རྩོམ་སྒྲིག་པ།
མཚམས་སྦྱོར་སྐད་ཆ།
འཛམ་གླིང་གི་རྩོམ་རིག་སྤྱིའི་ལོ་རྒྱུས་ཐོག་ཁྱབ་ཆེ་ས་ནས་གནའ་རབས་དང་དེང་རབས། བྱེ་བྲག་དུས་རབས་རེ་རེའི་ནང་གྲུབ་མཐའ་མི་འདྲ་བ་སྣ་ཚོགས་བྱུང་ཡོད་པ་ནི་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ལས་ང་ཚོས་ཤེས་ཐུབ་པ་རེད། བྱེ་བྲག་བརྩམས་སྒྲུང་རྩོམ་རིག་ལྟ་བུར་མཚོན་ན་ནུབ་ཕྱོགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་དངོས་ཡོད་རིང་ལུགས་དང་དེང་རབས་རིང་ལུགས་ཞེས་ཁྱབ་ཆེ་བའི་གྲུབ་མཐའ་མི་འདྲ་བ་འགའ་བྱུང་བ་བཞིན། བོད་ཀྱི་བརྩམས་སྒྲུང་རྩོམ་རིག་ལོ་རྒྱུས་ཐོག་ལའང་སྲོལ་རྒྱུན་བརྩམས་སྒྲུང་དང་། བརྩམས་སྒྲུང་གསར་པ་[1]ཞེས་རིང་ལུགས་མི་འདྲ་བ་གཉིས་བྱུང་ཞིང་། ཕྱི་མ་བརྩམས་སྒྲུང་གསར་པའི་གྲུབ་མཐའ་ལའང་དངོས་ཡོད་རིང་ལུགས་དང་། དེང་རབས་རིང་ལུགས་ཞེས་གཉིས་བྱུང་ཡོད།
དེས་ན་ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་ཐོག་གི་དེང་རབས་རིང་ལུགས་རྩོམ་རིག་བྱུང་བ་དང་དེ་དག་གི་གྲུབ་མཐའི་སྐོར་དེ་སྔོན་མདོར་བསྡུས་ཤིག་བཀོད་ཟིན་ཅིང་། བོད་ཀྱི་བརྩམས་སྒྲུང་གསར་པའི་ལོ་རྒྱུས་ཐོག་གི་དངོས་ཡོད་རིང་ལུགས་ཞེས་པའང་དེའི་བྱུང་བ་དང་བཅས་པ་སྟབས་བདེ་ཞིག་བཀོད་ཟིན་པས། ཐེངས་འདིར་བོད་ཀྱི་བརྩམས་སྒྲུང་གསར་པའི་ལོ་རྒྱུས་ཐོག་གི་དེང་རབས་རིང་ལུགས་བརྩམས་སྒྲུང་སྐོར་[2]ངོ་སྤྲོད་སྟབས་བདེ་ཞིག་བྱ་སྟེ།
འབྱུང་བའི་རྒྱུ་རྐྱེན་དང་། དུས་ནམ་ཞིག་ལ་དར་ཚུལ་བཤད་པ།
ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་ལ་བལྟས་ན་ཁོང་ཚོའི་དེང་རབས་རིང་ལུགས་རྩོམ་རིག་འབྱུང་བའི་རྒྱུ་རྐྱེན་ནི་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་འགལ་འདུས་རྒྱུ་རྐྱེན་བྱས་པ་ལས་དེ་ལ་རྒོོལ་བའི་དེང་རབས་རིང་ལུགས་ཞེས་པའི་རྩོམ་རིག་གི་གྲུབ་མཐའ་མང་པོ་ཞིག་སྔ་རྗེས་སུ་བྱུང་ཞིང་། གྲུབ་མཐའ་སོ་སོར་ལང་ཕྱོགས་དང་མཚན་ཉིད་རིག་པའི་རྩ་འཛིན་ཅན་ཞིག་ཡིན་པས། དེ་དག་ལ་བསྒྲགས་གཏམ་དང་འཐུས་ཚབ་ཅན་གྱི་རྩོམ་པ་པོ་དང་བརྩམས་ཆོས་བཅས་ཡོད་པ་ནི་དེ་སྔོན་གླེངས་ཟིན་པ་ཡིན།
སྐབས་འདིར་བོད་ཀྱི་དེང་རབས་རིང་ལུགས་རྩོམ་རིག་གི་ཐོག་མར་འབྱུང་བའི་རྒྱུ་རྐྱེན་ནི་དེ་འདྲའི་ལང་ཕྱོགས་དང་མཚན་ཉིད་རིག་པའི་རྩ་འཛིན་ཅན་ཞིག་དང་། དང་པོ་ཉིད་ནས་བསྒྲགས་གཏམ་དང་འཐུས་ཚབ་ཅན་གྱི་རྩོམ་པ་པོ་དང་བརྩམས་ཆོས་ཅན་ཞིག་མིན་པ་རེད། དེ་ནི་སྤྱི་ལོ་ ༡༩༤༩ ཡན་མན་ལ་རིམ་བཞིན་བོད་ཀྱི་ཡུལ་ལུང་སོ་སོར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་[3]འགོ་བཙུགས་ནས་བོད་ཀྱི་ན་གཞོན་ཚོས་སྐད་རིགས་གཞན་ཏེ་རྒྱ་ཡིག་སྦྱོང་འགོ་བཙུགས།
