བི་ཀྲ་མ་ཤཱི་ལའི་ལོ་རྒྱུས་སྙིང་བསྡུས།

སྤྲུལ་སྐུ་སངས་རྒྱས་རིན་ཆེན་ཕུན་ཚོགས། འཛིན་རིམ་ལྔ་པ།


སངས་རྒྱས་ཡེ་ཤེས་ཞབས་ཀྱི་གདན་རབས་བརྒྱུད།།
མཁས་པ་སྒོ་དྲུག་དང་ནི་མར་མེ་མཛད།།
ཤཱཀྱ་ཤྲཱི་རྣམས་ཀྱིས་བསྐྱངས་པའི་གནས།།
འཕགས་ཡུལ་གཙུག་ལག་ཁང་དེར་སུས་མི་བསྟོད།།
འཛམ་གླིང་ཡོངས་ཀྱི་ཁྱད་ནོར་དམ་པའི་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ན་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་མོ་བི་ཀྲ་མ་ཤཱི་ལ་ནི། པཱ་ལའི་རྒྱལ་བརྒྱུད་འཛིན་པ་རྒྱལ་པོ་དྷརྨ་པཱ་ལ་ཡིས་བཞེངས་པ་ཇོ་ནང་ཏཱ་ར་ནཱ་ཐ་ཡིས་མཛད་པའི་རྒྱ་གར་ཆོས་འབྱུང་དུ། རྒྱལ་པོ་དེས་དཔལ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་བཞེངས་ཏེ་ཞེས་དང་། དེང་དུས་སྙན་གྲགས་ཅན་གྱི་དྲ་རྒྱའི་ཁ་བྱང་ཝི་ཁི་རིག་མཛོད་ (wikipedia.com) ནང་དུ་གསལ་བ་དང་། དེ་བཞིན་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས། མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་དུ། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ནའང་། ཞེས་གསལ་བས་འདོད་པ་མི་མཐུན་པ་ལྟར་སྣང་ཡང་དོན་དུ་རྒྱ་གར་ཆོས་འབྱུང་ལས་རྒྱལ་པོའི་བྱུང་རིམ་ལྟར་སྨོས་ན། རྒྱལ་པོ་དེ་བ་པཱ་ལ་ཡིས་གཙུག་ལག་ཁང་གི་རྨང་གཞི་བཏིང་བ་དང་། རྒྱལ་པོ་དྷརྨ་པཱ་ལ་ཡིས་དར་ཞིང་རྒྱས་པར་མཛད་འདུག་སྙམ། དེ་ལྟར་གོང་གསལ་རྒྱལ་བརྒྱུད་ཀྱི་རིམ་པའི་འདོད་ཚུལ་ལ་བོད་མཁས་པ་དག་གི་གསུང་དང་། དེང་དུས་གྲགས་ཅན་དྲ་རྒྱའི་ནང་དུ་གསལ་བ་གཉིས་མི་མཐུན་པ་ཅུང་ཟད་འདུག་པས་དཔྱད་གཞིིའི་གནས་སོ།།


གང་དུ་ཆགས་པའི་གནས་དང་དེའི་ཁོར་ཡུག་གི་རྣམ་པ།


གཙུག་ལག་ཁང་ཆེན་མོ་འདི་ཉིད་རྒྱ་གར་བྱང་ཕྱོགས་བི་ཧཱར་ཁོངས་ཀྱི་རྫོང་བྷ་གལ་པུར་ཞེས་བྱ་བའི་གནས་ཀྱི་ཉེ་འགྲམ་དུ་ཆགས་ཡོད། དེ་ཡང་སྐལ་ལྡན་གྱི་དུས་སུ་ཆོས་སྡེ་ཆེན་མོ་འདིའི་ཁོར་ཡུག་གི་རྣམ་པ་ནི་རྒྱ་གར་ཆོས་འབྱུང་ལས། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང་། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ། ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། ཞེས་གསལ་བ་ལྟར་གཞི་རྒྱ་ཆེ་ལ་ཁོར་ཡུག་ཤིན་ཏུ་ཡིད་དུ་འོང་བ་ཞིག་ཡོད་འདུག


