རྩོམ་སྒྲིག་པ།
སློབ་གཉེར་བའི་མིང་།
གྲྭ་པ་ཉེ་གནས་སློབ་མའི་མིང་།།
༡. གྲྭ་པ། གྲྭ་པ་ཞེས་པ་ནི་ཟུར་པ་ཞིག་ལ་གོ་སྟེ་མི་ནག་ཁྱིམ་པ་སོགས་ལས་ཟུར་དུ་ཐོན་ནས་ཐོས་བསམ་སོགས་ལ་བརྩོན་ཏེ་བསྡད་ཡོད་པས་ན་མིང་དེ་ལྟར་ཐོགས། དཔེར་ན། འཁོར་བ་སྡུག་གི་གྲོང་ལ། །ཞེན་པ་ལོག་པ་མིན་ན། །བྲག་དཀར་གཡང་རོང་གསེང་དུ། །གྲྭ་པ་བྱེད་འདོད་ཡོད་དམ། །ཞེས་པ་ལྟ་བུ།
༢. ཉེ་གནས། འདི་ཡང་སློབ་མའི་མིང་ཞིག་ཡིན་ཏེ། ཤེས་བྱ་ཡོན་ཏན་སློབ་སའི་བསྟི་གནས་སམ་དགེ་བའི་བཤེས་གཉེན་སོགས་དང་ཉེ་བར་གནས་པས་ན་ཉེ་གནས་ཞེས་མིང་བཏགས་པ་ཡིན། དཔེར་ན། དགེ་རྒན་གཡག་ཙམ་མདུན་དུ་ལྷགས་ཀྱང་། །ཉེ་གནས་རང་ལ་ཨ་བསོད་མེད་ན། །ཤེས་བྱའི་བག་མ་རྒྱང་ལ་བྲོས་ཏེ། །སྤྱོད་པའི་སྐལ་བཟང་ཡོང་རེ་སྐན་ནོ། །ཞེས་པ་ལྟ་བུ།
སློབ་དཔོན་གྱི་མིང་།
ལམ་སྟོན་བླ་མ་སློབ་དཔོན་མིང་།།
༡. ལམ་སྟོན། མུན་ནག་བྱིས་པ་ཚོར་འོད་སྟོང་ཅན་གྱི་ཤེས་བྱའི་གྲོང་དུ་འགྲོ་སའི་ལམ་སྟོན་མཁན་ལ་སློབ་དཔོན་ནམ་ལམ་སྟོན་ཟེར་བ་ཡིན། དཔེར་ན། ལམ་སྟོན་སྒྲོན་མེའི་འོད་སྣང་། །ཀླད་རྩའི་གནད་ལ་ཕོག་སྟེ། །མུན་པའི་སྤྲིན་རུམ་གཏོར་སོང་། །བྱིན་རླབས་སྐར་ཚོགས་སྤྲོས་སོང་། །ལྟ་བུ།
༢. བླ་མ། ལེགས་སྦྱར་སྐད་ཀྱི་གུ་རུའི་སྐད་དོད་དེ། འདི་ནི་སྟེང་མའམ་གོང་མ་ལ་གོ་བ་ཡིན། ཤེས་བྱ་ཡོན་ཏན་སོགས་གང་ཅིའི་ཐད་ནས་ཕལ་པ་དག་ལས་ཁྱད་དུ་འཕགས་ཤིང་། དེ་དག་ལ་ལེགས་ཉེས་བླང་དོར་ཟབ་མོ་སྟོན་པས་ན་བླ་མ་ཟེར་བ་ཡིན། དཔེར་ན། ཨོ་ལོ་པ་སངས་མིག་སྐྱོན་མིན་ན། །ཁུག་ཀྱོག་ཡ་གི་བླ་མ་སྣབས་ལུད། །སྤྲིན་པའི་གསེང་ན་ཉལ་བ་མཐོང་འདུག །གངས་རིའི་སྟེང་ལ་འཕུར་བ་མཐོང་འདུག །ཅེས་པ་ལྟ་བུ།
སྨན་པའི་མིང་།
་་་་་སྨན་པར་མཁྱུད་དཔྱད་པ།།