ཁོང་ཚོར་རྒྱ་ཡིག་གི་ཐོག་ནས་རྒྱ་ནག་དང་ནུབ་ཕྱོགས་ཀྱི་རྩོམ་རིག་སྐོར་ལ་མྱོང་རོལ་བྱ་རྒྱུའི་གོ་སྐབས་ཀྱང་གང་འཚམས་ཤིག་ཐོབ་པར་བརྟེན། དེ་དག་གི་བསམ་བློའི་དགོངས་དོན་ལྟར་བོད་ཡིག་ལམ་ནས་ཚོད་ལྟ་ཞིག་གམ་ཨ་གསར་ཞིག་གིས་ལད་མོ་བྱས་པའི་གོ་རིམ་ནང་། རིམ་བཞིན་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཤིག་དང་། མི་རིགས་ཤིག་གི་དགོས་མཁོའི་དབང་གིས་བོད་ཀྱི་སྤྱི་ཚོགས་ནང་མངོན་གྱུར་བྱེད་ཐུབ་ཅིང་། སྤྱི་ཚོགས་ཀྱིས་ངོས་ལེན་ཐོབ་པ་རེད། དེའི་ཤུགས་ལས་ང་ཚོས་བོད་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་གི་བྱུང་བ་ཡང་དཔོག་ཐུབ། དེས་ན་བོད་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་གི་འབྱུང་རྐྱེན་ནི་དེ་འདྲ་ཡིན་ན། བོད་རང་གི་ཡིག་ཐོག་ནས་བྲིས་པའི་བོད་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་དངོས་སུ་དུས་ནམ་ཞིག་ལ་བྱུང་བ་ཡིན་ནམ་ཟེར་ན། དེ་ནི་ཡོངས་གྲགས་སུ་ལྗང་བུས་སྤྱི་ལོ་ ༡༩༨༦ ལོར་«སྦྲང་ཆར་»དེབ་གཉིས་པའི་སྟེང་སྤེལ་བའི་«སོག་རུས་ལས་མཆེད་པའི་རྣམ་ཤེས།»ཞེས་པ་དེ་རེད། དེའི་རྗེས་ནས་པདྨ་ཚེ་བརྟན་གྱི་«ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ་»སོགས་དང་། སྐྱབས་ཆེན་བདེ་གྲོལ་གྱི་«གླུ་སྐད་སྐྱ་བོ་»སོགས་བྱུང་ཡོད་ཅིང་། ཁོང་ཚོ་ནི་བོད་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་གི་འཐུས་ཚབ་རྩོམ་པ་པོ་ཡང་ཡིན།
དེའི་ཁྱད་ཆོས་འགའ་བཤད་པ།
བོད་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་གི་ཁྱད་ཆོས་གླེང་དུས། གཞུང་ལུགས་ཤིག་རྒྱབ་རྟེན་དུ་ཁྱེར་ནས་ཁྱད་ཆོས་འདི་དང་འདི་ལྟ་བུ་ཞིག་དགོས་ཞེས་སྡོམ་ཚིག་འགོད་ཐབས་མེད་དེ། འདིའི་ཐད་ནས་བོད་ལ་ད་དུང་གཞུང་ལུགས་ཤིག་བྱུང་མེད་པས་རེད། དེས་ན་འཛམ་གླིང་ཤར་ནུབ་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་ཁག་གི་གྲུབ་མཐའི་བྱུང་འཕེལ་ལོ་རྒྱུས་དང་། དེ་དག་གི་རིན་ཐང་ལྟ་ཚུལ་དང་ཁྱད་ཆོས་རང་བཞིན་སོགས་ཁོང་དུ་ཆུད་ཅིང་། བོད་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་རྩོམ་པ་པོ་ཚོས་བརྩམས་པའི་དེང་རབས་རིང་ལུགས་ཀྱི་ཚབ་མཚོན་རང་བཞིན་ཅན་གྱི་བརྩམས་སྒྲུང་དག་ལ་མྱོང་རོལ་གཏིང་ཟབ་བྱས་རྗེས། སྤྱི་ཡོངས་ནས་དེ་དག་གི་ཁྱད་ཆོས་འགའ་འདི་དང་འདི་ཞེས་གླེང་དགོས་པར་འདོད།
༡༽ དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་ལ་རྒོལ་བ།
དངོས་ཡོད་རིང་ལུགས་བརྩམས་སྒྲུང་གི་རྩ་བའི་གྲུབ་ཆ་ཆེན་པོ་གསུམ་སྟེ། ཁོར་ཡུག མི་སྣ། བྱུང་རིམ་བཅས་དེ་གསུམ་གྱིས་དངོས་ཡོད་རིང་ལུགས་བརྩམས་སྒྲུང་གྲུབ་པར་འདོད།
དེས་ན་དངོས་ཡོད་རིང་ལུགས་བརྩམས་སྒྲུང་དུ། གནས་དང་དུས་ངེས་ཅན་ཞིག་གི་རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཉིས་ཀྱི་ནང་མི་སྣ་གང་ཞིག་གི་འགུལ་སྐྱོད་དང་བྱ་སྤྱོད་ཀྱི་བྱུང་རིམ་གྱི་སྒྲིག་གཞི་ཞིག་བཀོད་སྒྲིག་བགྱིས་ཏེ། སྤྱི་ཚོགས་དང་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་འཚོ་བའི་སྣང་ཚུལ་དངོས་མ་དེ་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་མཚོན་པར་བྱེད་ཅིང་། ཕྱིའི་སྣང་ཚུལ་ཙམ་གྱི་ངོས་ནས་བལྟས་ནའང་གྲུབ་ཆ་ཆེན་པོ་གསུམ་པོའི་ནང་ཕན་ཚུན་འབྲེལ་ཞིང་རྒྱུ་འབྲས་ཀྱི་གཏན་ཚིགས་ཡོད་པ་ཞིག་ཡིན་པས། རང་སྣང་གང་དྲན་དང་། འབྲེལ་མེད་ཀྱི་བྱུང་རིམ་དང་མི་སྣ་ཁོར་ཡུག་སོགས་བཀོད་མེད་པར། གཅིག་གྱུར་རང་བཞིན་ཞིག་དང་ངོས་ཟླུམ་པོའི་རང་བཞིན་ཞིག་ཡིན།
