༣༡༽ མངོན་བརྗོད་ལས་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས་འགའ་ཞིག


རྩོམ་སྒྲིག་པ།


་་་་་་མ་ཧེ་ལ།།
ས་ཉལ་མིག་དམར་ཁྱུ་མཆོག་ཟེར།།
༡༽ ས་ཉལ། མ་ཧེ་ལ་ནམ་རྒྱུན་ས་དང་འདམ་བག་སོགས་ཀྱི་དཀྱིལ་དུ་ཉལ་རྒྱུར་དགའ་བའི་ལྷན་སྐྱེས་ཀྱི་གོམས་གཤིས་ཤིག་ཡོད་པས་ན། མིང་དེ་ལྟར་བྱེད་ལས་ཀྱི་ཆ་ནས་བཏགས་པའོ།།
༢༽ མིག་དམར། མ་ཧེའི་མིག་གི་རྒྱལ་མོའི་གཡས་གཡོན་གྱི་མིག་སྤྲིན་དུ་དམར་ཚག་རྡུལ་ལྟ་བུ་ཡོད་པས་དེ་ལྟར་བརྗོད་པའོ།།
༣༽ ཁྱུ་མཆོག སེམས་ཅན་མང་པོའི་མཉམ་དུ་འགྲོ་དུས་ལམ་སྣེ་འཁྲིད་པར་མཆོག་ཏུ་གྱུར་པ་ཡིན་པས་ན་མིང་དེ་ལྟར་བསྙད་དོ།།

ཁྲི་གཉན་ས་ལུས་རླུང་གི་སྲོག།
འཕྲོག་བྱེད་རི་དྭགས་སྤྱི་ཡི་མིང་།།
༡༽ ཁྲི་གཉན། རི་དྭགས་ཕལ་མོ་ཆེ་སྤྱིར་ས་མཐོན་པོ་དང་བཙན་པོའི་སར་གནས་པས། མིང་དེ་ལྟར་ཐོགས་པའོ།།
༢༽ ས་ལུས། རི་དྭགས་ཕལ་ཆེ་བའི་སྤུ་མདོག་ས་ཡི་མདོག་དང་མཚུངས་པས། འདྲ་བ་རྒྱུ་མཚན་གྱི་སྒོ་ནས་མིང་དེ་ལྟར་བཏགས་སོ།།
༣༽ རླུང་གི་སྲོག རི་དྭགས་རྣམས་རླུང་བཞིན་མགྱོགས་པོ་ཡོད་པས་དཔེ་ཅན་རི་དྭགས་རྣམས་དཔེ་རླུང་གི་སྲོག་ཏུ་ཡོད་པ་ལྟར་བཤད་པས་མིང་དེ་ལྟར་བཏགས་པའོ།།
༤༽ འཕྲོག་བྱེད། མི་ཡིས་གཙོས་པའི་སེམས་ཅན་གཞན་གྱིས་རི་དྭགས་རྣམས་རང་གི་ལོངས་སྤྱོད་ཀྱི་ཆེད་དུ་སྲོག་འཕྲོག་པར་བྱེད་པས་ན། མིང་དེ་ལྟར་བསྙད་དོ། །ཡང་འགྲེལ་ཚུལ་གཞན་ཞིག་ལ། རི་དྭགས་ཀྱི་འཚོ་གནས་ས་གཙང་ཞིང་མཐོ་བ་དང་རང་དབང་གི་གནས་ལ་གང་དགར་རོལ་བས་མི་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པས་ཞེས་བཀྲལ་འདུག་གོ།

ཀ་ལནྟ་ཀ་མཆིལ་པའི་མིང་།།
༡༽ ཀ་ལནྟ་ཀ། ཡུལ་སྐད་དུ་ཁང་བྱིའུ་ཞེས་པའི་བྱིའུ་དེར་རྒྱ་གར་སྐད་དུ་མིང་འདི་ལྟར་བརྗོད་པའོ། །ད་དུང་མིང་གཞན་ཁྱིམ་དུ་ཉལ་དང་། ཁྱུ་མཆོག བགྲོད་པ། མགྲིན་སྔོན། རྒྱབ་བཀྲ་བཅས་ཡོད་དོ།།

