ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཀུན་བཟང་རྡོ་རྗེ།
གང་གི་རིགས་པས་མཉམ་ཉིད་ལྟ་བའི་ཚུལ།།
གཤིས་ཀྱི་གཞི་རུ་ལེགས་པར་གཏན་ཕབ་ནས།།
སྣང་བའི་ངང་ཚུལ་ཐམས་ཅད་ལྷར་སྒྲུབ་པ།།
ཤིང་རྟའི་སྲོལ་འབྱེད་དྷརྨ་བྷ་དྲར་འདུད།།
ཀློང་ཆེན་འགྱུར་མེད་ཆོས་དབྱིངས་ནམ་མཁའི་ངང་།།
རབ་འབྱམས་སྐུ་གསུང་ཐུགས་ཀྱི་མདངས་ཤར་བས།།
གྲོལ་ས་ཀ་དག་ལམ་བཟང་མཐར་ཕྱིན་པ།།
དྲི་མེད་འོད་ཟེར་དད་བརྒྱའི་པད་མོར་རོལ།།
མཁས་པའི་བཞེད་ཚུལ་སྣ་ཚོགས་མང་མོད་ཀྱི།།
བརྒལ་བརྟག་ལན་གྱི་སྤོབས་པ་མ་མཆིས་ཀྱང་།།
ཕ་བརྒྱུད་ཚུལ་གྱིས་རིག་འཛིན་བརྒྱུད་པའི་སྲོལ།།
ལེགས་པར་སྨོན་པས་དུས་འདིར་དགོད་པར་བྱ།།
སྤྱིར་མདོ་སྔགས་ཀྱི་ཁྱད་པར་ལ་བཅུ་གཉིས་དང་། གཞི་ལམ་འབྲས་བུ་དང་ལྟ་བ་སྒོམ་པ་སྤྱོད་པ། ཚུལ་བཞི་དང་གསུམ་དང་གཉིས་ལ་སོགས་པའི་སྒོ་ནས་བཞག་པ་ཡོད་ལ། སྐབས་འདིར་ནི་མདོ་སྔགས་གཉིས་ཀྱི་ལྟ་བའི་ཁྱད་པར་བཤད་པའི་སྐབས་ཡིན་པས། སྤྱིར་ལྟ་བའི་སྒྲ་འཇུག་ཚུལ་དུ་མ་ཡོད་པ་བཞིན་ལྟ་བའི་ཡུལ་ལའང་སྒྲ་འཇུག་པ་ཡོད་དོ། །ངེས་རྟོག་ལ་ཡང་འཇུག་སྟེ་མངོན་པ་མཛོད་ལས། ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་གསུངས་པ་བཞིན་ཐེག་པའི་ལྟ་བའི་རྣམ་གཞག་དག་གོ །ལྟ་བའི་སྒྲ་འཇུག་པ་ནི་མདོར་ན་ཡུལ་ལ་འཇུག་པ་དང་ཡུལ་ཅན་ལ་འཇུག་པ་གཉིས་སུ་སྣང་ངོ་། །སྐབས་འདིར་བསྟན་བྱའི་གཙོ་བོ་ལྟ་བ་དང་སྒོམ་པ་གཉིས་ཟླས་ཕྱེ་བའི་ལྟ་བ་ཡིན་པས་ཡུལ་ངེས་པའི་བློའོ། །དེ་ཡང་ཀུན་མཁྱེན་རོང་ཟོམ་ཆེན་པོས། ཉན་ཐོས་རྣམས་ཀྱི་ལྟ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །ཞེས་དང་། རང་སངས་རྒྱས་རྣམས་ཀྱི་ལྟ་བ་ནི་ཆོས་ལས་གཟུགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་སོ། །ཞེས་དང་། ཐེག་པ་ཆེན་པོ་སྤྱིར་བསྡུས་ནས་ལྟ་བ་ནི། ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་སོ། །ཞེས་དང་། དེ་བཞིན་ཀུན་མཁྱེན་ཆེན་པོས། ཡིན་མིན་ཡིད་དཔྱོད་སྒྲོ་འདོགས་ཀུན་དང་བྲལ། །གཞི་ཉིད་དངོས་པོ་ཀུན་གྱི་གནས་ལུགས་ཏེ། །དེ་ཉིད་བློ་ཡིས་ལེགས་རྟོགས་ལྟ་བ་ཡིན། །ཞེས་དང་། ཀུན་མཁྱེན་མི་ཕམ་པས་ཀྱང་། ཇི་ལྟ་ཇི་ལྟར་གནས་ལུགས་དོན། །མཐོང་བའི་ངེས་ཤེས་ལྟ་བར་བརྗོད། །ཅེས་གསུངས་པ་བཞིན་ནོ། །དེས་ན་འདི་ལྟ་བུའི་ལྟ་བའི་མཚན་ཉིད་ནི་སྤྱི་དོན་འོད་གསལ་སྙིང་པོ་ལས། གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱི་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློའོ། །གསུངས་པ་བཞིན་དེ་ཡང་འཐོབ་བྱ་འབྲས་བུ་འཐོབ་པར་བྱེད་པ་ལ་ལམ་སྒོམ་དགོས། ལམ་རྣམ་དག་རྒྱུད་ལ་སྐྱེ་བ་ནི་ལྟ་བ་རྣམ་དག་རྒྱུད་ལ་སྐྱེས་པ་ལས་ཡོང་བ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། རིག་པ་དང་ནི་རྐང་པར་ལྡན། །ཞེས་གསུངས་པ་བཞིན་ནོ། །ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པ་ལས། བསྒོམས་པས་ལྷ་དང་གཉིས་སུ་མེད། །བསྒྲུབས་པ་བས་ཀྱང་རྟོགས་པ་གཙོ། །རྟོགས་པ་གདེང་དུ་མ་ཚུད་ན། །བསྒྲུབ་པ་རྟོག་པ་རྒྱུན་ལ་བསྒྲུབ། །བསྒོམ་པ་མཚན་མའི་ངང་ལ་བསྒོམ། །གསུངས་པ་བཞིན་ནོ། །དེ་ལྟར་མ་ཡིན་པར་ལྟ་བ་དང་བྲལ་བའི་སྒོམ་པ་ནི་དམུས་ལོང་ལམ་དུ་འཇུག་པ་དང་འདྲ་བས་སྒོམ་རྣམ་དག་མ་ཡིན་པ་དེས་ན་ལྟ་བ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ནོ།།
