེར་ན་སྔོན་ཆད་འཚོ་བའི་ཟས་གོས་ངན་ངོན་ཙམ་གྱི་སྐབས་སུ་བཀྲེས་སྐོམ་གྱི་གདུང་བ་སེལ་བའི་དོན་དུ་མི་རྣམས་ཕན་ཚུན་ཟས་གོས་ཀྱི་ཆེད་འཐབ་ཀྲོལ་སྣ་ཚོགས་བྱས། དེ་ནས་ཕྱིས་སུ་འཚོ་བའི་ཡོ་བྱད་སོགས་ཡར་རྒྱས་ཧ་ཅང་ཕྱིན་ཀྱང་མིའི་འདོད་རྔམ་ལ་ཚིམ་པ་མེད་ཟེར་བ་ལྟར་འཛམ་གླིང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་གྱི་ཐོབ་དང་གོ་སའི་དོན་དུ་འཛམ་གླིང་དམག་འཁྲུག་དང་པོ་དང་། གཉིས་པ་སོགས་བྱུང་ནས་མུ་མེད་མཐའ་ཡས་རྒྱ་མཚོ་ལས་ཁྲག་གི་རྦ་རླབས་འཕྱུར་སོང་ཞེས་པ་དེ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཆོག་པར་སྣང་ངོ་།།
དེ་ལྟར་བྱས་པའི་ལོ་ངོ་འདི་དག་ལ་གཞིགས་ན་ང་ཚོའི་མི་རབས་ཐོག་མའི་ཀུན་སྤྱོད་ཀྱི་མཇུག་འབྲས་ལ་ཕྱིར་ལྟ་ཞིག་མི་བྱེད་ཐབས་མེད་མ་རེད་དམ། ད་ལྟ་ང་ཚོའི་གཞོན་སྐྱེས་རྣམས་ཀྱིས་འདས་མ་ད་གསུམ་གྱི་བྱེད་ལུགས་བྱེད་སྟངས་ལ་ཁོག་རྩིས་ཤིག་བརྒྱབས་ན་ཐོག་མར་ཟས་གོས་གནས་མལ་གྱི་ཆེད་དུ་འཐབ་འཛིང་སྣ་ཚོགས་བྱས། བར་དུ་སྔོན་ཐོན་ལ་རེ་ནས་ཐོབ་དང་གོ་སའི་ཆེད་དུ་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར། ད་སྐབས་ནི་ཤེས་ཡོན་ཞེས་པའི་སླད་དུ་འགྲན་རྩོད་ཀྱི་གླིང་ན་ཀུན་པོ་མི་ཁོམ་པར་བྲེལ་འཚུབ་ཀྱི་ངང་ནས་འདུར་རྒྱུགས་བྱེད་བཞིན་པའི་སྒང་རེད། དེས་ན་ང་ཚོ་མི་དང་སྲོག་ཆགས་སེམས་ཅན་སུ་ཞིག་ཡིན་རུང་འདོད་པ་ནི་བདེ་བ་དང་མི་འདོད་པ་སྡུག་བསྔལ་ཡིན་པས། བདག་ཅག་གིས་ཅི་ནུས་ཀྱིས་དམ་པའི་ཆོས་གཞུང་ནང་དུ་གཞན་གནོད་གཞི་བཅས་སྤོང་བ་དང་། གཞན་ཕན་གཞི་བཅས་སྒྲུབ་པ་ཞེས་རྗོད་བཞིན་པའི་བསླབ་ཚིག་འདི་གཉིས་ནི་དེང་དུས་མི་ཆོས་རིང་ལུགས་གཙིགས་སུ་འཛིན་པའི་དུས་རབས་གསར་པའི་གཞོན་སྐྱེས་རྣམས་ལ་མི་གཞིའི་སྙིང་སྟོབས་དང་ཀུན་སྤྱོད་ལེགས་པར་སྐྲུན་པའི་མཐུན་རྐྱེན་མེད་དུ་མི་རུང་བར་སེམས་ཏེ།