པགས་བྱིའུ་མཚན་རྒྱུ་ཕ་ཝང་མིང་།།
༡༽ པགས་བྱིའུ། བྱ་མ་བྱི་སྟེ་སོ་དང་གཤོག་པ་གཉིས་ལྡན་གྱི་བྱ་རིགས་ཤིག་ཡིན་ལ། དེའི་གཟུགས་པོ་དང་གཤོག་པར་སྤུ་ཤིན་ཏུ་སྲབ་པས། མཐོང་སྣང་དུ་པགས་པ་ཁོ་ན་ཡོད་པ་ལྟར་སྣང་ཕྱིར་མིང་དེ་ལྟར་བསྙད་པའོ།།
༢༽ མཚན་རྒྱུ། བྱ་དེ་ཉིད་མཚན་མོ་གང་སར་ཕུར་ནས་རྒྱུ་བས་མིང་དེ་ལྟར་བཏགས་སོ།།

ཆ་ག་ཕྱེ་ལེབ་ཅོ་ཀའི་མིང་།།
༡༽ ཆ་ག་ཕྱེ་ལེབ། སྤུ་མདོག་སྐྱ་ཞིང་སྲེ་བོ་ཡོད་པའི་བྱིའུ་ཞིག་སྟེ། སྐད་སྙན་སྣ་ཚོགས་པ་སྒྲོག་ཅིང་འབུ་ཕྱེ་ལེབ་ཟ་བར་བྱེད་པས། མིང་དེ་ལྟར་བཏགས་པའོ།།

སྦུབས་ཤུབས་མཛོད་རྣམས་སྒོ་ངའི་མིང་།།
༡༽ སྦུབས་ཤུབས། སྒོ་ང་ཡི་ནང་བཅུད་དཀར་སེར་གཉིས་གནས་སའི་ཕྱི་ཤུབས་ཀྱི་དབྱིབས་དེ་སྦུབས་སུ་ཡོད་པས། མིང་དེ་ལྟར་ཐོགས་སོ།།
༢༽ མཛོད། མཛོད་ཁང་ལྟ་བུ་ཕྱིའི་སྒོང་ཤུབས་ཀྱི་ནང་ན་གསེར་ལྟ་བུའི་སེར་རྡོག་ཅིག་ཡོད་པས། མིང་དེ་ལྟར་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་བཏགས་པའོ།།

དུས་ཆོས་ལྔ་པ་བལྟ་བའི་མཐའ།།
ཚེ་འདས་ཚེ་འཕོ་འཆི་བའི་མིང་།།
༡༽ དུས་ཆོས་ལྔ་པ། མིའི་མི་ཚེའི་ནང་བྱིས་པ་དང་གཞོན་ནུ། དར་མ་དང་རྒན་པོ། ད་དུང་འཆི་བ་སྟེ་མི་ཚེ་བགྲོད་པའི་དུས་ཀྱི་གནས་སྐབས་ལྔ་ཡོད་པ་ལས་མཐའ་མའི་དུས་དེ་འཆི་བ་ཡིན་པས། མིང་དེ་ལྟར་གྲགས་པའོ། །མིང་གཞན་དུ་ལྔ་པའི་ལམ་ཡང་བརྗོད་དོ།།
༢༽ བལྟ་བའི་མཐའ། འཇིག་རྟེན་འདིར་མིག་བལྟ་བའི་དུས་མཐའ་མའམ་མཇུག་མ་དེ་འཆི་ཁ་མ་ཡིན་པས། མིང་དེ་ལྟར་བསྙད་པའོ།།
༣༽ ཚེ་འདས། ཚེ་འདི་རུ་གནས་པའི་དུས་རྫོགས་པའམ་ནུབ་པས། མིང་དེ་ལྟར་ཐོགས་སོ།།
༤༽ ཚེ་འཕོ། སེམས་ཅན་རྣམས་ཚེ་འདིར་གནས་པའི་དུས་ཡོངས་སུ་རྫོགས་ཏེ། སྐྱེ་བ་གཞན་དུ་ཚེ་འཕོ་བ་ཡིན་པས། མིང་དེ་ལྟར་བཏགས།