ཀློག་པ་པོས་[4]མྱོང་རོལ་བྱས་པ་ལས་བསྟན་དོན་གང་ཞིག་བསྟན་ཡོད་མེད་ཀྱི་རྣམ་གཞག་དང་། བརྩམས་སྒྲུང་དེའི་ནང་དགག་སྒྲུབ་གང་ཞིག་བྱས་ཡོད་མེད། རིན་ཐང་ཇི་ཙམ་གནས་མིན་སོགས་ལ་དཔྱོད་པའི་ཚེ་ནའང་ཕྱིའི་སྣང་ཚུལ་ངོས་ཀྱི་བྱ་དངོས་རགས་པ་དང་། མིག་མཐོང་ལག་ཟིན་གྱི་སྣང་ཚུལ་ཙམ་གྱི་ངོས་ནས་དཔྱད་བརྗོད་བྱེད་བཏུབ་པ་ཞིག་རེད།
འོན་ཀྱང་དེང་རབས་རིང་ལུགས་བརྩམས་སྒྲུང་གིས་དངོས་ཡོད་རིང་ལུགས་བརྩམས་སྒྲུང་གི་རྩ་བའི་གྲུབ་ཆ་ཆེན་པོ་གསུམ་ལ་གཏོར་བཤིག་གཏོང་གི་ཡོད། བརྩམས་སྒྲུང་དེ་དག་གི་ནང་རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིབ་འབྲི་བྱ་རྒྱུར་མཐོང་ཆེན་མི་བྱེད་ཅིང་། སྐབས་འགར་ཁོར་ཡུག་བྲིས་ཡོད་པ་ལའང་ངེས་གཏན་མེད་ཅིང་། བློ་ཡུལ་ལས་འདས་པའི་རྨི་ལམ་དང་སྒྱུ་མའི་གྲོང་། སྲོལ་རྒྱུན་གྱི་རྩྭ་ཐང་དང་དེང་རབས་ཀྱི་འཕྲུལ་འཁོར་བཟོ་གྲྭ་སོགས་གཤིབས་ནས་སྟབས་ཅིག་ཏུ་བྲིས་པས་ཕན་ཚུན་འབྲེལ་མེད་དང་འགལ་འདུའི་རང་བཞིན་དུ་གནས་ཡོད།
མི་སྣ་བྲིས་པའང་ཕུགས་བསམ་གྱིས་སྟོངས་ཤིང་དངོས་ཡོད་ལ་ཞེན་པ་ལོག་སྟེ་རྨི་ལམ་དང་འཕྲུལ་སྣང་ཁྲོད་དུ་རེ་སྙེག་བྱེད་པའི་ཁྱད་མཚར་བའི་རང་བཞིན་དང་། འགའ་ཞིག་ལ་དངོས་ཡོད་དང་ལྷ་སྒྲུང་ནང་གི་མི་སྣ་གང་ཡིན་གསལ་ཁ་མེད་པར་རབ་རིབ་ཅན་སོགས་སུ་བཞེངས་བསྐྲུན་བྱེད་བཞིན་ཡོད།
བྱུང་རིམ་གྱི་ངོས་ནས་བཤད་ནའང་བྱུང་རིམ་གང་རུང་ཞིག་གི་འཕེལ་རྒྱས་མ་ཚར་བར་འབྲེལ་མེད་ཀྱི་བྱུང་རིམ་གཞན་ཞིག་བཀོད་སྒྲིག་བྱས་ནས་གཏོར་བཤིག་གཏོང་བ་ཡིན་པས་ནང་གི་རྟོག་པ་རང་ཡན་པའི་རྗེས་སུ་འབྲངས་ཆེ་ནས་རང་སྣང་གང་དྲན་ལྟ་བུ་ཤུགས་ཆེར་སྤྱོད་ཀྱི་ཡོད།
དེང་རབས་རིང་ལུགས་བརྩམས་སྒྲུང་ནང་ཁོར་ཡུག་དང་མི་སྣ། བྱུང་རིམ་བཅས་ལ་བདེན་སྣང་རང་བཞིན་དང་གཅིག་གྱུར་སོགས་མེད་པར་འབྲེལ་མེད་ལྟ་བུ་སིལ་བུའི་རང་བཞིན་དུ་གནས་ཡོད། དེས་ན་དངོས་ཡོད་རིང་ལུགས་ལྟར་རྩ་བའི་གྲུབ་ཆ་ཆེན་པོ་གསུམ་ལ་བརྟེན་ནས་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་འཚོ་བའི་སྣང་ཚུལ་འདི་འདྲ་ཞིག་མཚོན་ཞེས་བརྗོད་དུ་མེད་པ་ཡིན།
༢༽ ཁ་ནང་བལྟས་ཀྱི་འཚོལ་སྙེག