གང་ལ་ཉམས་བཞེས་གཙོ་བོ་མཛད་ཚུལ་སྐོར།


ཆོས་སྡེ་དེར་གཙོ་བོ་གང་ལ་ཉམས་བཞེས་གནང་ཚུལ་སྐོར་ལོ་རྒྱུས་དག་ཏུ་ཁ་གསལ་མེད་པས། འདི་དང་འདིའོ་ཞེས་མཐའ་གཅིག་ཏུ་ཞུ་བར་མི་ནུས་ཀྱང་། གདན་རབས་རིམ་བྱོན་དག་གི་མཛད་རྗེས་ལ་དཔགས་ནས་མདོ་ཙམ་ཞུས་ན། གཙུག་ལག་ཁང་དེར་སྤྱིར་དབུ་ཚད་ཤེར་ཕྱིན་སོགས་མདོ་ཕྱོགས་རྣམས་འཆད་ཉན་གྱི་སྲོལ་ཡོད་མོད་ཀྱང་། བརྒྱུད་འཛིན་རིམ་བྱོན་དག་གིས་འཆད་ཉན་ཉམས་བཞེས་མཛད་རྒྱུའི་ཆོས་གཙོ་བོ་ནི་གསང་སྔགས་ནང་རྒྱུད་ཐུན་མོང་གི་སྡེ། གསང་བདེ་འཇིགས་གསུམ་དང་། ཀྱེ་རྡོ་རྗེ། གཤིན་རྗེ་གཤེད་རྣམས་རྩལ་བཏོན་གནང་ཡོད་པར་རྒྱ་གར་ཆོས་འབྱུང་དུ་གསུངས་པའི་བརྒྱུད་འཛིན་དག་གི་རྣམ་ཐར་ལས་དཔོག མ་ཟད་གནས་དེར་སྒོམ་སྒྲུབ་ཀྱི་ཆེད་གསང་སྔགས་ནང་གི་ལྷ་ཁང་ཆུང་བ་ལྔ་བཅུ་ལྷག་ཙམ་བཞེངས་ཡོད་པ་དང་། དེང་སང་ས་གནས་ཞིབ་འཇུག་པའི་ཚན་རིག་པ་ (archaeologist) དག་ལའང་གནས་དེར་གསང་སྔགས་ཀྱི་ཡོ་བྱད་མང་པོ་ཞིག་རྙེད་པ་དག་གིས་ཀྱང་མཚོན་ཐུབ་པར་སྙམ། འོན་ཀྱང་རབ་ཏུ་བྱུང་བ་ཁོ་ནའི་བསྟི་གནས་ཡིན་པའང་། སྔོན་ཇོ་བོ་རྗེས་འཛིན་སྐྱོང་གནང་སྐབས་མངའ་བདག་མཻ་ཏྲི་པས་གསང་སྔགས་ནང་གི་དམ་རྫས་ཆང་ལོངས་སུ་སྤྱོད་པ་ཇོ་བོ་རྗེས་མཁྱེན་ནས་མཻ་ཏྲི་པ་གནས་ནས་དབྱུང་བར་བརྩམས་པ་སོགས་ཀྱི་ལོ་རྒྱུས་ལས་རྟོགས་ནུས་སོ།།


བརྒྱུད་འཛིན་རིམ་བྱོན་གྱི་སྐོར།


རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་ཐོག་མར་གདན་རབས་དང་པོ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བསྟན་པ་སྐྱོང་ཚུལ། ཉིད་ཀྱི་སློབ་དཔོན་སེང་གེ་བཟང་པོ་འདས་པའི་རྗེས་སུ་སློབ་དཔོན་འདི་ཉིད་རྒྱལ་པོ་དྷརྨ་པཱ་ལའི་བླ་མར་གྱུར་ཅིང་། སློབ་དཔོན་གྱིས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ལ་རབ་གནས་མཛད། རྒྱལ་པོས་མཆོག་ཉིད་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། སྐལ་ལྡན་ཆོས་ཉན་པའི་སློབ་མ། རབ་ཏུ་བྱུང་བ་དང་བཅས། འཁོར་འབངས་ཡོངས་ལ་ཆོས་སོ་སོར་བསྟན་ཏེ་སྨིན་པར་མཛད། རྒྱལ་པོ་ལ། ཁྱོད་ཀྱི་རྒྱལ་སྲིད་འཇིག་པའི་མཚན་མ་འདུག་པས། སྦྱིན་སྲེག་གི་ཆོ་ག་ཞིག་བྱས་ན་མ་འོངས་ཁྱོད་ཀྱི་རྒྱལ་སྲིད་ལ་ཕན་པར་གསུངས་པས། དེས་ཀྱང་དངུལ་ཏོ་ལ་འབུམ་ཕྲག་དགུ་དང་ཉིས་སྟོང་གི་ཡོ་བྱད་སྦྱར། སློབ་དཔོན་གྱིས་སྦྱིན་སྲེག་མཛད་ཅིང་རྒྱལ་པོ་ལ། ཁྱོད་ཀྱི་རྗེས་སུ་རྒྱལ་པོ་བཅུ་གཉིས་འབྱུང་ཞིང་བསྟན་པ་དར་བར་བྱེད་དོ་ཞེས་ལུང་བསྟན། སློབ་དཔོན་གྱིས་ཀྲི་ཡོག་སྡེ་གསུམ་ཅུང་ཟད་གསུངས། གསང་བ་འདུས་པ། སྒྱུ་འཕྲུལ་དྲྭ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་སྟེ་རྒྱུད་སྡེ་ལྔ་པོ་མང་དུ་གསུངས། ལྷག་པར་དུ་གསང་བ་འདུས་པ་རྩལ་བཏོན་གནང་བའི་སྒོ་ནས་བསྟན་པ་བསྐྱངས་པར་མཛད།
གདན་རབས་གཉིས་པ་མར་མེ་མཛད་བཟང་པོ་ཞེས་བྱ་བས་གནས་དེར་བསྟན་པ་དུས་ཡུན་རིང་པོར་བསྐྱངས།
གདན་རབས་གསུམ་པ་རྒྱལ་པོ་མ་སུ་རཀྵི་ཏའི་དུས་སུ་བྱོན་པ་ལངྐ་རྒྱལ་བ་བཟང་པོ་ནི། ཡུལ་ལངྐའི་ཡུལ་ཏེ་སིངྒ་ལར་སྐུ་འཁྲུངས་ཤིང་ཆུང་དུས་ནས་རིག་གནས་མཐའ་དག་ཐུགས་སུ་ཆུད་པར་མཛད། ཉན་ཐོས་ཀྱི་སྡེ་སྣོད་ཐམས་ཅད་ལའང་མཁས་པར་གྱུར། སླད་ཡུལ་མ་ག་དྷར་བྱོན་ཏེ་ཐེག་པ་ཆེན་པོའི་གཞུང་ལུགས་ལ་ལེགས་པར་སྦྱངས། ཁྱད་པར་དུ་གསང་སྔགས་ལ་མཁས་པ་ཞིག་བྱུང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་འཁོར་ལོ་སྡོམ་པ་བསྒྲུབས་པས་ཞལ་གཟིགས། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པ་སོགས་བརྩམས། དེར་སྔགས་ཀྱི་སློབ་དཔོན་ཡང་མཛད་པའི་སྒོ་ནས་བསྟན་པ་བསྐྱངས་པ་ཡིན་ནོ།།
གདན་རབས་བཞི་པ་བྲམ་ཟེ་སློབ་དཔོན་དཔལ་འཛིན་ནི། རྒྱ་གར་ལྷོ་ཕྱོགས་སུ་རྫུ་འཕྲུལ་ཆེན་པོ་བསྟན་པར་ཐོས་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་པ་སྟེ། སློོབ་དཔོན་གཤིན་རྗེ་དམར་ནག་གི་གཞུང་སོགས་མཛད། དེས་ཀྱང་གསང་སྔགས་ཀྱི་སློབ་དཔོན་མཛད་པས་བསྟན་པ་བསྐྱངས་སོ།།
