པདྨ་ཆོས་དར། ལོ་རིམ་བདུན་པ།
ང་ཚོ་བོད་གངས་ཅན་པ་ནི་ཤ་དང་རུས་པའི་ཁྲག་རྒྱུན་གྱི་བར་ཐག་མ་ཆད་པར་སྐྱིད་སྡུག་གི་མྱོང་བ་མཉམ་ཁུར་དང་། མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་གཤིབས་ཏེ། སྔོན་བྱོན་མེས་པོ་རྣམས་ཀྱིས་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་སྲོལ་བཏོད་པ་ནས་བཟུང་སྟེ། རང་གཅིག་པུར་གཅེས་པ་དང་། སྤྲོ་བ། དགའ་བ་ཙམ་མ་ཡིན་པར་ཉམ་ཆུང་དུད་འགྲོའི་ཚེ་སྲོག་ལ་རྩི་མཐོང་དང་། སྨྲེ་སྔགས་ལ་བྱམས་བརྩེ་ལྡན་པའི་བསམ་གཞིག་གི་ཁ་དོག་རབ་ཏུ་འཕྱུར་བའི་རླབས་ཆེན་གྱི་མི་རིགས་ཤིག་ཏུ་གྱུར།
དེ་ཡང་ཟེར་སྒྲོས་ཤིག་ལ་སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ་དང་། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུ་ཞེས། རང་ཅག་ཆོལ་གསུམ་བོད་ནི་ཞིང་ཁ་གྲུ་བཞི་མ་གཅིག་གི་ནང་དུ་སྐྱེས་པའི་ལོ་ལེགས་ཕུན་སུམ་ཚོགས་པའི་རྩི་ཤིང་དང་མེ་ཏོག་གི་ཚོམ་བུ་བཞིན་དུ་ལྷན་ཅིག་ཏུ་འཚོ་གནས་བྱས་པའི་མི་རིགས་ཤིག་ཡིན་པར་མཚོན་འདུག དེ་བཞིན་འཛམ་གླིང་གོ་ལ་ཧྲིལ་པོའི་སྒང་གི་མི་རིགས་གང་དང་སུ་ཞིག་ཡིན་རུང་རང་སྐད་དང་རང་ཡིག་རེ་ཡོད་པ་སྨོས་མེད་བཞིན་དུ་བོད་ཁ་བ་ཅན་ལ་ཡང་མེས་དབོན་རྣམ་གསུམ་གྱི་ཐུགས་བསྐྱེད་དང་། སློབ་དཔོན་ཐོན་མི་སཾ་བྷོ་ཊའི་བཀའ་དྲིན་ལ་བརྟེན་ནས་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྲུབ་པ་དེ་སུ་ལའང་ངོ་ཚ་དང་། ཁྲེལ་དོགས། ཁ་སྐྱེངས་མི་དགོས་པར་སྐད་ཡིག་སྤུས་གཙང་ལེགས་གྲས་ཤིག་བཟོས་འདུག
ཡིན་ཡང་ད་ལྟའི་དུས་སུ་ཆོལ་གསུམ་བོད་མི་ཡོངས་ཀྱིས་ངེས་པར་དུ་རང་ལ་ལྟོས་ཏེ་ངོ་ཚ་དང་། གཞན་ལ་ལྟོས་ནས་ཁྲེལ་ཡོད་དགོས་པ་ཞིག་ལ་དབྱངས་གསལ་སོ་བཞི་རྣམས་ལས་རྐྱང་པ་དང་། འདོགས་ཅན། མགོ་ཅན། སྦྱོར་ཀློག་སོགས་ཀྱི་སྐབས་སུ་ཤིན་ཏུ་ཀློག་ནོར་ཐེབས་པའི་འཁྲུལ་རིགས་འགའ་ཞིག་མཆིས་པ་དག ངས་ཚིག་ཉུང་ལ་དོན་འདུས་པ་ཁ་གསལ་པོའི་ཐོག་ནས་དཔྱད་པ་ཕྲན་བུ་ཞིག་བྱེད།