བོད་ཀྱི་དངོས་ཡོད་རིང་ལུགས་བརྩམས་སྒྲུང་ནི་སྤྱི་ཚོགས་དང་རང་བྱུང་གི་ཁོར་ཡུག་ངེས་གཏན་ཅན་ཞིག་ནང་བྱུང་རིམ་གྱི་གཏམ་རྒྱུད་གཅིག་བསྒྲིགས་ཤིང་། བྱུང་རིམ་གྱི་སྒྲིག་གཞི་དེ་ལས་མི་སྣའི་སྣང་བརྙན་རང་བཞིན་ཞིག་བཞེངས་བསྐྲུན་བགྱིས་ཏེ། ལོ་རྒྱུས་ཀྱི་དུས་སྐབས་ཤིག་དང་སྤྱི་ཚོགས་གང་རུང་ཞིག་གི་འཚོ་བའི་སྣང་བརྙན་དེ་ཉིད་བདེན་སྣང་ཆེན་པོས་མཚོན་དུས། སྐབས་འདི་ནས་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་ཞེས་པའི་ལྟ་ཚུལ་དེ་ལ་ཡང་འགྲེལ་བཤད་ཅིག་བརྒྱག་རྒྱུ་ཡོད། དེས་ན་དངོས་ཡོད་རིང་ལུགས་བརྩམས་སྒྲུང་གིས་གཙོ་བོ་ཕྱིའི་ཁོར་ཡུག་དང་། མི་སྣའི་ཕྱིའི་སྣང་བརྙན་སོགས་མིག་མཐོང་ལག་ཟིན་གྱི་འཚོ་བའི་སྣང་ཚུལ་མང་པོ་བྲིས་ནས་རང་གི་རིན་ཐང་ཡང་ཕྱིའི་སྣང་ཚུལ་གྱི་ངོས་ནས་མཚོན་པར་བྱེད།
དེང་རབས་རིང་ལུགས་བརྩམས་སྒྲུང་གིས་ནི་ཕྱིའི་རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག མི་སྣའི་ཕྱིའི་སྣང་བརྙན་སོགས་བདེན་སྣང་ཆེན་པོས་ཞིབ་འབྲི་བྱ་རྒྱུ་ལྷུར་བླངས་མེད་པར། ལྡོག་སྟེ་ཕྱི་རོལ་གྱི་སྣང་ཚུལ་ཞིབ་འབྲི་བྱ་རྒྱུར་མཐོང་ཆུང་བྱེད་བཞིན་ཡོད།
དེང་རབས་རིང་ལུགས་བརྩམས་སྒྲུང་རྩོམ་པ་པོ་ཚོས་རང་ཉིད་ཀྱི་ནང་གི་རྟོག་པའི་འཕྲུལ་སྣང་རྒྱ་ཆེར་སྤྲོས་ཏེ་ད་ཡོད་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་འཚོ་བར་སྟུན་མི་དགོས་པར་རྟོག་པ་རྒྱ་རུ་ཡན་ཏེ་རྗོད་འདོད་པའི་དོན་སྙིང་ངོ་མ་དེ་གཏིང་ཟབ་ས་ནས་དང་། ཚད་མཐོ་ས་ནས། དྲང་ལྡོག་གང་རུང་གི་ལམ་ནས་བརྗོད་དེ་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུག་དུས། ཁོང་ཚོའི་བརྩམས་ཆོས་ནང་གི་མི་སྣ་ལ་རང་གཤིས་ངེས་གཏན་མེད་ཅིང་། མི་སྣ་དེ་དག་རྨི་ལམ་དང་སྒྱུ་མའི་ཁྲོད་དུ་གནས་ཡོད་པ་ལྟ་བུ་རང་སྣང་གང་དྲན་གྱི་ཆ་ཤུགས་ཆེས་ཆེ་བས། མི་སྣ་དེ་དག་ལ་སྤྱི་ཚོགས་ཀྱི་འཚོ་བའི་སྒྲིག་རིམ་ཞིག་དགོས་པ་མེད་སྟབས། གནས་ཡུལ་ལ་ངེས་གཏན་མེད་ཅིང་། མཆོང་སྐྱོད་རང་བཞིན་ཅན་ཞིག་ཡིན།
མདོར་དྲིལ་ནས་བཤད་ན་དེང་རབས་རིང་ལུགས་བརྩམས་སྒྲུང་རྩོམ་པ་པོ་ཚོས་ཕྱིའི་སྣང་ཚུལ་ལ་ཤུགས་ཆེར་མི་སྟུན་པར་ནང་སེམས་ཀྱི་རྟོག་སྣང་ལས་བརྩམས་སྒྲུང་གི་སྒྲིག་གཞི་གྲུབ་པར་བྱེད་པས། རྟོག་པ་རང་ཡན་པའི་རྗེས་སུ་འབྲང་རྒྱུ་ལས་ཕྱིའི་སྣང་ཚུལ་གྱི་ཆོས་ཉིད་ཙམ་པོ་བ་དང་། རྒྱུ་འབྲས་ཀྱི་གཏན་ཚིགས་ཙམ་ལ་དཔྱད་དུ་མེད་པར་འདོད།
མིའི་ནང་སེམས་ཀྱི་གསང་བ་ནི་ལྐོག་ཏུ་གྱུར་པ་ཞིག་ཡིན་ན་དེའི་རྟོག་པའི་འཕྲོ་འདུ་ལས་བྱུང་བའི་དེང་རབས་རིང་ལུགས་བརྩམས་སྒྲུང་ཡང་ཅུང་གོ་དཀའ་བར་འབྱུང་བ་ནི་ཆོས་ཉིད་ཅིག་ཡིན་པས། རིན་ཐང་མེད་པ་གཏན་ནས་མིན། དེས་ན་དངོས་ཡོད་རིང་ལུགས་བརྩམས་སྒྲུང་གི་འབྲི་སྟངས་དེ་ཁ་ཕྱིར་ཕྱོགས་ནས་དུས་སྐབས་གཅིག་གི་སྤྱི་ཚོགས་ཀྱི་འཚོ་བའི་སྣང་ཚུལ་ཞིག་དང་ལོ་རྒྱུས་ཤིག་མཚོན་པ་ཡིན་ན། དེང་རབས་རིང་ལུགས་བརྩམས་སྒྲུང་གིས་ཁ་ནང་དུ་ཕྱོགས་ཏེ་མིའི་ནང་སེམས་ཀྱི་གསང་བ་སྔོག་འདོན་གྱི་ལས་སུ་ཞུགས་ཡོད་པ་ཡིན།
དེང་རབས་རིང་ལུགས་བརྩམས་སྒྲུང་ལ་མྱོང་རོལ་བྱེད་པར། འཛམ་གླིང་ཤར་ནུབ་ཀྱི་རྩོམ་རིག་ལོ་རྒྱུས་སྤྱི་དང་། རྩོམ་རིག་གི་གཞུང་ལུགས་ལ་བློ་སྦྱོང་གང་འཚམས་ཡོད་པ། ལྷག་ཏུ་སྒྱུ་རྩལ་རྩོམ་རིག་ལ་མྱོང་རོལ་བྱེད་ཐུབ་པའི་སྒྱུ་རྩལ་གྱི་མིག་དབང་ཡོད་དགོས་པ་ཡིན།