དེས་ན་འདིར་མདོ་སྔགས་ལྟ་བའི་ཁྱད་པར་ཅུང་ཟད་འགོད་པ་ལ། གཞན་ལུགས་བརྗོད་པ་དང་རང་ལུགས་བཞག་པ་གཉིས་ལས། དང་པོ་གཞན་ལུགས་བརྗོད་པ་ནི། གསར་མ་བ་དག་མདོ་སྔགས་ཐབས་ཀྱི་ཁྱད་པར་ལས་ལྟ་བའི་ཁྱད་མེད་པར་འདོད་པ་མཐུན། ཁ་ཅིག་ལྟ་བ་སྟོང་ཉིད་ངེས་པའི་བློ་ལ་ངོས་འཛིན་གནང་ནས་དེ་ལ་ཁྱད་མེད་པར་བཞེད། ཁ་ཅིག་གིས་ལྟ་བ་ཡུལ་སྤྲོས་བྲལ་ལ་ངོས་བཟུང་ནས་དེ་ཉིད་མདོ་སྔགས་གང་གི་སྐབས་སུའང་ཁྱད་མེད་པར་བཞེད་དོ། །མདོར་ན་མདོ་སྔགས་ཐབས་ཀྱི་ཁྱད་པར་ལས་ལྟ་བའི་ཁྱད་མེད་པར་བཞེད་དོ།།
གཉིས་པ་རང་ལུགས་བཞག་པ་ལ། སྔ་འགྱུར་རང་ལུགས་ལ་ལྟ་བའི་རྣམ་གཞག་གསུམ་དུ་ཡོད་པ། ཆོས་ཉིད་ལྟ་བའི་ལྟ་ཡུལ་ལ་ཁྱད་མེད་པར་བསྟན་པ། ཆོས་ཅན་ལྟ་བའི་ལྟ་ཡུལ་ལ་ཁྱད་ཡོད་པར་བསྟན་པ། ཆོས་ཉིད་ལྟ་བ་ལ་ཁྱད་ཡོད་པར་བསྟན་པ། ཆོས་ཅན་ལྟ་བ་ལ་ཁྱད་ཡོད་པར་བསྟན་པ། ཁྱད་པར་དེ་ལྡན་གྱི་ས་མཚམས་བཤད་པ་བཅས་དྲུག་ལས།
དང་པོ། འདིར་སྔ་འགྱུར་རང་ལུགས་ལ་ལྟ་བའི་རྣམ་གཞག་གསུམ་ཡོད་དེ། དེ་ཡང་ཆོས་ཅན་ལྟ་བའི་ལྟ་བ་དང་ཆོས་ཉིད་ལྟ་བའི་ལྟ་བ་དང་རང་རིག་ལྟ་བའི་ལྟ་བ་དང་གསུམ་མོ། །དེ་དག་ནི་སྔགས་ཀྱི་ཆོས་སྐད་ཐུན་མིན་ཡིན་ཡང་མདོ་ལ་སྦྱར་ན་དོན་དམ་པའི་ཡུལ་ཅན་དང་ཐ་སྙད་ཀྱི་ཡུལ་ཅན་དང་ཟུང་འཇུག་གམ་བདེན་གཉིས་དབྱེར་མེད་ངེས་པའི་ཡུལ་ཅན་ཡིན་པ་ཀུན་མཁྱེན་མི་ཕམ་པས། གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས། སྔ་འགྱུར་གྱི་རྒྱུད་སྡེ་རྣམས་ནས་ཡོངས་སུ་གྲགས་པ་ལྟར། ཆོས་ཅན་ལྟ་བའི་ལྟ་བ། ཆོས་ཉིད་ལྟ་བའི་ལྟ་བ། རང་རིག་ལྟ་བའི་ལྟ་བ་གསུམ་དུ་ཡོད་ལ། དེ་གསུམ་ནི་སྐབས་འདིར་མ་ཟད་ལྟ་བ་ཐམས་ཅད་ཀྱི་ཁྱབ་བྱེད་ཀྱང་ཡིན་ཏེ། ཐ་སྙད་ཀྱི་ཡུལ་ཅན་དང་། དོན་དམ་པའི་ཡུལ་ཅན་དང་། བདེན་གཉིས་དབྱེར་མེད་པར་ངེས་པའི་ཡུལ་ཅན་གྱི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །འདིར་སྔ་འགྱུར་གྱི་རྒྱུད་སྡེ་རྣམས་ལས་ཡོངས་སུ་གྲགས་པ་ལྟར་གསུངས་ན། རྒྱུད་ནི་ཅི། དེ་ལས་ཇི་ལྟར་གསུངས་ན། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཕྱི་ནི་ཆོས་ཅན་ལ་བལྟ་བ། །རིམ་བརྒྱད་སོ་སོའི་འདོད་པ་ལ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ནང་ནི་ཆོས་ཉིད་ལ་བལྟས་པས། །ངོ་བོ་རང་བཞིན་སྒྱུ་མར་མཐོང་། །གསང་བ་རང་རིག་ལ་བལྟས་པས། །ལུ་གུ་རྒྱུད་དང་འབྲེལ་ཆགས་མཐོང་། །ཞེས་གསུངས་སོ། །སྐབས་འདིར་རང་རིག་ལྟ་བའི་ལྟ་བ་ནི། ངེས་སྒྲོན་ལས། གནས་ལུགས་བདེན་གཅིག་ཟུང་འཇུག་སྟེ། །ཚད་མ་རང་འབྱུང་ཡེ་ཤེས་ཉིད། །ཅེས་པ་ལྟར་ཆོས་ཅན་དང་ཆོས་ཉིད་ལྟ་བའི་ཤུགས་ལས་རྟོགས་པས་འདིར་མ་བཤད་དོ།།