གདན་རབས་ལྔ་པ་བྷ་ཝ་བྷ་ཊ་ཞེས་བྱ་བ་ནི། རིག་གནས་མཐའ་དག་མཁྱེན་ཅིང་ཁྱད་པར་རྣམ་རིག་གི་གྲུབ་མཐའ་ལ་མཁས་པར་གྱུར། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་ཅིང་སྒྲོལ་མས་ཞལ་གཟིགས། རིལ་བུའི་དངོས་གྲུབ་ཐོབ། བཅུད་ལེན་སོགས་བསྒྲུབས་པས་འགྲུབ་སྟེ་སྐལ་ལྡན་གྱི་གདུལ་བྱ་མང་པོ་ཆོས་ཀྱིས་སྨིན་པར་མཛད་དོ།།
གདན་རབས་དྲུག་པ་སྐལ་ལྡན་གྲགས་པ་ནི། སློབ་དཔོན་འདི་ཡང་མདོ་སྔགས་མཐའ་དག་གི་དོན་ལ་མཁས་པ་ཆེན་པོ་ཞིག་དང་། ཁྱད་པར་དུ་མངོན་ཤེས་ཐོགས་མེད་དུ་མངའ་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་།
གདན་རབས་བདུན་པ་ལཱི་ལ་བཛྲ་མཆོག་ནི། གཤིན་རྗེ་གཤེད་ཀྱི་གྲུབ་པ་བརྙེས་པའི་སྐྱེས་བུ་ཞིག་ཡིན། འདིའི་སྐབས་སུ་ཏུ་རུཥྐའི་དམག་བྱུང་བའི་དུས་གཤིན་རྗེ་གཤེད་ཀྱི་འཁོར་ལོ་བྲིས་ཏེ་དམག་དཔུང་ལ་མནན་པ་བྱས་པས་དམག་དཔུང་ཕྱིར་བཟློགས་པའི་ལོ་རྒྱུས་དང་ལྡན་པའི་སྐྱེས་བུ་ནུས་པ་དང་ལྡན་པ་ཞིག་བྱུང་བར་གྲགས།
གདན་རབས་བརྒྱད་པ་མི་ཐུབ་ཟླ་བ་ཞེས་བྱ་བས་ཀྱང་གཙུག་ལག་ཁང་དེར་བསྟན་པ་བསྐྱངས།
གདན་རབས་དགུ་པ་ནག་པོ་དམ་ཚིག་རྡོ་རྗེ་ནི། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པའི་སྐྱེས་བུ་ཞིག་བྱུང་བར་གྲགས། ར་རའི་ཡུལ་ཞེས་པའི་གནས་ཤིག་ཏུ་དགྱེས་པ་རྡོ་རྗེའི་ཞལ་ཐང་བཀྲམ་ཞིང་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས། དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་ནུས་པ་དཔག་ཏུ་མེད་པ་ལ་མངའ་བརྙེས་པའི་སྐྱེས་བུ་ཆེན་པོ་ཞིག་བྱུང་།
གདན་རབས་བཅུ་པ་ཏ་ཐཱ་ག་ཏ་རཀྵིཏ་ནི། རྒྱུད་གཤིན་རྗེ་གཤེད་དང་བདེ་མཆོག་ལ་མངའ་བརྙེས་པའི་སྐྱེས་བུ་ཞིག་ཡིན། ཁྱད་པར་དུ་མ་བསླབས་པར་བསྟན་བཅོས་མང་པོ་ཐོགས་མེད་དུ་མཁྱེན། དུད་འགྲོ་ལ་སོགས་པའི་སྐད་ཤེས་པ་ཞིག་བྱུང་།
གདན་རབས་བཅུ་གཅིག་པ་བོ་དྷི་བྷ་དྲ་ཞེས་པས་སངས་རྒྱས་ཀྱི་བསྟན་པ་བསྐྱངས་པར་མཛད། གདན་རབས་འདི་དང་གདན་རབས་བརྒྱད་པ་གཉིས་ཀྱི་རྣམ་ཐར་ལོ་རྒྱུས་ཕལ་མོ་ཆེའི་ནང་མི་གསལ།
གདན་རབས་བཅུ་གཉིས་པ་ཀ་མ་ལ་རཀྵིཏ་ནི། དགེ་སློང་རྟེན་ཅན་མདོ་སྔགས་མཐའ་དག་གི་དོན་ལ་མཁས་ཤིང་ཁྱད་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། གསང་བ་འདུས་པ། གཤིན་རྗེ་གཤེད་སོགས་མདོ་རྒྱུད་རྣམས་ལ་ཤིན་ཏུ་མཁས་པ་ཞིག་བྱུང་། མཆོག་ཉིད་མ་ག་དྷའི་ལྷོ་ཕྱོགས་ཨཾ་ད་གི་རི་ཞེས་བྱ་བའི་རི་ཞིག་ལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་མཛད་དེ་གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། དེ་དུས་སློབ་དཔོན་གྱི་སློབ་མ་རྣལ་འབྱོར་མང་པོ་ལ་ཀརྞའི་ཡུལ་གྱི་ཏུ་རུཥྐའི་རྒྱལ་པོའི་བློན་པོ་ཏུ་རུཥྐ་ལྔ་བརྒྱ་འོངས་ཏེ་གནོད་པར་བརྩམས་པ་ན། སློབ་དཔོན་ཤིན་ཏུ་ཁྲོས་ཏེ་བུམ་པ་སྔགས་ཀྱི་ཆུས་གང་བ་བརྡབས་ཏེ། དེ་མ་ཐག་ཏུ་རླུང་འཚུབ་ཆེན་པོ་བྱུང་ཞིང་རྫུ་འཕྲུལ་སྣ་ཚོགས་པའི་སྒོ་ནས་གནོད་པ་ཞི་བར་མཛད། གོང་གསལ་གདན་རབས་བཅུ་གཉིས་པོ་དེ་དག་ལས་སྔ་མ་གཉིས་པོ་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་རེ་འཛིན་སྐྱོང་མཛད་པ་རྒྱ་གར་ཆོས་འབྱུང་དུ་གསལ། དེའི་རྗེས་སུ་མཁས་པ་སྒོ་དྲུག་སྟེ།
༡ ཤར་སྒོ་སྲུང་བ་པཎ་ཆེན་རཏྣ་ཨ་ཀ་ར་ཤནྟི་ཞེས་པ་བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བ་དང༌།
༢ ལྷོ་སྒོ་སྲུང་བ་པྲཛྙ་ཀ་ར་གུཔྟ་སྟེ་ཤེས་རབ་འབྱུང་གནས་བློ་གྲོས།
༣ ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ།
༤ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ།
༥ དབུས་ཀྱི་ཀ་ཆེན་དང་པོ་སྲུང་བ་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ།
༦ དབུས་ཀྱི་ཀ་ཆེན་གཉིས་པ་སྲུང་བ་པོ་ཛྙཱ་ན་ཤྲཱི་མི་ཏྲ་བཅས་ཀྱིས་བསྟན་པ་བསྐྱངས།