དེ་བཞིན་གནའ་དེང་གི་ཤེས་རིག་གང་ཡིན་ཡང་ལེགས་པའི་ཆ་ནི་ཤེས་ཡོན་ཡིན་པས་ཤེས་ཡོན་དེ་ཤེས་ཡོན་གྱི་ཁོངས་སུ་གཏོགས་དགོས་པས་ཐོག་མར་མི་བུ་སུ་ཞིག་ཡིན་རུང་ཤེས་ཡོན་ཅན་ཞིག་བྱེད་འདོད་ན་དང་ཐོག་རང་ཉིད་ལ་ལུས་ངག་གི་ཀུན་སྤྱོད་དེ་འཐུས་ཚང་དོ་ཁུར་ཅན་གྱི་རང་ཚུགས་བརྟན་པོ་ཞིག་དང་། ནང་བསམ་བློའི་འདུ་ཤེས་ལ་དྲང་བདེན་གྱི་རང་དབང་མི་གཞིའི་སྙིང་སྟོབས་ལྡན་པ་ཞིག་ཡིན་དགོས་པ་དེ་ནི། སྤྱིར་དེང་དུས་འཛམ་གླིང་མཁས་དབང་དག་གི་གསུང་དང་བསྟུན་ཏེ་འགྲོས་དང་མཐུན་པར་སྐད་ཆའི་རིགས་ལ་ལག་པ་བརྐྱངས་ནས་ཡར་འཐེན་པ་ཙམ་ལས་བདག་ལ་ཉམས་མྱོང་གསོན་པོ་ཞིག་གིས་ལམ་སྟོན་རྣལ་མ་ཞིག་བསྟན་རྒྱུ་མེད་ནའང་ང་ཚོ་བོད་གངས་ཅན་པ་རྣམས་ཀྱིས་ཀྱང་ཚོར་བ་སྐྱེན་པོ་ཞིག་གིས་བསམ་གཞིག་རྣལ་མ་རེ་གནང་དགོས་པར་སྣང་ངོ་།།
ཡང་རང་ཅག་ཁ་བ་བོད་པའི་བཤད་སྒྲོས་ཤིག་ལ་ང་ཚོ་ནི་གངས་རི་དང་། རྫ་རི། སྤང་རི། གཙང་ཆུ་སྔོན་མོའི་དཀྱིལ་དབུས་སུ་གནས་པའི་མི་རིགས་རྩེ་ཕུད་ཅིག་ཡིན་པར་འཁུམས་ཀྱང་དེ་ཙམ་གྱིས་འདོད་པ་ཁེངས་པའི་ཡིད་ཚིམ་རྒྱུ་ཞིག་མ་རེད། ཕྱིའི་ཁོར་ཡུག་དེ་སྟོད་གངས་རི་དཀར་པོ་སེང་གེ་འགྱིངས་པ། བར་རྫ་རི་སྨུག་པོ་གླང་ཆེན་ཉལ་འདྲ། སྨད་གཙང་ཆུ་སྔོན་མོ་གཡུ་འབྲུག་ལྟར་འཁྱུག་རུང་དེ་དག་གི་སྤང་གཤོངས་སུ་རྩི་ཤིང་ལོ་མའི་སྐྱེད་ཚལ་དང་། མེ་ཏོག་དྲི་བསུང་མཛེས་སྡུག་གི་རྒྱན་ཆ་རེ་མེད་ན། གངས་རི་དང་། རྫ་རི། ཆུ་བོ་སོགས་ནི་ཕྱིའི་བརྗིད་ཉམས་ཙམ་ལས་མི་རྣམས་ཀྱི་སེམས་ཁམས་ལ་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཀྱི་སྤྲོ་སྣང་ཞིག་སྐྲུན་ག་ལ་ཐུབ། དཔེར་ན་ནགས་ཚལ་སྟུག་པོའི་ཁྲོད་དུ་རྒྱུ་བའི་གཅན་གཟན་གཏུམ་པོ་སེང་གེ་ལྟ་བུ་ཞིག་གི་པགས་པའི་ནང་ལ་རྩྭ་དང་སོག་མ་བརྒྱངས་ཏེ་ཤིང་སྡོང་ཆེན་པོ་ཞིག་གི་ཡལ་གའི་སྟེང་དུ་སེང་གེའི་ཉལ་སྟངས་ལྟར་བྱས་ནས་བཀལ་ཡང་ཕྱི་སྣང་རྒྱང་རྫིག་ཙམ་ལས་ཉེ་བར་འཇིགས་ཤིང་རྔམ་པའི་གཟི་བརྗིད་ཅིག་ངོམ་མི་སྲིད་པ་ལྟར་རོ།།