གཉིས་པ། རང་ལུགས་ལ་ཆོས་ཉིད་ལྟ་བའི་ཡུལ་ལའང་ལྟ་བའི་སྒྲ་བཤད་པ་ཡོད་དེ། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང་། །ཞེས་དང་། ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ལས། དག་པའི་ལྟ་བ་སྟོང་ཉིད་བཅུ་དྲུག་དང་། །སྐྱོན་མེད་སྤྱོད་པ་ཕ་རོལ་ཕྱིན་དྲུག་རྫོགས། །ཞེས་གསུངས། དེ་བཞིན་ཆོས་རྗེ་མི་ཕམ་རིན་པོ་ཆེས། དགེ་ལྡན་ལྟ་བ་མེད་དགག་ཟེར། །གཞན་རྣམས་མ་ཡིན་དགག་ཏུ་སྨྲ། །སྔ་འགྱུར་རང་ལུགས་གང་ཞེ་ན། །ཞེས་གསུངས་པས་ཡུལ་སྟོང་ཉིད་ལ་ལྟ་བའི་མིང་བཏགས་པ་ནི་འབྲས་མིང་རྒྱུ་ལ་བཏགས་པ་འདྲའོ། །དེ་ལ་ལྟ་ཡུལ་ཡང་ཟེར་རོ། །མདོ་སྔགས་ཀྱི་ལྟ་ཡུལ་སྤྲོས་བྲལ་གྱི་ཆ་ནས་ཁྱད་མེད་པར་འདོད་དེ་དོན་དམ་གྱི་གནས་ལུགས་མཐར་ཐུག་གང་ཞིག་དེ་གཉིས་ཀས་ཀྱང་གཤིས་ཀྱི་གཞི་རུ་ལེགས་པར་གཏན་ལ་ཕབ་པ་མཐར་ཕྱིན་པའི་ཕྱིར། དེ་ལྟར་མ་ཡིན་ན་མདོ་ལས་ལྷག་པའི་སྔགས་ལ་སྤྲོས་པ་གཅད་རྒྱུ་ཡོད་པར་འགྱུར་རོ། །དེའི་དབང་དུ་བྱས་ནས་ཀུན་མཁྱེན་རོང་ཟོམ་ཆེན་པོས། གསང་སྔགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འདོད་པའང་། འདི་སྐད་དུ་ཁྱོད་ཀྱི་དོན་དམ་པར་སྤྲོས་པ་དང་བྲལ་བ་ལས་ལྷག་པར་སྤྲོས་པ་དང་བྲལ་བ་གཉིས་པ་ཞིག་འདི་ལྟ་བུ་ཡོད་དོ་ཞེས་བོགས་མི་འབྱིན་ནོ། །ཞེས་དང་། དེ་ལ་ལྟ་བ་ལ་ཁྱད་མེད་པ་ནི་དོན་དམ་པར་ཆོས་སརྦ་ཀུན་དང་བྲལ་བར་འདོད་པ་དང་། ཀུན་རྫོབ་སྣང་བ་སྒྱུ་མ་ཙམ་དུ་འདོད་པ་ནི་ཐེག་པ་ཆེན་པོ་ཀུན་མཐུན་ནོ། །ཞེས་གསུངས་པ་བཞིན་ནོ། །མདོ་སྔགས་གཉིས་ཀྱི་ལྟ་བ་མིང་གིས་སྟོན་ཚུལ་མི་འདྲ་བ་ཡོད་ཀྱང་དོན་ལ་གནད་གཅིག་ཡིན་པ་དེས་ན་ཀུན་མཁྱེན་མི་ཕམ་པས། འཕགས་ཡུལ་དཔལ་ལྡན་ཟླ་བ་དང་། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོར་བསྒྲུབས། །ཞེས་གསུངས་པ་བཞིན་ནོ། །སྔགས་ལས་དོན་དམ་སྐོར་བདུན་གྱི་རང་བཞིན་བསྟན་པས་འཕགས་སོ་ཞེ་ན། དེ་ལྟར་ཡིན་མོད་ཀྱི་དོན་དམ་ཞེས་པ་ནི་སྟོང་གཞི་ཆོས་ཅན་ནམ་སྣང་བའི་ཆ་ནས་མི་འཇོག་སྟེ་གནས་ལུགས་ལ་ཟུང་འཇུག་གི་རང་བཞིན་ཡིན་ཡང་དོན་དམ་ནི་སྟོང་པའི་ལྡོག་ཆ་ནས་བཞག་པ་ཡིན་པ་དེས་ན་ཁྱད་པར་མེད་དོ། །ཡང་མདོ་ལས་བསྟན་པའི་དོན་དམ་སྟོང་རྐྱང་ཙམ་ལས་མི་འོང་བས་ཁྱད་པར་འཕགས་སོ་ཞེ་ན། སྤྱིར་མདོ་ལས་བདེན་གཉིས་ཟུང་འཇུག་ཏུ་འདོད་པས་སྟོང་རྐྱང་མ་ཡིན་ལ་སྟོང་གཞི་མེད་པའི་སྟོང་ཉིད་མི་སྲིད་པ་དང་རྣམ་པ་ཀུན་ཏུ་དེ་ལྟར་མ་ཡིན་ཏེ་མདོ་ལས་བསྟན་པའི་བདེ་བར་གཤེགས་པའི་སྙིང་པོའམ་རང་བྱུང་གི་ཡེ་ཤེས་སམ་འོད་གསལ་བའི་སྟོང་ཉིད་དེ་ལྟར་མ་ཡིན་པས་སོ། །དེས་ན་ཀུན་མཁྱེན་ཆེན་པོས། དེང་སང་ནི་དགེ་བའི་བཤེས་གཉེན་ཕལ་དང་། སྒོམ་ཆེན་ཀུན་མཐུན་པར་སྟོང་རྐྱང་ཅི་ཡང་མེད་པ་ལ་གཞི་བྱེད་པ་ནི་སྙིང་པོའི་དོན་གྱི་དགོངས་པ་དང་མི་མཐུན་ཏེ། ཅིའང་མེད་པའི་གཞི་ཉམས་སུ་བླངས་པས་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་མི་འབྱུང་སྟེ་གཞི་ལམ་འབྲས་གསུམ་འཛོལ་བའི་ཕྱིར་རོ། །གསུངས་པ་བཞིན་སྟོང་རྐྱང་ཙམ་མ་ཡིན་ནོ།།
གསུམ་པ། ཡུལ་ཀུན་རྫོབ་ལ་ལྟ་བའི་མིང་གིས་ཆེར་མ་བརྗོད་ཀྱང་ཀུན་རྫོབ་འདོད་ཚུལ་ལ་མདོ་སྔགས་ཁྱད་ཡོད་དེ། མདོ་ལས་ནི་ལོག་རྟོག་སྒྱུ་མའི་རང་བཞིན་ཅན་གྱི་ཀུན་རྫོབ་གཙོ་བོར་བསྟན་ལ་གསང་སྔགས་སུ་ནི་དག་པའི་སྣང་བ་རིས་སུ་མ་ཆད་པ་ཀུན་རྫོབ་དག་པ་ཆེན་པོ་ཆོས་ཅན་ལྟ་བའི་ཡུལ་ཡིན་པར་འདོད་དོ། །དེ་ཉིད་ཀྱང་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པས་སྒྱུ་མ་ལྟ་བུའི་རང་བཞིན་དུ་འདོད་དོ། །འདིའི་ཚུལ་ཡང་ཀུན་མཁྱེན་རོང་ཟོམ་ཆེན་པོས། བྱེ་བྲག་ཏུ་ན་སྒྱུ་མའི་མཚན་ཉིད་