འཇིག་གནས་རོ་གནས་ཕ་མེས་ནགས།།
ཞི་བའི་གནས་རྣམས་དུར་ཁྲོད་མིང་།།
༡༽ འཇིག་གནས། མི་ཐམས་ཅད་ཤི་ཚར་བའི་རྗེས་སུ་ལུས་རྟེན་དེ་ཉིད་ཡལ་སའམ་འཇིག་སའི་གནས་ཡིན་པས། མིང་དེ་ལྟར་བརྗོད་དོ།།
༢༽ རོ་གནས། མི་ཤི་བའི་ཕུང་པོའམ་རོ་འཇོག་སའི་གནས་ཡིན་པས། མིང་དེ་ལྟར་གྲགས།
༣༽ ཕ་མེས་ནགས། འཇིག་རྟེན་འདི་ཡི་ནང་མི་རབས་ནས་མི་རབས་བར་གྱིི་ཚེ་འཕོས་ཟིན་པའི་ཕ་མེས་ཀྱི་ཕུང་པོ་རྣམས་དུར་ཁྲོད་དུ་སྐྱེལ་ཞིང་། གནས་དེའང་ཕལ་ཆེ་བ་ནགས་སུ་ཡོད་པས། མིང་དེ་ལྟར་བསྙད།
༤༽ ཞི་བའི་གནས། ཚེ་འདི་ཡི་སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་ཞི་བའི་སྒོ་ནས་གནས་ས་ཡིན་པས། མིང་དེ་ལྟར་བརྗོད།

གསུམ་པའི་རང་བཞིན་ཟ་མ་ནི།།
མ་ནིང་མིང་སྟེ་་་
༡༽ གསུམ་པའི་རང་བཞིན། ཕོ་མིན་མོ་མིན་གསུམ་པའི་རང་བཞིན་གྱི་གང་ཟག་རིགས་ལ། མིང་དེ་ལྟར་བཏགས།
༢༽ ཟ་མ། འདོམས་ཀྱི་དབང་པོ་ལ་ལྷན་སྐྱེས་སུ་སྐྱོན་ཤོར་ཏེ། སྐྱེ་རྒྱུན་སྤེལ་བའི་ནུས་པ་མི་ལྡན་པས། མིང་དེ་ལྟར་ཐོགས་སོ།།

་་་་འོག་མེད་ལ།།
རལ་གུ་ཅན་དང་ཉུག་རུམ་ཟེར།།
༡༽ རལ་གུ་ཅན། སྐྱེས་པ་ཡི་མཚན་མའི་སྒོང་རིལ་ཕྱིར་ཕྱུང་བའམ་བཏོན་ཏེ་འཁྲིག་སྤྱོད་ཀྱི་བྱ་བ་མི་ནུས་པས། མིང་དེ་ལྟར་བསྙད།
༢༽ ཉུག་རུམ། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་རྒྱལ་པོའི་བཙུན་མོའི་སྐུ་སྲུང་བའམ་ཞབ་འདེགས་སྒྲུབ་མཁན་གྱི་སྐྱེས་པ་སྟེ། རླིག་འབྲས་བཏོན་ཟིན་པའི་སྐྱེས་བུ་ཡིན་པས། མིང་དེ་ལྟར་བརྗོད་དོ།།