ཆོལ་གསུམ་བོད་མིའི་སྤྱི་སྐྱོན་དུ་གྱུར་པ།
ཀ་དང་ག་གཉིས་ལ་ཀ་ཁ་ཕྱེ་དང་ག་ཁ་ཟུམ་ཟེར་བ་དང་། ཅ་དང་ཇ་གཉིས་ལ་ཅ་རིལ་དང་ཇ་ར། ཏ་དང་ད་གཉིས་ལ་ཏ་སྒུར་དང་ད་རྐྱ། པ་དང་བ་གཉིས་ལ་པ་ཁ་དབྱེ་དང་བ་ཁ་སྡོམ། འ་དང་ཨ་གཉིས་ལ་འ་ཆུང་དང་ཨ་ཆེན་ཞེས་མིང་འདི་ལྟར་བཏགས་པ་ནི་རང་ཅག་རྣམས་ཀྱིས་གསལ་བྱེད་སུམ་ཅུ་ལ་ཀློག་ནོར་ཐེབས་པའི་འབྲས་རྟགས་ཡང་དག་ཅིག་ཡིན་པས། ད་དུང་རང་རེ་རྣམས་ཀྱིས་བག་མེད་ལོངས་སྤྱོད་དང་། ངན་པ་རྒྱུན་འབྱམས། སྒྱིད་ལུག་ལང་ཤོར་དུ་བཏང་ནས་ཁུ་སིམ་མེར་ལྷིང་འཇགས་སུ་གནས་པ་དེ་ཅི་འདྲའི་ཡིད་མུག་པ་ཞིག་མ་རེད་དམ།
མདོ་སྨད།
ཨ་མདོ་བ་རྣམས་ཀྱིས་རྐྱང་འདོགས་མགོ་ཅན་སྦྱོར་ཀློག་སོགས་གང་ལྟར་བཀླགས་ཀྱང་མཆུ་ཏོ་གཉིས་ཐད་ཀར་རང་སོར་བཞག་སྟེ་ལྕེ་རྩེ་རྐན་ལ་མ་རེག་པར་མགྲིན་པ་ཅུང་ཙམ་གཟེངས་སུ་བཏོད་ནས་ཀློག་བཞིན་འདུག་པ་ལ། གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་གི་ང་རོའི་སྒྲ་གདངས་རྣམས་ལ་ཅུང་ཙམ་ཡག་བསྟོད་བྱེད་འོས་ཀྱང་མཆུ་ཏོ་གཉིས་བགྲད་པ་དང་ལྕེ་རྩེ་རྐན་ལ་འཐེན་སྦྱོར་གྱི་ནུས་པ་ཞན་པས་དབྱངས་བཞི་ལས་གི་གུ་དང་འགྲེང་བུ་གཉིས་ཀྱི་སྒྲ་གདངས་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཏུ་ཆགས་འདུག[1] དཔེར་ན། བཅིངས་འགྲོལ་དང་། ཏིང་ངེ་འཛིན། མིང་། སྙིང་རྗེ། ཀེང་རུས། ལེགས་ཚོགས་ཞེས་པ་ལྟ་བུའི་རིགས་ལ། བཅངས་འགྲོལ་དང་། ཏང་ངེ་འཛིན། མང་། སྙང་རྗེ། ཀང་རུས། ལགས་ཚོགས་ཞེས་ཀློག་གིན་འདུག་པ་འདི་ལ་གི་གུ་དང་འགྲེང་བུའི་སྒྲ་གདངས་ཟུར་ཙམ་ཡང་ཐོན་གྱི་མེད་པ་ནི་དོ་སྣང་ཅན་གྱི་མི་ཞིག་ཡིན་ཕྱིན་ཐོས་པ་ཙམ་གྱིས་གོ་ཐུབ་པས་ཡང་དང་བསྐྱར་ཉན་བྱེད་དགོས་པ་ཞིག་ཁྱོན་ནས་མིན།