དེ་དག་ཀྱང་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བས་དང་བདེན་པ་གཉིས་ཀྱང་དབྱེར་མེད་པར་ལྟ་བས་བྱེ་བྲག་ཏུ་བྱས་སོ། །ཞེས་གསུངས་སོ། །དེ་ཡང་སྐབས་འདིར་དག་པ་ཞེས་པ་ནི་རྒྱུ་འབྲས་ཀྱིས་དག་པའམ་གློ་བུར་བའི་ཆོས་ཀྱིས་སྟོང་པ་ཙམ་དང་ལམ་བསྒོམས་པའི་སྟོབས་ཀྱིས་སྣང་བ་ཙམ་མ་ཡིན་ཏེ་ཡེ་ནས་དག་པ་སྟེ་རང་བཞིན་རྣམ་དག་ལ་འདོད་དོ། །དེ་ཡང་རྩ་རྒྱུད་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །གསུངས་པས་གནས་དག་པ་གཞལ་ཡས་ཁང་དང་བཅུད་དག་པ་ལྷའི་རང་བཞིན་ཏེ་བཅུད་དེ་ཡང་འབྱུང་བ་ལྔ་ཡུམ་ལྔ་དང་ཕུང་པོ་ལྔ་ཡབ་ལྔ་དང་རྟོག་ཚོགས་རྣམས་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བསྟན་པས་དམིགས་པའི་སྒོ་ནས་འཕགས་ཏེ། དེ་ཡང་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ལས། ཕུང་པོ་ལྔ་ཉིད་མངོན་པར་རྫོགས་པའི་སྐུ། །སྲིད་རྩའི་ཉེས་དམིགས་ཉིད་ཀྱང་བྱང་ཆུབ་སྙིང་པོར་གནས། །ཕྱི་ནང་སྣོད་བཅུད་ཡབ་དང་ཡུམ་དུ་གསལ། །ཞེས་དང་། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཕུང་པོ་ལྔ་དོན་སངས་རྒྱས་ལྔ། །འབྱུང་བ་ལྔ་དོན་དབྱིངས་ཕྱུག་ཡུམ། །ཁམས་དང་སྐྱེ་མཆེད་མང་པོ་ཀུན། །སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན། །དེས་ན་སྲིད་གསུམ་དཀྱིལ་འཁོར་ཆེ། །ཞེས་གསུངས་པ་བཞིན་ནོ། །ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པ་ལས། ཕུང་པོ་ལྔ་ནི་རིགས་ལྔའི་ངང་། །རིགས་ལྔའི་སངས་རྒྱས་ཡེ་ཤེས་ཀློང་། །ཞེས་དང་། ཡུམ་ཆེན་ལྔ་པོ་འབྱུང་ལྔའི་ངང་། །ཆོས་དབྱིངས་ཆེན་པོ་འབྱུང་མེད་པས། །ཞེས་གསུངས་སོ། །འདིའི་ཚུལ་ཡང་ཐེག་གསུམ་རྣམ་པར་གཞག་པ་ལས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་གསུངས། ཀུན་མཁྱེན་རོང་ཟོམ་ཆེན་པོས། དེ་ལ་དམིགས་པ་ཆེན་པོ་ནི་འདིར་གསང་བ་ཆེན་པོའི་དོན་ཐུན་མོང་མ་ཡིན་པ་ལ་དམིགས་ཏེ། དེ་ཡང་རྣམ་པ་དྲུག་གི་ཚུལ་གྱིས་ཐུན་མོང་གི་མདོའི་དོན་ལས་འཕགས་ཏེ། འདི་ལྟར་དོན་དམ་པ་རྒྱུར་ལྟ་བ་དང་། ཀུན་རྫོབ་འབྲས་བུར་ལྟ་བ་དང་། རྒྱུ་གནས་སུ་ལྟ་བ་དང་། འབྲས་བུ་རྒྱལ་བའི་དལ་དུ་ལྟ་བ་དང་། བྱེད་སྤྱོད་ཚོགས་སུ་ལྟ་བ་དང་། དེ་ལྟ་བའི་དོན་གྱིས་ཀུན་རྫོབ་ཙམ་དུའང་རྒྱུ་འབྲས་དབྱེར་མེད་དུ་ལྟ་བའོ། །ཞེས་གསུངས་སོ། །ཆོས་ཅན་ལྟ་བའི་ཡུལ་ནི་རྒྱ་ཆེན་པོའམ་ཀུན་རྫོབ་དག་པ་ཆེན་པོ་གང་ཡིན་པའོ། །འོ་ན་སྣང་ཆ་འོད་གསལ་བའི་རང་བཞིན་བདེ་གཤེགས་སྙིང་པོ་ནི་ཤེར་ཕྱིན་དང་བཀའ་མཐའ་མ་ལས་ཀྱང་བསྟན་པས་ཁྱད་པར་ཅན་དུ་མི་འགྱུར་སྙམ་ན། ཤིན་ཏུ་ཡང་འགྱུར་ཏེ། མདོ་ལས་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་སྒྲུབ་པ་དང་སྔགས་སུ་སྣང་སྲིད་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་ཅིང་མཚན་མ་མཐའ་དག་བྲལ་བས་ན་མཉམ་པ་ཆེན་པོར་སངས་རྒྱས་པའི་རང་བཞིན་དུ་གྲུབ་པ་གང་ཡིན་པའོ། །དེ་ཡང་ཀུན་མཁྱེན་རོང་ཟོམ་ཆེན་པོས་དམ་ཚིག་མདོ་རྒྱས་ལས་ལྟ་བའི་དམ་ཚིག་སྐབས་སུ་གསུངས་པ། དེ་བཞིན་དུ་མདོ་ཁ་ཅིག་ལས། སོ་སོའི་སྐྱེ་བོའི་ཤེས་པའང་རང་བཞིན་གྱིས་རྣམ་པར་བྱང་བ་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