འོ་ན་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ལྟར་གོ་བདེ་བ་ཞིག་བྲིས་ན་ཆོག་པ་ལས། གོ་དཀའ་བའི་དེང་རབས་རིང་ལུགས་འབྲི་བར་ཅིའི་ཕྱིར་ངལ་བ་ལྷུར་ལེན་པ་ཡིན་སྙམ་ན། ནུབ་ཕྱོགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་བལྟས་ན་ཁོང་ཚོས་དུས་རབས་བཅུ་དགུའི་དུས་དཀྱིལ་བར་དངོས་ཡོད་རིང་ལུགས་བྲིས་ནས་སླེབས་ནའང་། དུས་དཀྱིལ་དེ་ནས་སྤྱི་ཚོགས་འཕོ་འགྱུར་གྱི་དབང་གིས་དེང་རབས་རིང་ལུགས་ཞེས་པའི་རྩོམ་རིག་གི་དར་ཆ་ཞིག་མཐོན་པོར་བསྒྲེངས་ཏེ་ལམ་ཀ་གསར་དུ་བཤངས་པ་རེད། ཁོང་ཚོས་ཁ་ནང་དུ་ཕྱོགས་ནས་སྐབས་དེའི་སྤྱི་ཚོགས་ནང་གི་མིའི་ནང་སེམས་ཀྱི་ཡུལ་པོའི་གནས་སྟངས་དང་། ཁེར་རྐྱང་གི་སྐྱོ་གདུང་། འགལ་འདུ་དང་ཟང་ཟིང་གི་རང་བཞིན་[5]དག་མཚོན་པའི་ཆེད་དུ་དངོས་ཡོད་རིང་ལུགས་ཀྱི་སྒྲིག་གཞིས་མིའི་ནང་སེམས་ཀྱི་གསང་བ་ངོ་མ་དེ་མཚོན་པར་བཀག་རྒྱ་བྱས་ཡོང་བས། ནང་སེམས་ཀྱི་གསང་བ་དངོས་དེ་མཚོན་པའི་ཆེད་དུ་རྨི་ལམ་དང་སྒྱུ་མའི་འཕྲུལ་ཐབས། མི་སྡུག་པའི་རང་བཞིན། འཕྱ་ལད་དང་ཟུར་ཟའི་རྣམ་པ་སོགས་ཐབས་ཤེས་བེད་སྤྱད་པས། ད་གཟོད་མིའི་སེམས་ཀྱི་གསང་བ་དངོས་དེ་མཚོན་ཐུབ་པར་སྙམ་ནས་ཡོད།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ལ་བལྟས་ནའང་དེ་མཚུངས་ཏེ། ཐོག་མའི་དངོས་ཡོད་རིང་ལུགས་དེས་མིའི་སེམས་ཀྱི་གསང་བ་དང་ཆོས་དངོས་ཀྱི་རང་བཞིན་ངོ་མ་དེ་མཚོན་པར་བཀག་རྒྱ་ངེས་ཅན་བཟོས་ཡོང་བས། དེའི་རྗེས་ནས་ཁོང་ཚོས་དེང་རབས་རིང་ལུགས་ཀྱི་འབྲི་སྟངས་ལྷུར་བླངས་ཏེ་རང་སྣང་རྟོག་པའི་འཕྲོ་འདུ་རྒྱ་ཆེར་སྤྲོས་ཤིང་ཁ་ནང་དུ་ཕྱོགས་ནས་མིའི་སེམས་ཀྱི་གསང་བ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་བརྟོལ་ནས་གནས་ཚུལ་ལ་རེག་ཐབས་སུ་ཐབས་ཤེས་ཡོད་རྒུས་འབད་ཡོད་པར་འདོད།
འཐུས་ཚབ་རང་བཞིན་ཅན་གྱི་བརྩམས་ཆོས་དང་། དེའི་བཤད་པ།
གོང་བཤད་ལྟར་བོད་ཀྱི་དེང་རབས་རིང་ལུགས་བརྩམས་སྒྲུང་གི་འཐུས་ཚབ་རང་བཞིན་ཅན་གྱི་རྩོམ་པ་པོ་ནི་ལྗང་བུ། པདྨ་ཚེ་བརྟན། སྐྱབས་ཆེན་བདེ་གྲོལ་སོགས་ཡིན་ཞིང་། དེང་རབས་རིང་ལུགས་ཀྱི་ངོས་ནས་ཁོང་ཚོའི་ཚབ་མཚོན་རང་བཞིན་ཅན་གྱི་བརྩམས་སྒྲུང་བརྩམས་ཆོས་ཀྱང་། ལྗང་བུའི་«སོག་རུས་ལས་མཆེད་པའི་རྣམ་ཤེས།» པདྨ་ཚེ་བརྟན་གྱི་«ཡུལ་གྱར་བརྡུང་ལེན་པ་ཞིག་གི་རྨི་ལམ།» སྐྱབས་ཆེན་བདེ་གྲོལ་གྱི་«གླུ་སྐད་སྐྱ་བོ་»སོགས་ཡོད།
དེ་དག་ལས་འདིར་ལྗང་བུའི་«སོག་རུས་ལས་མཆེད་པའི་རྣམ་ཤེས་»ནི་ཕྱི་ངོས་སམ་སྣང་ཚུལ་ཞིག་གི་ངོས་ནས་བལྟས་ན་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་བཞིན་དུ་གཏམ་རྒྱུད་ཀྱི་བྱུང་རིམ་ལ་རྒྱུ་འབྲས་གཏན་ཚིགས་ཅན་ཞིག་དང་། ཚབ་མཚོན་རང་བཞིན་ཅན་གྱི་མི་སྣ་དང་ཁོར་ཡུག་གི་བཀོད་འབྲིའི་དབར་བདེན་སྣང་དང་རྒྱུ་འབྲས་གཏན་ཚིགས་མེད་པར་ཅུང་ཟད་སིལ་བུའི་རང་བཞིན་དུ་གནས་ཡོད།