ཡང་ཡུལ་ལུང་འགའ་ཞིག་གིས་ཕ་དང་ཧ་གཉིས་སྒྲ་གདངས་གཅིག་ལྟར་ཀློག་པ་ནི། ངའི་ཕ་ཡུལ་ཕ་ས་ཕ་ཡུལ་ཞེས་པ་ལ་ངའི་ཧ་ཡུལ་ཧ་ས་ཧ་ཡུལ་ཟེར་བ་དང་། ཕར་འགྲོ་བ་དང་ཚུར་འོང་བ་ཞེས་པ་ལ་ཧར་འགྲོ་བ་དང་ཚུར་འོང་། ཕར་ཤོག་ཅེས་པ་ལ་ཧར་ཤོག ཆུ་ལ་ཕར་བརྒལ་ཞེས་པ་ལ་ཆུ་ལ་ཧར་བརྒལ་ཟེར་བ་སོགས་ཀློག་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་ཡིག་ཐོག་ཏུ་འབྲི་སྐབས་ཕར་འབྲི་བ་མ་གཏོགས་ཧར་འབྲི་བའི་ལུགས་སྲོལ་མེད་པ་ཞིག་རེད་སྙམ། ཡང་འགའ་རེས་ཞ་དང་ཤ་གཉིས་སྒྲ་གདངས་གཅིག་ལྟར་ཀློག་མཁན་རེ་ཟུང་འདུག་པ་དེ་དག་རྡུལ་ཁྲོད་ཀྱི་ཤ་ཟ་བཞིན་དུ་བྱི་དོར་གཙང་སྦྲ་བྱེད་འོས།
མདོ་སྟོད།
ཁམས་པ་རྣམས་ཀྱིས་རྐྱང་འདོགས་མགོ་ཅན་སྦྱོར་ཀློག་གང་བྱས་ཀྱང་མཆུ་སྒྲོས་ཅུང་ཙམ་ཙོག་ཙོག་བྱས་ཏེ་ལྕེ་རྩེ་ནང་དུ་སྒྲིམ་ཞིང་འཐེན་ཏེ་མགྲིན་པ་གཟེངས་སུ་བཏོད་ནས་ཀློག་པ་ལ། དབྱངས་གསལ་སོ་བཞིའི་ནང་ནས་རྣ་རུའི་སྒྲ་གདངས་ཇི་བཞིན་ཐོན་པ་ལ་བསྟོད་དུ་ཆོག་ཀྱང་མཆུ་ཏོ་གཉིས་མཉམ་དུ་སྡེབ་སྦྱོར་གྱི་ནུས་པ་ཞན་པའི་རྐྱེན་གྱིས། ཐབས་ལ་མཁས་པ་ཞེས་པ་ལ་ཐོབས་ལ་མཁས་པ་ཟེར་བ་དང་། སྐབས་སུ་བབ་པ་ལ་སྐོབས་སུ་བབ་པ་ཞེས་པ་ལྟར་སོགས་དབྱངས་ཡིག་རྣ་རུའི་སྒྲ་གདངས་འཐེབ་ལྷག་སྦྱོར་གྱིན་འདུག་པ་ལ་གུ་ཡངས་ངང་ནས་དུག་སེལ་བྱེད་དགོས།
ད་དུང་ཡུལ་ལུང་འགའ་རེ་ན་བྱ་བ་ལམ་འགྲོ་ཞེས་པ་ལ་ཙ་བ་ལམ་འགྲོ་ཟེར་བ་དང་། ཕ་རོལ་ཏུ་ཕྱིན་ཞེས་པ་ལ་ཕ་རོལ་ཏུ་ཚིན་ཟེར་བ་སོགས་ཀློག་ཚུལ་སྣ་ཚོགས་ཤིག་འདུག
དབུས་གཙང་།
དབུས་གཙང་པ་རྣམས་ཀྱིས་རྐྱང་འདོགས་མགོ་ཅན་སྦྱོར་ཀློག་གང་བྱས་ཀྱང་མཆུ་གཉིས་བགྲད་པ་དང་ལྕེ་རྩེ་ཅུང་ཙམ་རྐན་ལ་སྦྱར་ནས་མགྲིན་པ་ལྷོད་པོར་བཞག་སྟེ་ཀློག་བཞིན་འདུག་པ་ལ།