དེའི་རྗེས་སུ་རྒྱ་གར་ཆོས་འབྱུང་ལས། མཁས་པ་སྒོ་དྲུག་འདས་པའི་འོག་ཙམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གྲགས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཁན་པོར་སྤྱན་དྲངས། ཞེས་གསལ་བ་ལྟར་གཙུག་ལག་ཁང་ཆེན་པོ་དེར་སྐུ་དྲིན་ཆེ་བའི་སློབ་དཔོན་མར་མེ་མཛད་དཔལ་ཡེ་ཤེས་སམ་ཇོ་བོ་རྗེ་ནི། རྒྱ་གར་ཤར་ཕྱོགས་བྷང་ག་ལ་ཞེས་བྱ་བའི་ཡུལ་དུ་ཡབ་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་ལོན་པའི་ཚེ་ཆོས་གསུང་མཁྱེན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཀྱང་ཞལ་ནས་ཐོགས་མེད་དུ་གསུང་ཐུབ་པ་བྱུང་ཞིང་རིམ་བཞིན་སྒྱུ་རྩལ་སྣ་ཚོགས་ཀྱང་མཁྱེན་པར་མཛད། དེ་ནས་དགུང་ལོ་ཉི་ཤུའི་བར་ཕྱི་རོལ་པའི་ལྟ་གྲུབ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ། སྒྲ་རིག་པ་དང་། ཚད་མ་རིག་པའི་དོན་རྣམས་ཐུགས་སུ་ཆུད་པར་མཛད་པ་དང་། དགུང་ལོ་ཉེར་དགུར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་། སླར་ཡང་མདོ་སྔགས་ཀྱི་གཞུང་སོགས་ལ་སྦྱངས་པ་མཐའ་འཁྱོལ་བར་མཛད་དེ་པཎྜི་ཏ་ཆེན་པོའི་མཚན་ཐོགས། དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བོད་དུ་གདན་ཞུ་གནང་བར་རྒྱ་གར་གྱི་རྒྱལ་པོ་དང་བི་ཀྲ་མ་ཤཱི་ལའི་མཁན་པོ་དགེ་འདུན་དང་བཅས་པ་ཡོངས་ནས་ལོ་གསུམ་བཞུགས་རྒྱུའི་གནང་བ་ཐོབ་སྟེ་སྤྱི་ལོ་ ༡༠༤༠ ལོར་བལ་ཡུལ་བརྒྱུད་ནས་བོད་མངའ་རིས་སུ་ཕེབས་ཏེ་ལོ་གསུམ་རིང་ཆོས་ཀྱི་མཛད་ཕྲིན་བསྐྱངས། བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མཛད་ཅིང་བཀའ་འགྱུར་དང་བསྟན་འགྱུར་ལ་ཞུ་དག་ཀྱང་གནང་ཞིང་བོད་དུ་བཀའ་གདམས་ཀྱི་ཆོས་ལུགས་གསར་གཏོད་མཛད། མཐར་དགུང་ལོ་བདུན་ཅུ་དོན་གསུམ་སྤྱི་ལོ་ ༡༠༥༤ ལོར་སྙེ་ཐང་དུ་སྐུ་གཤེགས་སོ། །དེ་ནས་རིམ་བཞིན་རྡོ་རྗེ་གདན་པ་ཆེན་པོ། ཀ་མ་ལ་ཀུ་ལི་ཤ ན་རེནྡྲ་ཤྲཱི་ཛྙཱ་ན། དཱ་ན་རཀྵི་ཏ། ཨ་བྷ་ཡཱ་ཀ་ར། ཤུ་བྷ་ཨཱ་ཀ་ར་གུཔྟ། ན་ཡ་ཀ་པ་ཤྲཱི། ཆོས་འབྱུང་ཞི་བ་སོགས་རྡོ་རྗེ་སློབ་དཔོན་ཤིན་ཏུ་མང་བ་བྱུང་། གདན་རབས་སོ་སོའི་དུས་སུ་གཏོར་མའི་སློབ་དཔོན། རབ་གནས་ཀྱི་སློབ་དཔོན། སྦྱིན་སྲེག་གི་སློབ་དཔོན། བྱི་བ་སྲུང་བ་དང་། ཕུག་རོན་སྲུང་བའི་ལས་དང་། ཟླ་བ་རེ་རེའི་མཚམས་སུ་ཆོས་ཉན་པ་པོ་ཐམས་ཅད་ལ་རྟག་ཏུ་རེས་འཁོར་གྱི་སྟོན་མོ་དང་ཡོན་བཟང་པོ་རེ་འབུལ་བའི་སྲོལ་འདུག མཐར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་བསྟན་པ་བསྐྱངས་པ་ཡིན་ནོ།།