་མོད་ཀྱི། དེ་དག་ཏུ་ནི་མཚན་མའི་ཆོས་ཀྱང་ཤས་ཆེར་འདོད་ལ། འདིར་སངས་མ་རྒྱས་པའི་ཆོས་རྡུལ་ཙམ་ཡང་མེད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡང་མདོ་ལས་ནི་རིགས་ཆེན་གསུམ་གྱིས་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་སྒྲུབ་པ་ཙམ་ལས་དེ་ལ་བརྟེན་པའི་ཕུང་ཁམས་ཀྱི་རྣམ་གཞག་དག་པའི་རང་བཞིན་དུ་གཏན་ལ་ཕབ་མེད་དོ། །སྔགས་ལས་ནི་གཞི་ལེགས་པར་གཏན་ལ་ཕབ་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག༔ ང་འདས་པའི་འོག་ཏུ་མ་འོངས་པའི་སེམས་ཅན་རྣམས་ལ་འདི་སྐད་ཅིག་སྟོན་ཅིག༔ བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ༔ རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གནད་ལྟ་བུའོ༔ ཞེས་གསུངས་སོ། །དེ་ལ་བརྟེན་པའི་ཆོས་ཐམས་ཅད་ཀྱང་དཀྱིལ་འཁོར་གསུམ་དུ་ཡེ་ནས་དག་པའི་རང་བཞིན་དུ་གྲུབ་བོ། །དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡང་དག་པ་གསུམ་དང་རྟོགས་པ་བཞིའི་གཏན་ཚིགས་སོགས་ཀྱིས་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཀུན་རྫོབ་དག་པ་ཆེན་པོོར་ཡེ་ནས་གནས་པར་བསྒྲུབས་པ་ཡིན་ནོ། །དེ་ཡང་གསང་བ་སྙིང་པོ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་དང་། ཡང་ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་དོ། །ཀུན་རྫོབ་ཙམ་དུ་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །དེས་ན་བོད་སྤྲུལ་ཐམས་ཅད་མཁྱེན་པས། རྒྱུའི་ཐེག་པའི་འོད་གསལ་གྱི། །སེམས་ཉིད་བདེ་གཤེགས་སྙིང་པོ་དང་། །སྔགས་ཀྱི་འོད་གསལ་ལྷུན་གྲུབ་གཉིས། །གསལ་རྒྱས་རྫོགས་པའི་ཁྱད་པར་ཆེ། །ཞེས་གསལ་རྒྱས་རྫོགས་པའི་ཁྱད་པར་ནི། རང་འགྲེལ་ལས། གསལ་བའི་ཁྱད་པར་ནི་སྔོན་བྱུང་དངོས་ལྔའི་གཏན་ཚིགས་སོགས་ཀྱིས་ལྷའི་དཀྱིལ་འཁོར་དུ་གསལ་པོར་བསྟན་པ་དང་། རྒྱས་པའི་ཁྱད་པར་ནི་ཕུང་ཁམས་སྐྱེ་མཆེད་སོགས་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་བཀྲལ་བ་དང་། རྫོགས་པའི་ཁྱད་པར་ནི་སྣང་གྲགས་རིག་གསུམ་སོགས་གདན་གསུམ་ལྷའི་དཀྱིལ་འཁོར་དུ་རྫོགས་པར་གསུངས་པའི་ཕྱིར་ཞེས་གསུངས་སོ། །ཡང་ན་སྔགས་ལས་ནི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྟན་པས་གཞི་གསལ་བར་བསྟན། དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དང་མངོན་དུ་བྱེད་པའི་ཐབས་དུ་མ་བསྟན་པས་ལམ་རྒྱས་པར་བསྟན། འབྲས་བུ་རྫོགས་པར་བསྟན་ཏེ་སྣང་གྲགས་རིག་གསུམ་གྱི་དཀྱིལ་འཁོར་དུ་རྫོགས་པར་བསྟན་པའི་ཕྱིར་རོ། །དེ་ལྟར་སྣང་བ་རྣམས་ནི་ལམ་བསྒོམས་ན་དེ་ལྟར་འཆར་རུང་ཙམ་ལས་དོན་ལ་མེད་དེ་རྣལ་འབྱོར་གྱི་མཐུས་ཀེང་རུས་སོགས་སྣང་བ་བཞིན་ནོ་ཞེ་ན། དེ་ནི་སྒོམ་པའི་སྟོབས་ཁོ་ན་ལས་མ་ཡིན་ཏེ། འཆི་དུས་ཀྱི་འོད་གསལ་འཆར་བ་ཁྱོད་ཀྱི་རྒྱུད་དག་ལས་ཀྱང་གསུངས་པའི་ཕྱིར། དེའི་ཕྱིར་གཞིའི་འོད་གསལ་མི་འདོད་པ་དག་གི་ལུགས་ལ་སེམས་ཅན་ཐམས་ཅད་ཀྱང་ལམ་སྒོམ་པར་ཐལ་བའི་ཕྱིར། ཡང་དེ་དག་གཟུགས་པོར་གསུངས་པ་མ་ཡིན་པར་དྲང་དོན་ཡིན་ནོ་ཞེ་ན། དྲང་དོན་གྱི་གཞུང་ནས་གསུངས་པའི་བརྗོད་བྱ་ཐམས་ཅད་ཀྱང་ཐ་སྙད་དུ་མེད་པ་ཁྱོད་