དབྱངས་ཡིག་རྣམས་ཀྱི་ནང་ནས་གི་གུ་དང་འགྲེང་བུ་གཉིས་ཀྱི་སྒྲ་ཇི་བཞིན་ཐོན་པ་ནི་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་ཡིན་ཡང་མཆུའི་སྟངས་སྟབས་དང་ངག་ལ་དྲག་ཞན་གྱི་འགུལ་སྐྱོད་སོགས་མེད་པས།[2] དཔེར་ན། ཤར་ཕྱོགས་དང་། བརྩོན་འགྲུས། མངོན་པ་མཛོད་ལྟ་བུའི་རིགས་ལ་རྣ་རུའི་སྒྲ་གདངས་མ་ཐོན་པ་དང་། དེ་ལས་ཀྱང་ཧ་ཅང་ནོར་ཚབས་ཆེ་བའི་རིགས་འགའ་ཞིག་ཡོད་པ་ནི་གི་ཀྱི་གྱི་འི་ཡི་ལྔ་པོར་རྗེས་འཇུག་ས་ཡིག་སྦྱར་བའི་ཚེ་གིས་སུ་དང་ཀྱིས་སུ་གྱིས་སུ་འིས་སུ་ཡིས་སུ་ཞེས་པ་དང་། ད་དུང་སྐབས་དང་། དུས། དེས་སོགས་ལ་ཡང་སུ་ཡིག་མེད་པ་ལ་སུ་སྒྲ་འཐེབ་ལྷག་སྦྱར་ནས་ཀློག་པ་ནི་ནད་ངན་ཨེ་ཙིའི་ཁ་རླངས་ཤིག་དང་གཉིས་སུ་མ་མཆིས་སོ།།
ཡང་རྒྱུགས་ཆེ་བ་ཞིག་ལ་བླ་མའི་སྐུ་ཚེ་བརྟན་པ་དང་ཞེས་པ་ལ་བླ་མའི་སྐུ་ཚེ་བརྟེན་པ་དང་། རྒྱལ་བའི་བསྟན་བཅོས་ཞེས་པ་ལ་རྒྱལ་བའི་བསྟེན་བཅོས། མེ་ཏོག་པདྨ་ཞེས་པ་ལ་མེ་ཏོག་པེདྨ་ཟེར་བ་སོགས་ནི་དབྱངས་ཡིག་མེད་པ་ལ་དབྱངས་ཡིག་འགྲེང་བུ་བཙན་འཛུད་བྱས་ནས་ཀློག་པ་ལྟ་བུའོ།།
གང་ལྟར་རང་ཅག་བོད་མི་ཡོངས་ནས་དབྱངས་གསལ་སོ་བཞིའི་ཡི་གེ་རྣམས་ཀློག་སྟངས་ཐད་ནས་སྣང་ཆུང་ཁུར་མེད་དང་། མཐོང་ཆུང་ལྷོད་ཡངས། སྣང་བ་གང་དྲན་བྱས་ཏེ་མཉམ་པར་མ་བཞག་པའི་རྐྱེན་གྱིས་ནོར་འཁྲུལ་འདི་དག་བྱུང་བ་ནི་བརྩད་བྱ་མིན་ཡང་དོ་སྣང་བྱེད་དགོས།
གོང་དུ་བཤད་པ་འདི་དག་ཆོལ་གསུམ་བོད་མི་རེ་རེ་ལ་ནོར་འཁྲུལ་བྱུང་ཡོད་མེད་དྲིས་ན་རང་སྐྱོན་སྦེད་ཐབས་གཡོ་ཟོལ་གྱི་འཆལ་གཏམ་སྣ་ཚོགས་ཤིག་བཤད་ངེས།
མདོ་སྨད་པ་ཞིག་ལ་ཁྱེད་ཀྱི་སྒྲ་གདངས་དེ་འགྲིག་མི་འདུག་ཅེས་བརྗོད་ཚེ། ཨ་མདོ་ནི་ཤེས་རིག་གི་འབྱུང་ཁུངས་དང་། བློ་ལྡན་ཀྱི་བླ་བུ། བོད་སྐད་ཆོས་དང་མཐུན་པ་འབྲོག་སྐད་ཡིན་ཟེར་བ་དང་།