བརྩམས་སྒྲུང་དེའི་ནང་གཙོ་བོ་མི་སྣ་གསུམ་པ་“ཁོ་”དང་“ཁོའི་ལས་དབང་” “ཁོའི་འཚོ་བ་”རབ་རིབ་ཅིག་བཀོད་ནས་བསྟན་དོན་གང་ཞིག་མཚོན་པར་བྱས་ཡོད་ཀྱང་། ཕྱི་ངོས་ཙམ་དང་སྣང་ཚུལ་ཙམ་ཞིག་གི་ངོས་ནས་སམ། ཡང་ན་དེང་རབས་རིང་ལུགས་རྩོམ་རིག་ལ་མྱོང་རོལ་བྱེད་པར་ཆུ་ཚད་མེད་པའི་ཀློག་པ་པོ་ཞིག་གིས་མྱོང་རོལ་བྱེད་ཐབས་བྲལ་བ་རེད།
དེས་ན་བརྩམས་སྒྲུང་དེའི་ནང་ཐོག་མར་“བདག་”སོག་རུས་ནག་པོ་ཞིག་གིས་མནན་ཡོད་ཅིང་མཇུག་མཐར་བདག་དེའི་འོག་ནས་ཐར་སོང་།
དེའི་གཞུག་ནས་སྔ་ཕྱིིའི་རྒྱུ་འབྲས་ཀྱི་གཏན་ཚིགས་གང་ཡང་མེད་པར་གློ་བུར་ཞིག་གི་ཚུལ་དུ་“ཁོ་”གླེངས་བྱུང་། ཁོ་དང་ཁོའི་སྦྲ་ནག ཁོའི་ཡོ་བྱད་སྐྱེལ་འདྲེན་བྱེད་ཆེད་ཀྱི་ཁལ་མ་ལྔ། ད་དུང་ཁོའི་ལོ་ན།
མཚམས་འདིར་ཁོ་གླེང་མཚམས་བཞག་ནས་དེང་རབས་ཀྱི་འཚོ་བའི་སྣང་ཚུལ་ཏེ། རྒྱ་མཚོ་དང་རྦ་རླབས། འཕྲུལ་འཁོར་གྱི་འཁོར་སྒྲ། གྲུ་གཟིངས་དང་དེའི་སྟེང་གི་མི་ཚོགས་འཚང་ཁ་རྒྱག་པ་བཅས་ཀྱི་སྣང་ཚུལ་གླེང་མཚམས་ནས། ཡང་“ཁོའི་”སྟེང་དུ་བབས་ནས་ཁོས་སོག་རུས་ཤིག་ལ་དཔྱད་པ་གཏོང་གིན་ཁོ་རང་གི་ལས་སྐལ་གྱི་རི་མོ་དེ་འཚོལ་བར་བྱེད་ཅིང་། ཁོ་དང་འབྲེལ་བ་ཡེ་ནས་མེད་པའི་སོག་རུས་ངོས་ཀྱི་གྲོག་མའི་སྣང་ཚུལ་མང་པོ་ཞིག་ཞིབ་འབྲི་བྱས་ཡོད།
མཚམས་འདི་ནས་ཁོས་སོག་རུས་ལ་དཔྱད་པ་གཏོང་བ་བཞིན་དུ་དེང་རབས་ཀྱི་མིས་གཞུང་ལས་ཁང་ཞིག་ཏུ་འཁོར་སྐར་ལ་བརྟེན་ནས་པར་བརྒྱབས་པའི་འདྲ་པར་ཁ་ཤས་མདུན་དུ་བཀྲམ་ནས་དཔྱད་པ་གཏོང་གིན་འདུག དེང་རབས་ཀྱི་མི་ཚོས་པར་དེའི་སྟེང་ནས་“ཡ་ཐོག་གི་ཁྱིམ་ཚང་ཞིག་གི་ཐོག་མའི་གྲུབ་ཚུལ་མཚོན་པའི་མ་དཔེ་གསོན་པོ་ཞིག་རྙེད་བྱུང་”ཞེས་མིའི་རིགས་རིག་པར་མཁས་པ་ཚོས་དེ་ལྟར་ཟེར་བཞིན་དགག་སྒྲུབ་བྱེད། དེ་མཚམས་ནས་ཡང་“ཁོའི་”རྒན་མོའི་སྐོར་གླེངས་བྱུང་། ཁོའི་རྒན་མོའི་ཕྱིའི་སྣང་བརྙན་དང་། མོ་དང་ཁོ་གཉིས་དབར་གྱི་ཐོག་མའི་བརྩེ་དུང་དང་། བར་གྱི་འཚོ་བའི་གནས་བབས། ད་ལྟའི་སྣང་ཚུལ་བཅས་གླེང་བ་བརྒྱུད་དེ་ཁོའི་འཚོ་བའི་གཏམ་རྒྱུད་ཅིག་བཀོད་ནས་བརྩམས་སྒྲུང་མཇུག་རྫོགས།
བརྩམས་སྒྲུང་འདིའི་ཕྱི་ངོས་ཙམ་དང་སྣང་ཚུལ་ཙམ་ཞིག་གི་ངོས་ནས་བལྟས་ན་གོང་གི་ལྷུག་བརྗོད་བྱེད་སྟངས་ལས་སྲོལ་རྒྱུན་དང་དེང་རབས་ཀྱི་འཚོ་བའི་རང་བཞིན་གཉིས་གཤིབ་སྡུར་ལྟ་བུའི་ཚུལ་དུ་བསྟན་ཡོད་ནའང་། དོན་ལ་བརྩམས་སྒྲུང་ནང་དེ་གཉིས་དབར་བྱུང་རིམ་སྔ་ཕྱིའི་རྒྱུ་འབྲས་ཀྱི་གཏན་ཚིགས་གང་ཡང་མེད་པར་འབྲེལ་མེད་དོན་གཞན་ཞིག་གི་ཚུལ་དུ་ཐོན་པར་སྣང་བས། གཏམ་རྒྱུད་སྙན་པོ་དང་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ལ་དགའ་བའམ། དེ་དག་ལ་མྱོང་རོལ་བྱེད་པའི་ཆུ་ཚད་ཡོད་ལ་མེད་ལ་ཅན་གྱི་ཀློག་པ་པོ་ཕལ་པ་ཞིག་གིས་དེ་ནི་བརྩམས་སྒྲུང་འབྲི་མི་ཤེས་མཁན་ཞིག་གིས་བྲིས་པ་རེད་ཟེར་སྲིད་ནའང་། དོན་ལ་ནི་དེ་ལྟར་མིན།