ཀྱིས་ཁས་ལེན་ནམ་ཅི། དེ་ལྟར་དག་པའི་སྣང་བ་ནི་ཡེ་ཤེས་རང་སྣང་ཡིན་པས་དག་པ་སྐུ་དང་ཡེ་ཤེས་སུ་སྣང་བའོ། །དེ་ལྟར་མིན་པར་སེམས་དང་ཡེ་ཤེས་ཀྱི་ཡུལ་དང་ཡུལ་རིག་ཚུལ་གཅིག་ཡིན་ན་རིགས་པ་མ་ཡིན་ཏེ། ཅི་བདག་ཅག་མི་རྣམས་ལ་སྣང་བའི་ཆུ་ཀླུང་དེ་ཉིད་ཡི་དྭགས་རྣམས་ལའང་ཆུར་སྣང་བ་ཡིན་ནམ། མ་ཡིན་ན། དེ་ལྟར་སྣང་བ་ནི་དག་མ་དག་གི་སྟོབས་ཀྱིས་སྣང་བ་མ་ཡིན་ནམ། མ་ཡིན་ན། མི་རྣམས་ལའང་རྣག་ཏུ་ཅིའི་ཕྱིར་མི་སྣང་། ཡིན་ན། དག་པ་ཡེ་ཤེས་ཀྱི་སྣང་བ་དེ་ཡང་མ་དག་ཚུ་རོལ་མཐོང་བའི་ཚད་མ་ལས་གཞན་དུ་གྱུར་པ་ཡིན་པ་ཅིའི་ཕྱིར་མི་འདོད། དེའི་ཚུལ་རྒྱས་པ་དཔལ་རོང་ཟོམ་དང་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གསུང་དྲི་མ་མེད་པ་ལས་རྒྱ་ཆེར་གསུངས་པ་བཞིན་ནོ།།
བཞི་པ། ཆོས་ཉིད་ལྟ་བའི་ལྟ་བ་ལ་ཁྱད་ཡོད་པར་བསྟན་པ་ནི། ཆོས་ཉིད་ལྟ་བའི་ལྟ་བ་ནི་དོན་དམ་ངེས་པའི་བློ་གང་ཡིན་པའོ། །ཡུལ་ཆོས་དབྱིངས་གཏན་ལ་འབེབས་པ་ཙམ་ལ་ཁྱད་མེད་པར་གོང་དུ་བསྟན་པ་ལྟར། འདིར་ཡུལ་གཅིག་ཡིན་པས་ཇི་ལྟར་ཁྱད་པར་འཕགས་ཆོས་སུ་འགྱུར་ཞེ་ན། ཀུན་མཁྱེན་མི་ཕམ་པས་གསུངས་པ། མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། གཞལ་བྱ་ཆོས་དབྱིངས་མཐོང་ཚུལ་གྱི་ཡུལ་ཅན་ལ་ཁྱད་ཡོད་ལ། ལྟ་བ་ནི་ཡུལ་ཅན་གྱི་ངོས་ནས་འཇོག་པས་ན་ཁྱད་ཤིན་ཏུ་ཆེའོ། །ཞེས་གསུངས་པ་བཞིན་ནོ། །ཁྱད་པར་ནི་ཆོས་དབྱིངས་དོན་དམ་སྐོར་བདུན་གྱི་ངོ་བོ་རྟོགས་ཚུལ་ཡིན་ནམ་ཞེ་ན་དེ་ལྟར་མ་ཡིན་ཏེ། ཆོས་དབྱིངས་སྟོང་ཆ་ནས་འཇོག་དགོས་པས། བདེན་གཉིས་རེས་འཇོག་རྟོགས་པའི་བློ་སོ་སྐྱེའི་ས་ན་མེད་པའི་ཕྱིར། གལ་ཏེ་མཉམ་གཞག་ཏུ་རྟོགས་ནའང་བློ་མངོན་སུམ་ནི་ལྟ་བ་མ་ཡིན་ནོ། །འོ་ན་ཇི་ལྟར་ཡིན་སྙམ་ན་མདོ་ལམ་ལས་ནི་ཡིད་དཔྱོད་ཀྱི་ཚུལ་གྱིས་རྟོགས་ལ་སྔགས་ལམ་ལས་ནི་ཐབས་ཀྱི་མན་ངག་ཟབ་མོའི་སྟོབས་ལས་ཡིད་དཔྱོད་དང་བྲལ་བར་མྱོང་བས་རྟོགས་པ་ཡིན་ཏེ། མ་རྨོངས་པ་དང་ཐབས་མཁས་པ་དང་ཐབས་མང་བ་དང་དབང་པོ་རྣོན་པོ་ཡིན་པས་འཕགས་པ་ཡིན་ནོ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་བརྟག་པ་དང་པོ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། གོང་དུ་དོན་གཅིག་ཅེས་པའི་དོན་ནི་ཀུན་མཁྱེན་ཆེན་པོས། ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་དང་འགྲེལ་པ་ཤིང་རྟ་ཆེན་པོ་དང་ངལ་གསོ་སྐོར་གསུམ་གྱི་བསྡུས་དོན་སོགས་གཞུང་ཕལ་མོ་ཆེར་འབྲས་བུ་སངས་རྒྱས་གྲུབ་པར་དོན་གཅིག་ཀྱང་ཞེས་འབྲས་བུ་ལ་གསུངས་ཀྱང་། གྲུབ་མཐའ་མཛོད་དུ་ནི་གཞི་ལ་སྦྱར་ནས་གསུངས། དེ་ཡང་འོད་གསལ་བའི་སྙིང་པོ་དང་། དེ་ལ་བརྟེན་པའི་ཆོས་རྣམས་གཏན་ལ་འབེབས་པར་དོན་གཅིག་ཀྱང་། མདོ་མཚན་ཉིད་ཐེག་པས་གཞི་ལམ་འབྲས་བུ་གཏན་ལ་འབེབས་པར་རྨོངས་ལ། སྔགས་ཀྱིས་མ་རྨོངས་པར་ཤེས་པའི་ཁྱད་པར་ཡོད་དེ། ཞེས་གསུངས། དེ་བཞིན་ཀུན་མཁྱེན་མི་ཕམ་པའི་ངེས་ཤེས་སྒྲོན་མེ་ལས། འོན་ཀྱང་མདོ་ལས་ཟུང་འཇུག་དོན། །དཔྱད་པས་གཏན་ལ་ཕབ་པ་ཉིད། །སྔགས་སུ་རང་གི་རིག་དབྱིངས་སུ། །ཐད་ཀ་མྱོང་བས་གྲུབ་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །འདིའི་དོན་ནི་སྤྱི་དོན་འོད་གསལ་སྙིང་པོ་ལས། དང་པོ་མདོ་ལམ་དུ་ཆོས་དབྱིངས་རྗེས་དཔག་ལ་བརྟེན་ནས་ཡིད་དཔྱོད་ཀྱིས་བསྒོམས་ཤིང་། ཚོགས་རྒྱ་ཆེན་པོ་བསགས་པ་དང་བཅས་གདོད་རིང་མོ་ཞིག་ན་མངོན་དུ་རྟོགས་པར་བྱེད་དེ། འདིར་རང་གི་སེམས་ཉིད་ཀྱི་སྟེང་དུ་ཡིད་དཔྱོད་དང་བྲལ་བར་ཐད་ཀར་མྱོང་བའི་ཚུལ་གྱིས་རྟོགས་ནུས་པ་སྟེ། ཞེས་གསུངས་སོ། །དེའི་ཕྱིར་དམ་པ་གོང་མ་རྣམས་ཀྱིས་འདི་ལ་ཉམས་མྱོང་ཏིང་འཛིན་གྱི་ལྟ་བ་ཞེས་པའི་ཐ་སྙད་མཛད་དོ། །དེས་ན་མདོ་ལས་ཡིད་དཔྱོད་ཀྱིས་བསྒོམས་ཤིང་ངེས་པའི་བློ་དང་སྔགས་ལས་མངོན་སུམ་དུ་རྟོགས་པའི་ངེས་ཤེས་གཉིས་ཁྱད་པར་ཡོད་པས་འདིར་སྔགས་ཀྱི་ལྟ་བ་ཁྱད་པར་འཕགས་པ་ཡིན་ནོ། །བདག་ནི་ཐབས་འཕགས་པའི་སྟོབས་ཀྱིས་ལྟ་བ་ཡང་འཕགས་པར་སྙམ་མོ། །ཅིའི་ཕྱིར་ན་སྔགས་ལ་མངོན་སུམ་དུ་རྟོགས་པ་ཡོད་པ་ནི་ཐབས་དང་མན་ངག་ཟབ་མོའི་སྟོབས་ཀྱིས་ཡིན་ལ་དེ་ལྟར་མ་ཡིན་ན་མདོ་ལས་ཀྱང་མངོན་སུམ་དུ་ཅིའི་ཕྱིར་མི་རྟོགས་ཏེ་རྟོགས་དགོས་ཏེ་ཐབས་ཟབ་མོའི་སྟོབས་ཀྱིས་མ་ཡིན་པའི་ཕྱིར། དེས་ན་ཐབས་འཕགས་པའི་ཤུགས་ལ་ལྟ་བའང་ཁྱད་པར་འཕགས་པར་འགྱུར་རོ། །དེ་ཡི་ཕྱིར་ཐབས་ཙམ་གྱིས་ཁྱད་པར་འཕགས་པར་འདོད་པ་དག་ཅིའི་ཕྱིར་ལྟ་བ་ལ་ཁྱད་ཡོད་པར་མི་འདོད་དེ་བདེ་ཆེན་གྱི་ཡེ་ཤེས་ཇི་ཙམ་རྒྱས་པ་དེའི་ཚོད་ཀྱིས་སྟོང་པ་ལ་ངེས་ཤེས་ཆེ་རུ་འགྲོ་བ་མ་ཡིན་ནམ།
ལྔ་པ། ཆོས་ཅན་ལྟ་བའི་ལྟ་བ་ལ་ཁྱད་ཡོད་ཚུལ་ནི། ཆོས་ཅན་ལྟ་བའི་ལྟ་བ་ནི་ཀུན་རྫོབ་བདེན་པ་ངེས་པའི་བློའོ། །གཞི་ཆོས་ཅན་འཕགས་པའི་སྟོབས་ཀྱིས་དེ་ཉིད་ངེས་པའི་བློ་ལ་ཁྱད་ཡོད་པ་ནི་སྨྲ་མི་དགོས་སོ། །མདོ་ལས་ནི་ཀུན་རྫོབ་སྒྱུ་མ་ལྟ་བུ་ངེས་པའི་བློ་དང་རིགས་ཆེན་གསུམ་གྱིས་སེམས་ཅན་རྣམས་སྙིང་པོ་ཅན་དུ་ངེས་པ་ལས་ཀུན་རྫོབ་དག་པ་ཆེན་པོ་ནི་མ་བཤད་དོ། །དེས་ན་སྐབས་འདིར་བསྟན་གྱི་ལྟ་བ་ནི། ཐ་སྙད་ཚད་མ་ལའང་གཉིས་ཡོད་པ་ལས་དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མས་བསྐྱེད་པའི་ཡུལ་ངེས་པའི་བློའོ། །འོ་ན་ཀུན་རྫོབ་ཀྱི་ཡུལ་ཅན་ལྟ་བ་མིན་ནམ་ཞེ་ན། འོད་གསལ་སྙིང་པོ་ལས། ཀུན་རྫོབ་ཀྱི་ཡུལ་ཅན་ལྟ་བ་མིན། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། བདེན་བཞིའི་རྣམ་པའི་སྟོང་བདག་མེད་མ་གཏོགས་པ་གཞན་རྣམས་དང་། ཐ་སྙད་ཀྱི་ཡུལ་ཇི་བཞིན་ངེས་པའི་ལྟ་བ་ཀུན་ལྟ་བ་མིན་པར་ཐལ་དགོས་ན། དེ་འདྲའི་ལམ་གྱི་རྣམ་གཞག་ཆགས་པ་སུས་ཀྱང་མི་སྨྲའོ། །ཞེས་གསུངས་པས་ལེགས་པར་གྲུབ་བོ།།
དྲུག་པ། ཁྱད་པར་དེ་ལྡན་གྱི་ས་མཚམས་ནི། སྤྱིར་སྔགས་ལམ་ལ་ཞུགས་ཚུལ་ལ་ཚོགས་ལམ་ཆེན་པོར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་སྟོབས་ཀྱིས་ཞུགས་པ་དང་མཐོང་ལམ་ནས་ཞུགས་པ་གཉིས་སུ་གསུངས་པ་ལས་འདིར་ཕྱི་མའི་ལུགས་ལྟར་བཤད་དོ། །འོན་ཀྱང་དེ་གཉིས་རྣམ་པ་ཀུན་ཏུ་འགལ་བར་མ་མཐོང་ངོ་། །ལྟ་བའི་ཁྱད་པར་དེ་དག་ལམ་ལྔ་ཀར་འདོད་དམ་ཞེ་ན། དེ་ལྟར་མ་ཡིན་ཏེ་སྦྱོར་ལམ་མན་ཆད་དེ་ལྟར་རྣམ་པར་བཞག་པ་ལས་མཐོང་ལམ་ཡན་འཕགས་པ་ཐམས་ཅད་ཀྱིས་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་མངོན་སུམ་དུ་གཟིགས་པ་འདྲ་བས་སོ།།