སྲིང་མོར་ཆེ་ཞེ་ལྕམ་མོ་ཟེར།།
༡༽ ཆེ་ཞེ། སྤྱིར་བཏང་སྲིང་མོ་ཞེས་པའི་རྐྱང་ཚིག་འདི་ཉིད་རང་གི་སྤུན་མཆེད་བུ་མོ་རྒན་གཞོན་ཚང་མ་ལ་གོ་བ་ཡིན་ཡང་། སྐབས་འདིར་རང་ཉིད་ཀྱི་སྤུན་མཆེད་བུ་མོ་རྒན་པ་ལ་གོ་བ་ཡིན་ནོ།།
༢ ལྕམ་མོ། ཕ་མ་གཅིག་ལས་སྐྱེས་པའི་བུ་དེའི་སྤུན་མཆེད་བུ་མོ་ཡིན་པར་མ་ཟད། བུ་མོའི་སྤུན་ནང་ནས་རྒན་པ་དེ་ལ་གོ་བས། མིང་དེ་ལྟར་གྲགས། ཡང་དོན་གཞན་དུ་ནི་ཆུང་མའི་ཞེ་ཚིག་ལ་འདི་ལྟར་བརྗོད་པ་ཡང་ཡོད་དོ།།

ཟག་ཕུང་ཉེར་ལེན་ཕུང་པོ་གཟུགས།།
ཚོགས་པ་སྐུ་ལུས་སྤྱི་ཡི་མིང་།།
༡༽ ཟག་ཕུང་། ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་སྟེ། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པའམ་ཉོན་མོངས་རྒྱས་སུ་རུང་བའི་གཟུགས་ཕུང་ཡིན་པས། མིང་དེ་ལྟར་བཏགས་པའོ།།
༢༽ ཉེར་ལེན། ཟག་བཅས་ལུས་ཀྱི་ཕུང་པོ་དེ་ཉིད་ལས་ཉོན་སྔ་མའི་ཉེར་ལེན་ལས་སྐྱེས་ཤིང་། ལས་ཉོན་ཕྱི་མའི་ཉེར་ལེན་དུ་འགྲོ་བས། མིང་དེ་ལྟར་ཐོགས།
༣༽ ཕུང་པོ། སྤྱིར་རྡུལ་རྫས་སམ་རྒྱུན་སྔ་ཕྱིའི་ཆ་བསགས་པའི་གོང་བུ་དང་། ཡང་ན་ཚོགས་པའམ་སྤུངས་པའི་དོན་ཏེ། རིགས་མཐུན་གྱི་ཆོས་དུ་མ་སྤུངས་པ་ཞིག་ལ་གོ་ཡང་། འདིར་གང་ཟག་གི་འདུ་བྱེད་ཀྱི་ཕུང་པོ་ལྔ་འདུས་པ་ལ། མིང་དེ་ལྟར་གྲགས་པའོ།།
༤༽ གཟུགས། མིག་ཤེས་ཀྱིས་གཟུང་བྱར་གྱུར་པ་མ་ཟད། དབྱིབས་དང་ཁ་དོག་སོགས་སུ་དབྱེར་ཐུབ་པས། མིང་དེ་ལྟར་བཏགས་པའོ།།
༥༽ ཚོགས་པ། ཡན་ལག་མང་པོ་གཅིག་ཏུ་ཚོགས་པའི་རང་བཞིན་ཅན་ཡིན་པས། མིང་དེ་ལྟར་བསྙད།

མིག་འཛིན་དབུ་དང་ཡན་ལག་མཆོག།
མགོ་བོའི་མིང་སྟེ་་་་
༡༽ མིག་འཛིན། དབང་པོ་ལྔ་ལས་མཆོག་ཏུ་གྱུར་པ་མིག་དབང་མགོ་ཐོག་ཏུ་གནས་པའམ་འཛིན་པས། མིང་དེ་ལྟར་བྱེད་ལས་ཀྱི་ཆ་ནས་བཏགས་སོ།།
༢༽ དབུ། གཟུགས་པོའི་ཡན་ལག་ནང་གི་ཐོག་མ་དེ་ཡིན་ཞིང་། དེ་ཡི་ཞེ་ཚིག་ཀྱང་ཡིན་པས། མིང་དེ་ལྟར་ཐོགས།
༣༽ ཡན་ལག་མཆོག ལུས་ཀྱི་ཡན་ལག་དུ་མའི་ནང་ནས་མགོ་བོ་ནི་གཙོ་བོའམ་མཆོག་ཏུ་གྱུར་པ་ཡིན་པས། མིང་དེ་ལྟར་བརྗོད་དོ།།