དེས་ན་བརྩམས་སྒྲུང་འདི་ལ་མྱོང་རོལ་བྱེད་པར་གཏམ་རྒྱུད་ཀྱི་བྱུང་རིམ་དང་། མི་སྣ་དང་ཁོར་ཡུག་སོགས་གླེང་རྒྱུ་མིན་པར། མིག་དབང་གཞན་ཞིག་དཔྱད་དེ་སྲོལ་རྒྱུན་དང་དེང་རབས་ཀྱི་འཚོ་བའི་སྣང་ཚུལ་མཚོན་བྱེད་ཀྱི་ཡིད་བརྙན་ཏེ་རྩྭ་ཐང་དང་། ཁལ་མ། སོག་རུས། སྤྲེལ་ལོ། ལྷའི་ལུང་བསྟན། རི་བོང་ཁ་ཤོ་བྱང་ཆུབ་སེམས་དཔའ་སོགས་དང་། དེང་རབས་ཀྱི་འཕྲུལ་འཁོར་གྱི་འཁོར་ལོའི་སྐད་སྒྲ། གྲུ་གཟིངས། འཁོར་སྐར། ལོ་ཡུ།[6] ཀུང་ཧྲེ་[7]སོགས་མཚོན་བྱེད་རང་བཞིན་ཅན་གྱི་ཡིད་བརྙན་ཚོགས་པར་བརྟེན་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་འཚོ་བའི་སྣང་ཚུལ་ལ་ལྟ་སྟངས་ཤིག་གམ། ཡང་ན་དགག་སྒྲུབ་ཅིག གང་ལྟར་ཡང་ཀློག་པ་པོ་སོ་སོའི་མྱོང་རོལ་གྱི་ཆུ་ཚད་དང་མཐུན་པར་གོ་བ་བླང་རྒྱུ་ལས། དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ལྟར་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ལྟོས་ནས་བསྟན་དོན་དངོས་དེ་འདི་རེད་ཅེས་པའི་སྡོམ་ཚིག་འཇོག་ཏུ་མེད། གལ་ཏེ་ཀློག་པ་པོ་ཕལ་པ་ཞིག་གིས་བཀླགས་ན་མཐའ་མའི་སྡོམ་ཚིག་ཏུ་“ཆོ་མི་འདུག་”ཅེས་ཟེར་སྲིད་ནའང་དོན་ལ་དེ་ལྟར་དུ་མི་གནས།
དཔེར་ན་ལྗང་བུའི་བརྩམས་སྒྲུང་འདི་ལ་དཔྱད་བརྗོད་པ་དག་གིས་འདི་ལྟར་གླེང་ཡོད་དེ། “རྩོམ་ཧྲིལ་པོ་དོན་གྱིས་ནང་དོན་ཚན་ཁག་གཉིས་ཀྱིས་གྲུབ་ཡོད་དེ། གཅིག་ནི་དེང་རབས་ཀྱི་བྱ་དངོས་གསར་པའི་ཚན་ཁག་སྟེ། རྒྱ་མཚོ་ཆེན་པོའི་ཀློང་ན་རླབས་ཀྱིས་གཡོ་ཞིང་འདེད་པའི་གྲུ་གཟིངས་དང་། འཁོར་སྐར་ལ་བརྟེན་ནས་པར་བརྒྱབས་པའི་འདྲ་པར་ལ་དཔྱད་པ་གཏོང་བ་དང་། ཟླ་བའི་སྟེང་འགྲོ་བ་མི་ཡིས་རྐང་རྗེས་བཀོད་པ་དང་། དེང་རབས་ཐོན་རྫས་སྒྲ་ཕབ་འཁོར་ལོ་བཅས་སྔོན་ཐོན་གྱི་བྱ་གཞག་མང་པོ་ཞིག་དང་།
ཚན་ཁག་ཅིག་ཤོས་པ་ནི་སོག་རུས་མེར་བསྲེགས་ཏེ་མོ་འདེབས་པ་དང་། འདྲ་པར་ལ་དཔྱད་པ་གཏོང་མཁན་གྱི་དཔྱད་གླེང་ནང་དོན་ཏེ་ཡ་ཐོག་གི་ཁྱིམ་ཚང་ཞིག་གི་ཐོག་མའི་གྲུབ་ཚུལ་དང་། རྐང་པ་ན་བར་ཁྲུས་ཆུ་བྱུགས་པ་དང་། ཟླ་བའི་ནང་ན་རི་བོང་ཁ་ཤོ་བྱང་ཆུབ་སེམས་དཔའ་ཡོད་པའི་ལྷ་སྒྲུང་བཅས་དེང་རབས་ཤེས་རིག་གི་འབྲས་བུར་ལོངས་སྤྱོད་ཐུབ་མེད་པའི་གདོད་མའི་མི་རིགས་ཤིག་གི་ཁྱད་ཆོས་བཅས། རྩོམ་གྱིས་བསྟན་དོན་གསལ་བར་བྱེད་བདེ་བའི་གཤིབ་སྡུར་ཞིག་གིས་རྩོམ་གྱི་སྒྲིག་གཞི་གྲུབ་པར་བརྩམས་ཏེ་གསར་རྙིང་དང་སྔོན་ཐོན་རྗེས་ལུས་ཀྱི་ཁྱད་པར་གསལ་བར་བསྟན་ཡོད། སོག་རུས་ལས་མཆེད་པའི་རྣམ་ཤེས་འདི་གཙོ་བོ་སྒྱུ་རྩལ་རྣམ་པའི་སྒོ་ནས་དེང་རབས་རིང་ལུགས་སུ་གཞོལ་བ་ལས། ནང་དོན་གྱི་ཆ་ནས་དེང་རབས་བཟོ་ལས་ཤེས་རིག་གི་འབྲས་བུ་ལ་སྐྱོ་ཞིང་དུབ་པའི་བསྟན་དོན་སྟོན་པ་ཅན་ཞིག་མིན་པ་ང་ཚོས་ཤེས་ཐུབ།”[8]ཅེས་དང་།
ཡང་དཔྱད་བརྗོད་པ་གཅིག་གིས་“རྩོམ་འདིའི་ནང་དོན་ཡང་གཙོ་བོ་རྗེས་ལུས་ཀྱི་གནས་བབ་ལ་དགག་སྟེ་དེང་རབས་ཀྱི་འཕེལ་རྒྱས་སུ་གོམ་ཁ་བསྒྱུར་དགོས་པར་སྐུལ་མ་གཏོང་བ་དེ་རེད་སྙམ།”[9]ཞེས་སོ་སོས་ལྟ་ཚུལ་དེ་ལྟར་བཤད་ཡོད་པ་རེད།