སྤྱིར་སྔགས་ལམ་དུ་ཞུགས་ཚུལ་ལ་ཚོགས་ལམ་ཆེན་པོར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་སྟོབས་ཀྱིས་ཞུགས་པ་དང་མཐོང་ལམ་ནས་ཞུགས་པ་གཉིས་སུ་གསུངས་པ་ལས་འདིར་ཕྱི་མའི་ལུགས་ལྟར་བཤད་དོ། །དེས་ན་འདིར་ཕྱི་མའི་དབང་དུ་བྱས་ནས་ཀུན་མཁྱེན་རོང་ཟོམ་ཆེན་པོས་ཐེག་པ་ཆེན་པོའི་ཡི་གེ་ལས། ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གྱིས་ནི། གཉིས་སུ་འགྱུར་ཏེ། དང་པོ་སེམས་བསྐྱེད་པ་ནས་བཟུང་ནས། ཐ་མ་བདེན་པའི་དོན་སྤྲོས་པ་དང་བྲལ་བ་ཉིད་མངོན་སུམ་དུ་མཐོང་སྟེ། དབང་སྦྱོར་བ་ལ་ཐུག་གི་བར་དུ་ནི། གང་ཟག་གི་ཁྱད་པར་དང་། ལམ་གྱི་ཁྱད་པར་མྱུར་བ་དང་བུལ་བ་དག་ཡོད་དེ། དབང་ཐོབ་པ་ནས་བཟུང་བུད་དྡྷའི་ས་ཉིད་ལ་ཐུག་གི་བར་དུ་ནི་གང་ཟག་དང་ལམ་གྱི་ཁྱད་པར་དག་མེད་དེ་དབང་ཐོབ་པར་འདྲ་བས་འདོད་པ་ཙམ་ལ་རག་ལས་པའི་ཕྱིར། ཞེས་དང་། གནས་སྐབས་དང་པོ་ལ་ནི་གང་ཟག་དང་ལམ་གྱི་ཁྱད་པར་ཡོད་དོ། །གནས་སྐབས་གཉིས་པ་ལ་ནི་ཁྱད་པར་དེ་གཉིས་མེད་ཀྱི། ཞེས་གསུངས་སོ། །ཡང་ཀུན་མཁྱེན་ཀློང་ཆེན་པས་ཕྱོགས་བཅུའི་མུན་སེལ་ལས། དེའི་ཕྱིར་འཕགས་པའི་གོ་འཕང་ཐོབ་པ་ཚུན་ཆད་ལ་ལམ་ཟབ་མི་ཟབ་ལ་སོགས་པ་ནི་རིང་དུ་སྣང་ཡང་། དེ་ཕན་ཆད་སེམས་ལ་དབང་ཐོབ་པས་ཇི་ཙམ་གྱི་གྲོལ་བ་རང་དབང་ཡོད་དེ། ཞེས་གསུངས་སོ། །ཡང་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས། དེ་ཡང་མཐོང་ལམ་མ་སྐྱེས་ཀྱི་བར་དུ་ལམ་ལ་རིགས་དེ་གཉིས་སུ་སྦྱངས་པས། བྱང་སེམས་ཀྱི་ས་ལས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་ལ། སྔགས་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བཏགས་པ་དེ་མངོན་དུ་བྱེད་པ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཡང་ཀུན་མཁྱེན་མི་ཕམ་པས་ཀྱང་སྤྱི་དོན་འོད་གསལ་སྙིང་པོ་ལས། རྒྱུ་མཚན་དེས་ན་དོན་དམ་པར་ཆོས་ཀུན་མཉམ་པ་ཆེན་པོར་གནས་ཀྱང་ཀུན་རྫོབ་ཏུ་རྒྱུ་འབྲས་སྤང་བླང་ཐ་དད་དུ་བྱེད་ཀྱི་འཁོར་བ་ཉིད་སངས་རྒྱས་སུ་མི་འདོད་པ་དེས་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཞེས་བྱ་ཞིང་། དེའི་དབང་གིས་བདེན་དོན་མངོན་སུམ་མ་མཐོང་བར་དུ་ཆོས་ཀུན་སངས་རྒྱས་པའི་དོན་ལ་མ་རྨོངས་པའི་ཆ་ཡོད་ལ། སྔགས་ལམ་དུ་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དུས་ནས་ཀྱང་འཁོར་འདས་དབྱེར་མེད་དག་པ་ཆེན་པོར་ལྟ་བས་ན་ལྟ་བ་མ་རྨོངས་པ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ལྟར་འོད་གསལ་བའི་དབྱིངས་དེ་ཇི་ལྟ་བ་བཞིན་དུ་གཟིགས་པ་མདོ་ཡི་མཐོང་ལམ་གྱི་ཡེ་ཤེས་ཐོབ་པས་ནི་མཉམ་གཞག་ཏུ་གཟུང་འཛིན་གཉིས་སུ་མེད་པའི་ཚུལ་གྱིས་ཆོས་དབྱིངས་མཉམ་པ་ཆེན་པོའི་དོན་གཟིགས་པ་ན། དེའི་ངོར་དག་མ་དག་དང་ཡོད་མེད་ལ་སོགས་པའི་སྤྲོས་པ་མི་མངའ་ཡང་། ཆོས་དབྱིངས་མངོན་དུ་མཐོང་བའི་སྟོབས་ཀྱིས། རྗེས་ཐོབ་ཀྱི་ངེས་ངོར་དག་མཉམ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཏེ། ཞེས་གསུངས་པ་ལྟར་མཐོང་ལམ་དུ་ཞུགས་ནས་དེ་ཕན་ཆད་ལམ་ལ་ཁྱད་མེད་པ་ནི་གནས་ལུགས་རྟོགས་པའི་སྟོབས་ཀྱིས་ཡིན་པས་ཁྱད་པར་མེད་དོ།།
བདག་གི་ལྷག་བསམ་དཀར་པོ་གཡོས་པ་ལས།།
ལེགས་འཁྲུངས་དགེ་བའི་ས་བོན་ཅི་མཆིས་པ།།
སྲས་བཅས་རྒྱལ་བ་རྒྱ་མཚོའི་ཚོགས་ཆེན་པོར།།
སྨིན་ནས་རིན་ཆེན་གཏེར་ལ་དབང་འགྱུར་ཤོག།