བྱམས་བརྩེའི་འབྲས་བུ།

ཨ་གཡུ་བཙུན། (བོད་ནང་།)


བླ་མ་དམ་པས་དབང་ལུང་གདམས་པ་ཡིས།།
རིས་མེད་གདུལ་བྱ་གང་དག་སྨིན་གྲོལ་སར།།
འགོད་ལ་ཐུགས་ངལ་ནམ་ཡང་མི་སེམས་པ།།
དེ་ཡང་མ་སྨད་བྱམས་བརྩེའི་འབྲས་བུ་ཡིན།།


བྱམས་ལྡན་ཨ་མས་ཚེ་མཇུག་མ་བསྡུས་བར།།
ལུས་དང་ཡིད་ཀྱི་སྡུག་བསྔལ་བཟོད་བྱས་ཏེ།།
བུ་ཕྲུག་འདི་ཚོ་བདེ་ཐབས་སྐྱིད་ཐབས་ཆེད།།
ངལ་བ་དེ་ཡང་བྱམས་བརྩེའི་འབྲས་བུ་ཡིན།།


ལྷག་བསམ་རབ་དཀར་དགེ་རྒན་ལ་ལ་ཡིས།།
ཉིན་གྱི་ཟས་དང་མཚན་གྱི་གཉིད་བཅག་སྟེ།།
སློབ་ཁང་དབུས་སུ་སློབ་ཚོགས་ཀུན་སྐྱོང་བ།།
དེ་ཡང་ཁོང་གི་བྱམས་བརྩེའི་འབྲས་བུ་ཡིན།།


གཉེན་ཉེའི་འབྲེལ་བ་ཡལ་བར་མ་དོར་བའི།།
སྤུན་སྲིང་ཕལ་ཆེར་སྐྱིད་སྡུག་གཅིག་པ་འདི།།
གཉེན་གྱི་འབྲེལ་བས་ཡིན་མོད་དོན་ངོ་མར།།
དེ་ཡང་ནང་གི་བྱམས་བརྩེའི་འབྲས་བུ་ཡིན།།


སྐྱིད་སྡུག་གང་བྱུང་སྐབས་སུ་མཐོང་ལམ་ན།།
ཡོད་པའི་འགྱུར་མེད་གྲོགས་པོ་དམ་པ་ཡིས།།
སྙན་དང་མི་སྙན་ལམ་ནས་སློབ་གསོའི་ཚིག།
སྨྲས་པ་དེ་ཡང་བྱམས་བརྩེའི་འབྲས་བུ་ཡིན།།


དམིགས་ཀྱི་འབྲེལ་བ་གང་ཡང་མེད་ན་ཡང་།།
འཇིག་རྟེན་ཡ་རབས་སྐྱེ་བོ་འགའ་ཞིག་གིས།།
ལོག་ལམ་འཇུག་པ་སུ་མཐོང་ཟློག་པར་བྱེད།།
དེ་ཡང་ཁོང་གི་བྱམས་བརྩེའི་འབྲས་བུ་ཡིན།།


མཚུངས་མེད་བླ་མ་ཀུན་དང་ཕ་མའི་ཚོགས།།
དེ་བཞིན་དགེ་རྒན་དག་དང་གཉེན་ཉེ་ཀུན།།
ད་དུང་གྲོགས་བཟང་ཡ་རབས་སྐྱེ་བོ་རྣམས།།
དེ་ལྟར་བཟང་བ་བྱམས་བརྩེ་ཡོད་པས་ཡིན།།


དེས་ན་བདེ་བར་གཤེགས་པའི་བསྟན་པ་ཡི།།
སྙིང་པོ་མཆོག་ནི་བྱམས་བརྩེ་འདི་ཡིན་པས།།
ཀུན་ཁྱབ་བྱམས་བརྩེ་འདི་ལ་གོམས་པ་ལས།།
ལྷག་པའི་ཆོས་ཤིག་བྱེད་ཚུལ་མེད་པར་ངེས།།

སྤྱི་ལོ་ ༢༠༡༨ ཟླ་བ་ ༨ ཚེས་ ༢༦ ཉིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།