ལོ་རིམ་བརྒྱད་པའི་སློབ་གཉེར་བ། བཤད་སྒྲུབ་ཉིན་བྱེད།
ཀ་དག་ནང་དབྱིངས་ལ་རྡོག་ཤད་བྱེད་པ།།
ཁ་མཆུ་རྒྱལ་ཕམ་གྱི་འཁྲུག་རྩོད་ཆོས་ཅན།།
ག་ལེར་སྣབས་སྐྱག་བཞིན་འདོར་དགོས་པར་ཐལ།།
ང་ཚོའི་གནས་བབས་ལ་མི་རན་པའི་ཕྱིར།།
ཅ་ཟིང་མགོ་རྙོག་གི་ཡོད་མེད་སོགས་དང་།།
ཆ་ཡ་ཡིན་ལོག་གི་བྱིས་རྩོད་ཆོས་ཅན།།
ཇ་ལོ་རུལ་པ་བཞིན་སྐྱུར་དགོས་པར་ཐལ།།
ཉ་མོའི་རྩེད་འཇོ་དང་ཆ་འགྲིག་དེའི་ཕྱིར།།
ཏཱ་ཡང་ཞོ་གང་གི་ཐོབ་ཤོར་དོན་དུ།།
ཐ་མལ་འཁྲུག་པ་འདྲའི་ཧམ་རྩོད་ཆོས་ཅན།།
ད་ལྟའི་དུས་རབས་ལ་མི་འཚམས་པར་ཐལ།།
ན་གཞོན་རྗེས་ལུས་སུ་འཇོག་པ་དེའི་ཕྱིར།།
པ་གོར་བཻ་རོ་དང་རོང་ཀློང་རྣམ་པའི།།
ཕ་རོལ་ཡིད་འགུགས་ཀྱི་བརྩམ་བྱ་ཆོས་ཅན།།
བ་ནེ་བུན་ནེ་བཞིན་མ་ཡིན་པར་ཐལ།།
མ་གིའི་རྩོད་ཉོག་གིས་མ་འཐེན་པའི་ཕྱིར།།
ཙ་གེ་ཙིག་གེ་སྟེ་ཀ་བུམ་སོགས་ལ།།
ཚ་ཚ་འུར་འུར་གྱིས་བརྩད་པ་ཆོས་ཅན།།
ཛ་ལང་སྤྱོད་པ་དང་དོ་མཉམ་པར་ཐལ།།
ཝ་སྤྲེལ་འཕག་འཚག་དང་རོ་གཅིག་པའི་ཕྱིར།།
ཞྭ་མདོག་མི་འདྲ་ཚོས་གཙིགས་སུ་འཛིན་པ།།
ཟ་ཟི་འཕྲུལ་གར་གྱི་སྨྱོ་རྩོད་ཆོས་ཅན།།
འ་འུར་རྗེས་འབྲང་ཞིག་མི་ཉན་པར་ཐལ།།
ཡ་ཁོག་བློ་ལྡན་ཚོ་ཐུགས་མུག་པའི་ཕྱིར།།
ར་རྩག་ཕྱི་འཛོལ་ཏེ་ཟུར་ཆུང་པ་དང་།།
ལ་མོ་ཉིན་སྲིབ་ཀྱི་མི་ལ་ཆོས་ཅན།།
ཤ་བ་སྟག་དེད་བཞིན་མ་བརྩད་པར་ཐལ།།
ས་ལམ་ཟླ་མོ་རུ་མ་གཟིགས་པའི་ཕྱིར།།
ཧ་ཅང་ངལ་དུབ་ཀྱི་ཐལ་ཕྱིར་དེ་ལས།།
ཨ་མའི་ནུ་རིན་དེའི་བུན་པ་གསོབ་ཕྱིར།།
ཧ་ལས་སྙན་མོ་ཡི་བརྩམ་བྱ་རྩོམས་དང་།།
ཨ་མའི་དྲིན་ལན་ཡང་ལྡོན་ལྡོན་མཛད་འོང་།།
ཨི་ཙི་ལུ་གུ་འདྲའི་ཟ་ཕྲུག་ལང་ས།།
ཨུ་མའི་མཛེས་པ་བཞིན་མིག་ལ་ཐོགས་ས།།
ཨེ་གསང་རོ་ལྡན་གྱི་བརྩམས་ཆོས་ཡིན་པ།།
ཨོ་ལོ་བདག་རང་གི་ཁ་ཕྱོགས་ཡིན་སོང་།།