འཚོ་བྱེད་སྐྱོན་ཤེས་ཚེ་རིག་ཟེར།།
༡. མཁྱུད་དཔྱད་པ། མཁྱུད་ནི་གསང་བའི་དོན་ཏེ། སྨན་པ་མཁས་པས་ཤིན་ཏུ་ཟབ་པའི་གསང་བའི་མན་ངག་གིས་ནད་རྣམས་བརྟགས་ཤིང་དཔྱད་པས་ན་མཁྱུད་དཔྱད་ཅེས་བྱའོ། །དཔེར་ན། ནད་འདི་མཐུ་བས་ལན་ནམ། །ནད་བདག་མཛེས་པས་རྐྱེན་ནམ། །མཁྱུད་དཔྱད་མཁས་དབང་ལག་ཟུང་། །ག་རེག་འདི་རེག་མི་འདུག །ལྟ་བུ།
༢. འཚོ་བྱེད། སྨན་པ་ཚོས་ནད་ངན་པ་བསྟན་དགྲ་བཞིན་དུ་ཚར་བཅད་ནས་སྔར་བཞིན་བདེ་ཐང་ངང་འཚོ་བར་བྱེད་པས་ན་འཚོ་བྱེད་དམ་སྨན་པ་ཟེར། དཔེར་ན། འཚོ་བྱེད་རྒན་པོའི་རལ་གྲི། །རྣོ་ཁ་བཙན་པ་མིན་ན། །ནད་ངན་དུག་ལོའི་འོག་ཏུ། །འཚོ་བའི་འདུན་པ་ཡལ་སོང་། །ཞེས་པ་ལྟ་བུ།
༣. སྐྱོན་ཤེས། ལུས་ཀྱི་ནད་ནི་ཆོས་འཇིག་རྟེན་གང་ལ་ལྟོས་ཀྱང་སྐྱོན་ཚབས་ཆེན་ནང་གི་ཚབས་ཆེན་ཞིག་ཡིན། སྐྱོན་དེ་ཉིད་སྨན་པ་མཁས་པ་དག་གིས་ལྟ་ཙམ་བྱས་པའམ་མཐོང་བ་ཙམ་གྱིས་ངོས་འཛིན་བྱེད་ཐུབ་པས་ན་སྨན་པ་དག་ལ་སྐྱོན་ཤེས་ཀྱང་ཟེར། དཔེར་ན། སྐྱོན་ཤེས་རྡོག་རྡོག་དཔལ་འཛོམས། །སྐུ་ཤ་རྒྱགས་པ་མ་གཏོགས། །གློ་སྙིང་བྲང་གསུམ་ཡན་གྱི། །སྐྱོན་མཚང་གང་ཡིན་ཤེས་ཀྱི། །ཞེས་པ་ལྟ་བུ།
༤. ཚེ་རིག སྨན་པ་ཚད་ལྡན་དག་གིས་མིའི་ལུས་ལ་བརྟག་དཔྱད་དམ་འབྱུང་བཞིའི་འཕེལ་རིམ་ལ་དཔགས་ནས་མིའི་ཚེ་ཇི་ཙམ་གནས་ཐུབ་མིན་ཤེས་ཐུབ་པས་ན་ཚེ་རིག་ཟེར། དེ་ནི་སོག་སྐད་དུ་ཨེམ་ཆི་ཞེས་པ་དང་མིང་གི་རྣམ་གྲངས་ཡིན། དཔེར་ན། བླ་རྫུན་ཁྲལ་ཁྲུལ་མི་དགོས། །མངོན་ཤེས་བན་བུན་མི་དགོས། །བདག་གི་མི་ཚེའི་རིང་ཐུང་། །ཚེ་རིག་མཁས་པས་རྟོགས་སོང་། །ཞེས་པ་ལྟ་བུ།
བསྙེན་གནས་མིང་།
བརྟུལ་ཞུགས་གསོ་སྦྱོང་བསྙེན་གནས་མིང་།།