མཇུག་གི་སྐད་ཆ།
དོན་དམ་པའི་རྩོམ་པ་པོ་ཞིག་གིས་བརྩམས་པའི་བརྩམས་ཆོས་ཀྱིས་ནི་འགྲོ་བ་མིའི་ལས་དབང་ལ་ཁ་ལོ་སྒྱུར་བཞིན་ཡོད་པ་རེད། དཔེར་ན་ལུའུ་ཞུན་གྱི་རྩོམ་གྱིས་ཀྲུང་གོའི་རྒྱལ་ཁབ་བསྐྱབས་པ་དང་། དོན་གྲུབ་རྒྱལ་གྱིས་བརྩམས་པའི་«སྤྲུལ་སྐུ་»དང་། ཚ་བ་མདའ་སྨྱུག་དང་ཞོགས་དུང་སོགས་ཀྱི་འབོལ་རྩོམ་གྱིས་བོད་མིའི་རྣམ་ཤེས་གཉིད་ལས་བསླངས་པ་རེད། དེས་ན་དོན་དམ་པའི་རྩོམ་པ་པོ་དང་བརྩམས་ཆོས་འབྱུང་བ་ནི་འགྲོ་བ་མིའི་ཤེས་རིག་གི་དགོས་མཁོ་ཞིག་དང་། བླ་སྲོག་ལ་ངར་ལྡུད་བྱེད་ཅིག་ཡིན་པས། དེའི་རིན་ཐང་མངོན་པར་རང་གི་ཁོར་ཡུག་ནང་རྩོམ་རིག་མྱོང་རོལ་བྱེད་ཐུབ་པའི་རྟོགས་པ་སད་ཐུབ་དགོས་པའི་ཕྱིར། དེས་ན་སྐབས་འདིར་འབད་པའི་དམིགས་ཡུལ་ཡང་དེ་འདྲ་ཞིག་ལ་བཟུང་ནས་ཡོད།
དཔྱད་གཞིའི་ཡིག་ཆ།
༡ «བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ།» བདུད་ལྷ་རྒྱལ།
༢ «སྨྱུག་སྡེ།»འདོན་ཐེངས་གསུམ་པ། སྨྱུག་སྡེ་རྩོམ་སྒྲིག་པ།
༣ «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།»
༤ «བསླུ་བྲིད།» པདྨ་ཚེ་བརྟན། ཁོང་གི་སྒྲུང་ཐུང་ཕྱོགས་བསྒྲིགས།
༥ «སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག» བན་དེ་མཁར་གྱིས་བརྩམས།
༦ «འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས།» མི་རིགས་དཔེ་སྐྲུན་ཁང་།
[1] བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་དང་། བརྩམས་སྒྲུང་གསར་པ་ཞེས་པའི་ཐ་སྙད་གཉིས་པོ་འདི་ནི་བདུད་ལྷ་རྒྱལ་གྱིས་«བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ།»ཅེས་པའི་དཔྱད་རྩོམ་ནང་བེད་སྤྱོད་རྒྱ་ཆེན་པོ་བཏང་ཡོད།
[2] འོན་ཀྱང་ཐེངས་འདིར་«སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་»ཀྱི་བརྩམས་སྒྲུང་ཐེ་མེད། དངོས་ཡོད་དང་སྒྱུ་འཕྲུལ་ཟུང་དུ་འབྲེལ་བའི་དེང་རབས་རིང་ལུགས་བརྩམས་སྒྲུང་གི་གྲུབ་མཐའ་འདི་དང་ཆ་མཚུངས་ཙམ་ཞིག བོད་རང་ལའང་གདོད་མ་ཉིད་ནས་དངོས་ཡོད་དང་ལྷ་སྒྲུང་ཟུང་དུ་སྦྲེལ་བའི་གཏམ་རྒྱུད་ཡོད་པས། དེའི་སྐོར་གཞན་དུ་དམིགས་བསལ་གྱིས་བཤད་དགོས་པར་འདུག་ན་གཞན་དང་གཞན་དུ་གླེང་རྒྱུ་ཡིན།
[3] དཔེར་ན་སྤྱི་ལོ་ ༡༩༥༠ ལོ་ནས་ཀྲུང་དབྱང་མི་རིགས་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གླིང་བྱུང་བ་སོགས་ཀྱིས་མཚོན་ནུས།
[4] དཔྱད་བརྗོད་པ་དང་གཞུང་ལུགས་པ་ཡང་འདུས།
[5] འདི་ལྟར་ཆགས་དོན་ནི་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་འགལ་འདུས་རྒྱུ་རྐྱེན་བྱས་པ་ལས་དེ་ལྟར་བྱུང་བ་རེད།
[6] སྒྲ་སྡུད་འཕྲུལ་འཁོར།
[7] ཡུལ་ཚོ་ལ་གོ
[8] བདུད་ལྷ་རྒྱལ། «བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ།»
[9] འཕགས་པ་སྐྱབས། «སོག་རུས་ལས་མཆེད་པའི་རྣམ་ཤེས་ཀྱི་ལྷུག་བརྗོད་སྒྱུ་རྩལ་རགས་བཤད།»