དེ་བཞིན་དུ་རྒྱལ་ཁབ་གང་དང་། མི་རིགས་སུ་ཞིག་ཡིན་ཡང་ཕྱིའི་ཁོར་ཡུག་ལ་འཛུགས་སྐྲུན་དང་། ནང་དཔལ་འབྱོར་གྱི་མཐུན་རྐྱེན། དེང་ཚན་རིག་གི་ལག་རྩལ་ཇི་ལྟར་བདོ་ཡང་མི་གཤིས་ཀུན་སྤྱོད་ཀྱི་གཞི་རྩ་ཚུལ་མཐུན་རེ་མེད་ན་མི་ཚེ་དོན་དང་ལྡན་པའི་མཇུག་འབྲས་ལེགས་པོ་ཞིག་འཁྱོང་རྒྱུ་དཀའ་མོ་རེད།
དེས་ན་གོ་ལ་ཆེན་པོའི་རང་བྱུང་གི་ཁོར་ཡུག་འདིར་མཐོན་པོའི་མཁའ་དབྱིངས་སུ་འཕུར་ལྡིང་མི་བྱེད་པའི་གླག་རྒོད་ཅིག་དང་། དྭངས་གཙང་གི་ཆུ་ཀློང་ལ་འཁྱུག་རྩལ་མི་ངོམ་པའི་ཉ་མོ་ཞིག རང་དབང་བདེ་སྐྱིད་ཀྱི་ངང་ནས་འཚོ་བ་རོལ་བར་མི་སྤྲོ་བའི་མི་རིགས་ཤིག་སུ་ཡང་མེད་པར། རང་དབང་དང་ཐོབ་ཐང་བྲལ་བའི་མི་རིགས་དེ་ནི་ནང་བསམ་བློའི་ནུས་སྟོབས་ཀྱི་སྤོབས་པ་དང་། ཕྱི་ཁོར་ཡུག་དག་གཙང་གི་འཕེལ་རྒྱས་སོགས་མེད་པས་སྔོན་ཐོན་གྱི་རྒྱལ་ཁབ་དང་། མི་རབས་གསར་པའི་གྲལ་དུ་ཚུད་ཐབས་མེད་པར་རྗེས་ལུས་རང་བཞིན་དང་ལྷན་ཐབས་སུ་གནས་དགོས་རེད། དེས་ན་རང་ཅག་བོད་ཁ་བའི་བདག་པོ་རྣམས་ཀྱིས་ཀྱང་ལུས་སྟོབས་ཀྱི་སྒལ་ཚིགས་དྲང་པོར་བསྲངས་ཏེ། བསམ་གཞིག་གི་སྒམ་དཀྱིལ་ཡངས་པོར་ཕྱེ་ནས་ཕ་སྐད་གཙང་མའི་རྒྱུད་དྲུག་དཀྲོལ་བཞིན། རིག་གཞུང་རྣལ་མའི་དབུགས་རྒྱུན་སྲུང་ཞོར་སྔོན་ཐོན་གྱི་རྒྱལ་ཁབ་དང་། མི་རིགས་སོགས་ལ་མིག་ལྟོས་བྱེད་ཀྱིན་ལེགས་ཉེས་བླང་དོར་གྱི་དབྱེ་སྒོ་མ་འཆུགས་པར་དུས་རབས་གསར་པའི་སྦྲ་གུར་ཞིག་འབུབས་དགོས།
ད་དུང་ང་ཚོ་བོད་གངས་ཅན་པ་རྣམས་ཀྱིས་ཀྱང་ཕན་ཚུན་བར་ལ་ལྷག་བསམ་དཀར་པོ་ཞིག་གིས་བློ་འབྱེད་གསར་པའི་ཁ་ཕྱོགས་འཚོལ་བཞིན་བག་འཁུམ་རང་བཞིན་དང་རྗེས་ལུས་བརྟུལ་ཞུགས་ཀྱི་འཆིང་ཐག་ལས་གྲོལ་ཏེ། ལྷད་མེད་ཀྱི་མི་གཤིས་དང་། སྐྱེས་སྟོབས་ཀྱི་ཤེས་རབ། ཞུམ་མེད་ཀྱི་བློ་སྤོབས། བླ་མེད་ཀྱི་སྙིང་སྟོབས་ཀྱི་ངང་ནས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར། མི་རིགས་དང་མི་རིགས་ཀྱི་བར་ལ་བསམ་བློའི་ལྟ་ཚུལ་བརྗེ་རེས་དང་། ལངས་ཕྱོགས་ཀྱི་ཐད་ནས་མི་རིགས་རང་གི་ཕུགས་འདུན་གྱི་རང་ཚུགས་མ་ཤོར་བའི་ཐོག་ཏུ་འཐུས་སྒོ་ཚང་བའི་ལེགས་ཆ་རྣམས་ཚུར་ནང་འདྲེན་བྱེད་དགོས།
