ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།
ཡང་མཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ་མཆོད་པའི་རྗེས་ཐོག་ཏུ། རྒྱལ་པོའི་བ་ལང་འཚོ་བའི་རྫི་བོའི་བུ་ལྔ་བརྒྱ་ཡོད་པ་དེ་རྣམས་བཅོམ་ལྡན་འདས་ལ་དད་པའི་སེམས་རྙེད་ནས། དེ་དག་གིས་སངས་རྒྱས་འཁོར་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཤིང་། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཁམས་དབང་བསམ་པ་བག་ལ་ཉལ་བ་རྣམས་ཐུགས་སུ་ཆུད་དེ་ཆོས་བསྟན་པས། བ་ལང་རྫི་བོ་ལྔ་བརྒྱ་པོ་སྟན་དེ་ལ་འཁོད་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་། རྒྱལ་པོ་ལ་གསོལ་ནས་བ་ལང་གི་ཁྱུ་དེ་རྣམས་རྫི་བོ་གཞན་ལ་གཏད་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་བར་གསོལ་བ་དང་། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ། དེ་དག་རིང་པོར་མ་ལོན་པར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ནས་མངོན་ཤེས་ཀྱིས་བརྟགས་པས། རང་རང་གི་ཉེ་དུ་རྣམས་འདུལ་བར་མཐོང་ནས་དེའི་ཐད་དུ་དོང་སྟེ་ཆོས་བསྟན་པས་དད་པ་ཕུན་སུམ་ཚོགས་པ་ལ་ནི་བཀོད། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་བཙུད་ནས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱ་བ་ལ་ནི་ཡང་དག་པར་འཛིན་དུ་བཅུག་གོ །དེའི་ནང་ནས་བ་ལང་རྫི་མོ་གཅིག་ནི་མ་དད་དེ། སངས་རྒྱས་མཇལ་དུ་འགྲོར་མ་ཉན་པར་བ་ལང་རྫི་དེ་དག་གིས་ནན་གྱིས་བཟུང་སྟེ་ཁྲིད་པ་ན། དེས་རྒྱང་མ་ནས་སངས་རྒྱས་ཀྱི་སྐུ་མཐོང་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ། བསོད་ནམས་ཀྱི་མཐུས་དགེ་སློང་བསམ་གཏན་ལ་གནས་པ་བས་ཁྱད་པར་དུ་འཕགས་པའི་དགའ་བདེའི་ཉམས་སྐྱེས་ཏེ། ལམ་ཀ་དེར་ཀོ་ཤ་ཏ་ཀའི་མེ་ཏོག་དག་གཅིག་མཐོང་བས་དེ་བཏུས་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་ཞིང་ཞབས་ལ་ཕྱག་བྱས་ཏེ་ཆོས་ཉན་པར་འཁོད་པ་ན། བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་ཚེ་རིང་པོ་མེད་པར་མཁྱེན་ནས་དེ་དང་མཐུན་པའི་ཆོས་བསྟན་ཏོ།།
དེ་ནས་དེ་རིང་པོར་མ་ཐོགས་པར་ཚེ་འཕོས་ཏེ་ལྷ་ཡུལ་དུ་སྐྱེས་སོ། །རང་གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་དུ་གནས་གསུམ་དུ་བརྟགས་པས་སྔར་གྱི་དོན་དེ་རྟོགས་པར་གྱུར་ནས། ཞག་མ་ལོན་པར་མཚན་མོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་ལྷའི་མེ་ཏོག་སྣ་ཚོགས་པས་མཆོད་ཅིང་ཆོས་ཉན་པས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་ནས་སླར་རང་གནས་སུ་སོང་ངོ་། །དེའི་ཚེ་རྒྱལ་བྱེད་ཚལ་འོད་ཀྱིས་གང་བར་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པ་དང་སྔར་གྱི་དོན་རྣམས་གསུངས་སོ། །དེར་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད། ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་ནི་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་མར་གྱུར་ཏེ། དེ་འཐབ་ཀྲོལ་ཅན་ཁ་ཚས་[1]ངན་པར་གྱུར་པས། དགེ་སློང་མ་མང་པོ་ཞིག་ལ་བ་ལང་རྫི་མོ་ཞེས་སྨྲས་སོ། །དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་བོ། །ད་ལྟར་བྱུང་བའི་ལས་ནི། བ་ལང་རྫི་མོར་གྱུར་པ་དེས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་མཆོད་ཅིང་སེམས་དགའ་བར་གྱུར་པས་ལྷར་སྐྱེས་སོ་གསུངས། ཡང་བ་ལང་རྫི་བོ་རྣམས་ཀྱིས་ལས་ཀྱི་རྒྱུ་ཞུས་པར། འདི་རྣམས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ནས། དགེ་སློང་མང་པོ་ཞིག་ལ་བ་ལང་རྫི་ཞེས་པའི་ཚིག་སྨྲས་ལ། དེར་དེ་དག་གིས་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པའི་འབྲས་བུས་དེ་ལྟར་གྱུར་པར་གསུངས་སོ། །འདི་དག་གིས་ནི་འཐབ་ཀྲོལ་དང་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་དང་ཚངས་པར་སྤྱོད་པ་དང་སངས་རྒྱས་ལ་དད་ཅིང་མཆོད་པ་སོགས་ཀྱི་ཕན་ཡོན་བསྟན་པ་ཡིན་ནོ།།
ཁུངས་གཏུག་སའི་ཡིག་ཆ།
ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་«མདོ་ལས་བྱུང་བའི་གཏམ་རྒྱུད་སྣ་ཚོགས།»ཞེས་པ་ལས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས།
[1] ཁ་ཚ། ཁ་ངན་པའི་དོན།