་་་་་་སྐྲ་ནི།།
རལ་པ་ཐོར་ཚུགས་སླར་སྐྱེས་དང་།།
གཙུག་ཕུད་མགོ་ཉལ་ལན་བུ་ཟེར།།
༡༽ རལ་པ། སྐྲ་རིང་པོའམ་མ་དཀྲིས་པ་དང་མ་བསླས་པར་མགོ་བོའི་སྟེང་འཕྱང་ངེ་བར་ཡོད་པས། མིང་དེ་ལྟར་གྲགས།
༢༽ ཐོར་ཚུགས། མགོ་སྐྲ་གྱེན་དུ་བཅིངས་པའི་ཐོར་ཅོག་གམ་གཙུག་ཏོར་ལྟ་བུ་ལ་མིང་དེ་ལྟར་བརྗོད།
༣༽ སླར་སྐྱེས། སྐྲ་ནི་ཇི་ཙམ་གཏུབས་པའམ་བཞར་ཡང་། ཡང་ནས་ཡང་དུ་སྐྱེ་བས། མིང་དེ་ལྟར་ཐོགས་སོ།།
༤༽ གཙུག་ཕུད། མགོ་བོའི་ཕུད་ལྟ་བུ་སྟེ། སྐྲ་ནི་སྤྱི་གཙུག་གི་སྟེང་དུ་ཡོད་པས། མིང་དེ་ལྟར་བསྙད་པའོ།།
༥༽ མགོ་ཉལ། སྐྲ་ནི་མགོ་སྟེང་དུ་འབྱར་བའམ་ཉལ་བ་ལྟ་བུ་ཡོད་པས། མིང་དེ་ལྟར་ཐོགས།
༦༽ ལན་བུ། མགོ་བོའི་སྐྲ་ནི་སྐུད་པ་ལྟར་ལན་བུ་བསླ་རུང་བས་ན་མིང་དེ་ལྟར་ཐོགས།

ཡལ་ག་ལྔ་པ་དཔུང་པའི་འདབ།།
སུག་པ་འཛིན་བྱེད་ལག་པའི་མིང་།།
༡༽ ཡལ་ག་ལྔ་པ། ལག་པར་ཡལ་ག་དང་འདྲ་བར་སོར་མོ་ལྔ་ཡོད་པས། མིང་དེ་ལྟར་འདྲ་བ་རྒྱུ་མཚན་གྱི་ཆ་ནས་བཏགས་པའོ།།
༢༽ དཔུང་པའི་འདབ། ལག་པ་སྟེ། དཔུང་པའི་འདབ་མའམ་ལོ་མ་ལྟ་བུ་ཡིན་པས། མིང་དེ་ལྟར་བརྗོད་དོ།།
༣༽ སུག་པ། སྤྱིར་ཕྱུགས་སོགས་ཀྱི་རྐང་ལག་གཉིས་ཀ་ལ་གོ་བ་ཡོད་ཀྱང་། སྐབས་འདིར་མིའི་ལག་པའི་མིང་གི་རྣམ་གྲངས་སུ་འཇུག་གོ།
༤༽ འཛིན་བྱེད། ལག་པས་ཅ་དངོས་མཐའ་དག་འཆང་བའམ་འཛིན་པར་བྱེད་ནུས་པས། མིང་དེ་ལྟར་བྱེད་ལས་ཀྱི་ཆ་ནས་བསྙད་དོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།