མདོ་སྟོད་པ་རྣམས་ཀྱིས་མེས་པོའི་ཤུལ་བཞག་གི་བཀའ་དང་བསྟན་བཅོས་ཀྱི་བརྡ་རྙིང་དང་མཐུན་པ། དཔའ་མཛངས་ཅན་གྱི་རིགས་རྒྱུད། བློ་ཁོག་དང་གཟུགས་དབྱིབས་ཆེ་བར་བཤད།
དབུས་གཙང་པས་དམ་པའི་ཆོས་ཀྱི་དབུ་བརྙེས་རབས་དང་། དབྱངས་གསལ་སོ་བཞིའི་སྲོལ་གཏོད་ས། ལས་འབྲས་དང་བྱམས་བརྩེ་ཅན་གྱི་མི་རིགས་ཡིན་ཞེས་པ་སོགས་སྐྱོན་ལ་ཟུར་དུ་བཟུར་ཐབས་ཀྱི་རང་འདོད་ངན་རྒྱབ་དང་། ལྟོས་མེད་རྡོག་རོལ་བྱེད་པ་མ་ཡིན་པར།
ཐོན་མི་རང་ཉིད་ཀྱིས། སུམ་ཅུ་པ་ལས།[3] བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །ཞེས་གསུངས་པ་བཞིན་དུ་ཡི་གེའི་འབྱུང་བའི་རྒྱུ་མགྲིན་པ་དང་། རྐན། སྤྱི་བོ། སོ། མཆུ་རྣམས་སྡེབ་སྦྱོར་ལ་འབད་པ་དང་། ང་རོ་འབྱེད་བྱེད་དྲང་པོ་དང་། བཀུག་པ། སྨད་པ། བསྒྲེང་བ། བསྟོད་པ་སྟེ་སྒྲ་གདངས་དྲག་ཞན་གྱི་རྐྱེན་སོགས་ཚང་བའི་སྒོ་ནས་ཀློག་འདོན་བྱེད་པ་ནི་གདོང་དམར་ཆོལ་གསུམ་རང་ཅག་རྣམས་ཀྱི་ཕྲག་ཏུ་བབས་པའི་རང་འཁྲི་ཞིག་རེད་བསམས་ནས་དངོས་མཐོང་འགའ་ཞིག་དཔྱད་གཞི་ཙམ་དུ་སྤེལ་བའོ།།
གངས་དང་རྫ་རིའི་ཁྲོད་ནས་གཙང་ཆུ་དྭངས་མ་འཐུང་།།
མཛེས་སྡུག་སྤང་ཐང་ཡངས་སར་རྟ་ནོར་རྗེས་སུ་དེད།།
དབྱངས་གསལ་སོ་བཞི་སྦྱང་སྟེ་རང་སྐད་རྣལ་མ་ཞིག།
མི་རིགས་ཡུན་གནས་ཡོང་བར་ཀུན་ཀྱིས་ལག་རྡང་སྦྲེལ།།
[1] སྐབས་འདིར་ཨ་མདོ་བའི་མིང་སྨོས་པ་ནི་མཚན་གཞི་ཙམ་ངོས་བཟུང་བ་ལས། འབྲོག་སྐད་ཐམས་ཅད་ཀྱང་འདིའི་གྲས་སུ་གཏོགས་ཡོད།
[2] སྐབས་འདིར་དབུས་གཙང་བའི་མིང་སྨོས་པ་ནི་མཚན་གཞི་ཙམ་ངོས་བཟུང་བ་ལས། ཧི་མཱ་ལ་ཡའི་རིགས་རྒྱུད་སོགས་ཀྱང་འདིའི་ཁོངས་སུ་གཏོགས།
[3] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། རྩ་དེབ། ཤོག་གྲངས། ༡༨༤ པར་གསལ།