ཁྱད་པར་དུ་བོད་ཁ་བ་གངས་ཅན་པ་རྣམས་ཀྱིས་༸གོང་ས་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ངལ་འོ་བརྒྱལ་གནང་དང་གནང་བཞིན་པའི་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས། ཁོང་གིས་དུས་རབས་གསར་པའི་ཁ་ཕྱོགས་དང་མཐུན་པར་མ་ནོར་ལམ་སྟོན་གནང་བའི་ཤེས་རིག་གི་བློ་སྒོ་འབྱེད་པའི་མེ་ཏོག་གི་དྲི་བསུང་འཐུལ་བའི་དེབ་ཕྲེང་དག་ལ་ཡང་དང་བསྐྱར་དུ་ཉམས་ཞིབ་གཤའ་མ་ཞིག་གིས་ཤེས་རྟོགས་ནན་པོ་རེ་རྙེད་དགོས་རྒྱུ་གལ་ཆེའོ།།
དེ་ནས་ང་ཚོའི་བསམ་བློ་གསར་པ་དང་། ལྟ་ཚུལ་གསར་པ་རེ་བརྗོད་ཚེ་རྩོམ་རིག་གི་གར་སྟེགས་འདི་གླེང་གཞི་གཙོ་བོར་བཟུང་ནས་བཞག་ཡོད་རེད། རྩོམ་རིག་ནི་རང་གི་ཕ་སྐད་རྣལ་མའི་ཚེ་སྲོག་བླ་ནས་བླ་རུ་གཟེངས་སུ་འདེགས་པ་དང་། མིའི་བློ་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཡིན་པས་ཅི་ནུས་ཀྱིས་རྩོམ་རིག་གི་སྒྱུ་རྩལ་འདི་ལ་འབད་འབད་དུང་དུང་བྱེད་པར་འཚལ།
དེ་ལྟར་དེང་རབས་རིག་གསར་སྨྲ་བའི་འཛམ་གླིང་སྤྱི་དང་། ཁྱད་པར་དུ་བོད་ཀྱི་རྩོམ་རིག་གསར་པའི་དེབ་ཕྲེང་སོགས་ལ་ཟུར་ལྟ་རེ་བྱས་ཚེ། ཁོང་ཅག་གིས་ཆེས་ཡིད་དུ་འོང་བའི་མི་གཞིའི་སྙིང་སྟོབས་ཀྱི་བསམ་བློ་གསར་པ་དང་རྩོམ་རིག་གསར་པའི་ཁ་ཕྱོགས་ཀྱི་གླེང་གཞི་གཙོ་བོ་ནི་རང་གནོད་གཞི་བཅས་སྤོང་བ་དང་། རང་ཕན་གཞི་བཅས་སྒྲུབ་པའི་མི་རབས་དེ་བག་འཁུམ་རང་བཞིན་ལས་གྲོལ་བ་བློ་འབྱེད་གསར་པའི་མཇུག་འབྲས་མངོན་དུ་གྱུར་པ་ཞིག་ཡིན་སྣང་ཤར་འདུག་ཀྱང་དེ་ཙམ་གྱིས་དུས་རབས་ཀྱི་ཤེས་ཡོན་གསར་པའི་མི་གཞིའི་སྙིང་སྟོབས་འཐུས་སྒོ་ཚང་བ་ཞིག་ག་ལ་ཡིན། དཔེར་ན་འཇིག་རྟེན་སྤྱི་ཚོགས་ཡོངས་