༡. བརྟུལ་ཞུགས། རང་གཞན་ལ་གནོད་པར་བྱེད་པའི་དགྲ་བོ་ཉོན་མོངས་པ་རྣམས་བརྟུལ་ནས་ལུས་སེམས་བདེ་ཐང་ངང་ལ་གནས་པར་བྱེད་པས་ན་བརྟུལ་ཞུགས་ཟེར། དཔེར་ན། ཆགས་སྡང་སྟག་གཟིག་ངར་མ། །གཏུམ་དྲག་མཆེ་སྡེར་རྣོ་ཡང་། །བག་ཡོད་མདའ་གཞུ་རིང་མོ། །འཕེན་ཐེངས་གཅིག་གིས་བརྟུལ་ཡོད། །ལྟ་བུ།
༢. གསོ་སྦྱོང་། ཟླ་དུས་ཚེས་གྲངས་ངེས་ཅན་ཞིག་ལ་དགེ་ཚུལ་སློང་སོགས་ཀྱིས་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བར་བྱེད་པའི་ཆོ་ག་ལ་ཟེར། དཔེར་ན། སེམས་ཀྱི་རྟ་རྒོད་ངར་མ། །བག་མེད་ཐང་ལ་ཤོར་ཡང་། །གསོ་སྦྱོང་ལྕག་ཚན་ངར་མས། །ཐེངས་གཅིག་བྲབ་རྒྱུ་བརྗེད་མེད། །ལྟ་བུ།
སྨན་གྱི་མིང་།
རྩི་སྨན་ནད་སེལ་རྐྱེན་སྨན་རྣམས། །སྨན་ཏེ་་་་་་་་།།
༡. རྩི་སྨན། ས་གཙང་རི་གཙང་དག་ལས་སྐྱེས་པའི་མེ་ཏོག་དང་རྩི་ཤིང་སྨན་གྱི་རིགས་སུ་གྱུར་པ་དག་ལ་རྩི་སྨན་ཟེར། དཔེར་ན། རྩི་སྨན་སྐྱེ་ས་ཡག་པ། །བྲག་རིའི་གསེང་ལ་སྐྱེས་འདུག །དྲི་ཞིམ་རླུང་ལ་བསྐུར་བྱུང་། །འབྱུང་བཞིའི་ནད་འཁྲུག་བཅོམ་སོང་། །ཞེས་པ་ལྟ་བུ།
༢. ནད་སེལ། འདི་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཞིག་ཡིན་ཏེ། རྒྱ་སྨན་བོད་སྨན་གང་ཡིན་རུང་འགྲོ་བའི་ནད་སེལ་བར་བྱེད་པས་ན་སྨན་ལ་ནད་སེལ་ཞེས་མིང་བཏགས་སོ། །དཔེར་ན། ཏིག་ཏ་ཁ་ཏིག་ཆེ་བ། །འཐུང་འདོད་བློ་ལ་མ་བྱུང་། །ཧུབ་གང་བཏུང་བའི་རྗེས་ལ། །རླུང་མཁྲིས་ནད་སེལ་བྱས་སོང་། །ཞེས་པ་ལྟ་བུ།
༣. རྐྱེན་སྨན། སྐབས་འདིར་རྐྱེན་ཞེས་པ་ནི་ནད་ཀྱི་རྐྱེན་ལ་གོ་བ་ཡིན། རྐྱེན་དེ་ཉིད་མེད་པར་བཟོ་བྱེད་ཀྱི་སྨན་དེ་ལ་རྐྱེན་སྨན་ཞེས་ཟེར། དཔེར་ན། བྱིས་པ་པྲ་ཚག་ཆེ་བས། །ལག་ངར་ཆག་གྲུམ་ཤོར་ཤག །རྐྱེན་སྨན་འདི་ཉིད་མེད་ན། །ལག་ཆུང་བེད་མེད་ཆགས་པ། །ཞེས་པ་ལྟ་བུའོ།།