མཐར་འཆད་ཉན་གྱི་རྒྱུན་ཉམས་ཚུལ་སྐོར།


གནའ་སྔ་རབས་ཀྱི་ལོ་རྒྱུས་དག་ཏུ་རྒྱལ་ཁབ་དང་གཞུང་ཆེ་ཆུང་ཕལ་ཆེ་བས་རང་ཕྱོགས་རྒྱལ་བའི་ཐབས་སུ་དམག་འཁྲུག་འཐབ་རྩོད་སོགས་དབང་སྒྱུར་ཁོ་ནས་གཞུང་འཛིན་པ་ཡིན་སྟབས། གཙུག་ལག་ཁང་འདི་ཡང་ཡ་མུ་ནཱའི་བར་གྱི་ཡུལ་ཨཎྜར་བྷི་དི་རུ་བྱུང་བའི་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་བྱ་བས་བསྣུབས་པར་རྒྱ་གར་ཆོས་འབྱུང་དུ་གསལ། དེ་བཞིན་དྲ་རྒྱའི་ཁ་བྱང་ཝི་ཁི་རིག་མཛོད་དུ་གསལ་བ་ལྟར་ཞུ་ན། དུས་རབས་བཅུ་གཉིས་པའི་ནང་ཁ་ཆེ་དམག་དཔོན་མུ་ཧ་མད་བིན་བྷཀྟི་ཡར་ཁིལ་ཇི་ (Muhamad Bin Bakhtiyar Khilji) ཞེས་པའི་དམག་དཔུང་འཁོར་དང་བཅས་པས་རྒྱ་གར་ནུབ་བྱང་གི་ཡུལ་རྣམས་དབང་སྒྱུར་བྱེད་པའི་དུས་སུ་ཆོས་སྡེ་འདི་དང་། དཔལ་ནཱ་ལནྡཱ་གཉིས་ཀྱི་གཙོས་ནང་པའི་ལྷ་ཁང་དང་རྟེན་མང་པོ་ཞིག་གཏོར་གཤིག་བཏང་བ་དང་ལྷག་པར་དུ་ཐེག་པ་ཆེ་ཆུང་གི་གླེགས་བམ་གྲངས་ལས་འདས་པ་བསྲེགས། དེ་བཞིན་དུ་ནང་པའི་སློབ་འབངས་དུ་མ་ཞིག་དམག་འོག་ཏུ་ཚུད་དེ་སྐུ་འདས་པ་སོགས་བློ་ཕམ་པའི་གནས་ཤིག་ཏུ་གྱུར། གོང་གསལ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་པ་དང་ཁ་ཆེའི་དམག་དཔོན་མུ་ཧ་མད་བིན་བྷཀྟི་ཡར་ཁིལ་ཇི་གཉིས་གང་ཟག་གཅིག་ཡིན་མིན་དཔྱད་གཞིའི་གནས་སོ། །དེ་ནས་གཙུག་ལག་ཁང་འདིར་ཆོས་འཆད་ཉན་གྱི་རྒྱུན་ནུབ་པར་སྙམ། དེང་དུས་སུའང་གནས་དེར་སྔོན་གྱི་ལྷ་ཁང་དང་རྟེན་སོགས་ཉམས་ཆག་ཕྱིན་པའི་རྗེས་ཤུལ་རྡོ་རབ་རོབ་ཙམ་ཞིག་མཇལ་རྒྱུ་ཡོད། དེ་ལྟར་གོང་གསལ་གདན་རབས་རྣམས་ཀྱི་ལོ་རྒྱུས་དཀོན་པར་སྣང་བས། གཙུག་ལག་ཁང་ཆེན་པོ་བི་ཀྲ་མ་ཤཱི་ལའི་ལོ་རྒྱུས་སྙིང་བསྡུས་འདིའི་ནང་དུ་ས་བཅད་མ་སྟོང་ཙམ་གཙོ་བོ་རྒྱ་གར་ཆོས་འབྱུང་ལ་ཁུངས་བཅོལ་ཏེ་བྲིས་པ་དགེའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།