གྲགས་ལྟར་བྱས་ཀྱང་ཕ་མའི་ཀུན་སྤྱོད་ཡག་པོ་དང་། དགེ་རྒན་བཟང་པོ། མི་རིགས་ཡ་རབས་ཀྱི་དཔེ་མཚོན་དག་ནི་ཁྱེད་ཅག་གི་བློ་ངོར་བདེ་བའི་དུས་རབས་གསར་པའི་མི་གཞིའི་སྙིང་སྟོབས་ལས་བརྒལ་ཏེ་གཞན་གནོད་སྤོང་བ་དང་གཞན་ཕན་སྒྲུབ་པའི་སྤྱི་ཚོགས་དོ་ཁུར་ཅན་གྱི་མི་རྣམས་རེད་འདུག
རྒྱུ་མཚན་དེའི་ཕྱིར་ན་ང་ཚོ་ལའང་ཡོད་དགོས་རྒྱུ་དེ་རང་དབང་གི་དུས་རབས་དང་། དཔྱོད་ཤེས་ཀྱི་རྒྱང་འབོད། རྒྱུ་འབྲས་བློ་མིག་གི་དྲང་བདེན། ཞི་བདེ་འཆམ་མཐུན་གྱི་འཇིག་རྟེན་ཞིག་བསྐྲུན་ཏེ། མདོར་ན་རང་ཅག་གི་ཁོར་ཡུག་འདི་ཤེས་ཡོན་འཛུགས་སྐྲུན་རང་བཞིན་ཅན་གྱི་སྤྱི་ཚོགས་ཤིག་དང་། གཞན་གནོད་གཞི་བཅས་སྤོང་བའི་བྱམས་དང་བརྩེ་བའི་མི་རབས་ཤིག གཞན་ཕན་གཞི་བཅས་སྒྲུབ་པའི་འཛམ་གླིང་ཀུན་ཁྱབ་མི་གཞིའི་སྙིང་སྟོབས་ཤིག་འཛུགས་ཐབས་བྱ་རྒྱུར་འོས་བབ་ཀྱི་འགན་འཁྲི་ལྕི་མོ་རེ་ཡོད་པར་འཁུམས།
དེ་ནས་ཤེས་ཡོན་ཞེས་པ་ནི་འགྲོ་བ་རྣམས་ཀྱི་ཡོ་བྱད་ཡིན་པ་ལས། རང་ཉིད་ནམ་ཡང་ཤེས་ཡོན་གྱི་བྲན་གཡོག་ཏུ་ཚུད་མི་རུང་སྟེ། དཔེར་ན་དེང་རབས་ཀྱི་མཁས་དབང་དག་གི་ཤོད་སྟངས་ལྟར་ན། སྤྱིར་མི་ནི་རིག་གནས་ཀྱི་ཐོན་འབྲས་ཡིན་པ་དང་། རིག་གནས་ཀྱིས་མི་རིགས་ལ་ཞབས་འདེགས་སྒྲུབ་པ་ལས། མི་ནི་རིག་གནས་ཀྱི་བྲན་ཁོལ་དུ་གྱུར་ན་མི་འགྲིག་པ་ཡིན་ཞེས་པ་ལྟར། དེའི་ཕྱིར་ང་ཚོ་བོད་ཁ་བ་གངས་ཅན་པ་རྣམས་ཀྱིས་ཀྱང་དུས་རབས་གསར་པའི་ཤེས་ཡོན་དང་། མི་གཞིའི་སྙིང་སྟོབས་ལས་བསྐྲུན་པའི་ཀུན་སྤྱོད་དེ་དགའ་འཛུམ་སྤྲོ་སྐྱིད་ལྡན་པ་ཞིག་དང་། དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རང་གཞན་གཉིས་ཀར་ཆེས་རིན་ཐང་ལྡན་པའི་ཤེས་རིག་ཅིག་དང་། རིན་ཐང་སྣ་ཚོགས་ཀྱི་མཇུག་འབྲས་ཁྲུན་ཐག་ཆོད་པ་རེ་ཡོང་བར་ཡ་ཐོད་ནང་གི་མིག་འབྲས་ཡིན་ཡང་བདག་གིས་དོན་ལ་གནས་པ་རེ་འབྲི་མི་ཐུབ་པ་ནི་དངོས་གནས་ངོས་ཉིད་ལ་ཤེས་ཡོན་མེད་པས་ལན་པར་གོར་མ་ཆག་གོ།