ལོ་རིམ་བཞི་པའི་སློབ་གཉེར་བ། བློ་གྲོས།
རོ་ཧ་ན་«Rohana»འབབ་ཚུགས་བར་དུ་མེ་འཁོར་གྱི་ཁང་མིག་ཅིག་གི་ནང་ང་རང་ཁེར་རྐྱང་ལས་གཞན་འགྲུལ་པ་སུ་ཡང་མེད་མོད། འོན་ཀྱང་། འབབ་ཚུགས་འདི་ནས་བུ་མོ་ཞིག་འཛུལ་ནས་འོང་། མོ་འབབ་ཚུགས་སུ་ཚུར་སྐྱེལ་མཁན་ཁྱོ་ཤུག་གཉིས་པོ་དེ་ཕལ་ཆེར་མོའི་ཕ་མ་ཡིན་པ་འདྲ། སྐབས་དེར་ཁོང་གཉིས་པོ་བུ་མོ་ལ་བལྟས་ནས་སེམས་སྡུག་ཆེན་པོ་ཞིག་བྱས་པ་ལྟ་བུར་ཚོར་བྱུང་། དེ་ཡང་སྐྱེས་མ་འདིས་མོའི་ཅ་ལག་གང་དུ་འཇོག་དགོས་མིན་དང་། མེ་འཁོར་གྱི་སྒེའུ་ཁུང་དུ་ལུས་པོ་བསྙེས་ནས་མི་སྡོད་ཚུལ། ངོ་འདྲིས་མེད་པའི་མི་དང་སྐད་ཆ་སྣང་མེད་ཤོད་མི་ཆོག་པ་བཅས་ཁ་ཏ་བྱས་ནས་ཁ་བྲལ་མ་ཐག་ད་དུང་ཡང་འགྲུལ་བཞུད་མུ་མཐུད་པ་རེད།
ང་ནི་མིག་ལོང་བ་ཡིན་སྟབས་འོད་དང་མུན་པ་གཉིས་ལ་ཅུང་ཟད་ཅིག་ཚོར་བ་མྱོང་བ་མ་གཏོགས་བཟང་ངན་གང་ཡང་མཐོང་མི་ཐུབ་པས་བུ་མོའི་གཟུགས་བྱད་མཛེས་མིན་ཇི་ལྟར་ཡོད་མེད་ལྟ་བའི་གོ་སྐབས་མ་བྱུང་མོད། འོན་ཀྱང་མོའི་རྐང་རྟིང་གི་སྒྲ་ལ་བརྟེན་ནས་མོའི་རྐང་པར་མཐིལ་ལྷམ་གྱོན་ཡོད་པ་ཧ་གོ་སོང་། གཅིག་བྱས་ན་དུས་ཡུན་གང་མཚམས་རྗེས་སུ་མོའི་གཟུགས་བྱད་གང་འདྲ་ཡོད་མེད་རྟོགས་ཐུབ་རྒྱུ་རེད་སྙམ་པ་ཞིག་དང་། དེ་མིན་ཧ་གོ་བའི་དུས་སྐབས་ནམ་ཡང་འབྱུང་མི་སྲིད་སྙམ་པའི་བློ་རྩེ་གཉིས་ཀྱི་ནང་དུ་ལྷུང་། གང་ལྟར་ཡང་མོའི་སྐད་གདངས་དང་། མཐིལ་ལྷམ་གྱི་སྒྲ་གཉིས་པོས་ང་ཡི་ཡིད་རང་དབང་མེད་པར་ཕྲོགས་པས། “གང་དུ་འགྲོ། དྷེརའི་ཁྲོམ་«Dehra Town»བར་དུ་འགྲུལ་བཞུད་བྱ་རྒྱུ་ཡིན་ནམ།” ཞེས་དྲིས་པ་ཡིན། ཕལ་ཆེར་ང་རང་དེ་དུས་ཁང་མིག་ནག་ཁུང་ནང་བསྡད་ཡོད་པའི་སྣང་བ་ཞིག་ཀྱང་ཤར། གང་ཡིན་ཟེར་ན་ངའི་སྐད་དེས་མོ་ཧོན་ཐོར་སོང་། མོས་སྐད་འདར་བའི་ངང་ནས་“ཁང་མིག་འདིར་མི་ཡོད་པ་ཤེས་མ་སོང་”ཞེས་ལབ་སོང་བས། ངས་འདི་ལྟར་བསམས། མིག་གི་དབང་པོ་མ་ཉམས་པ་ལེགས་པར་མཐོང་ཐུབ་མཁན་ཚོས་ཀྱང་སྐབས་རེར་རང་གི་མདུན་དུ་ཡོད་མཁན་ཡང་མཐོང་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི་རྒྱ་ཆེན་པོ་དང་ཡོད་ཚད་ཐམས་ཅད་ལ་ལྟ་ཐབས་བྱེད་པའི་རྐྱེན་གྱིས་མ་ཡིན་ནམ་སྙམ། འོན་ཀྱང་ང་དང་ང་ལྟ་བུའི་དམུས་ལོང་བ་རྣམས་ནི་དབང་ཤེས་ལྷག་མ་དག་ལ་བརྟེན་ནས་གཙོ་བོ་དང་གལ་ཆེན་པོ་རྟོགས་ཐབས་ལ་འབད་བརྩོན་བྱེད་པ་ཡིན་བསམས་པའི་ངང་ནས་“ངས་ཀྱང་ཁྱོད་མ་མཐོང་མོད། མེ་འཁོར་ཁང་མིག་ནང་འཛུལ་བ་ཧ་གོ་སོང་།”ཞེས་བརྗོད་པ་ཡིན།
ང་མིག་ལོང་བ་ཡིན་པར་མོས་ཧ་མི་གོ་བར་གསང་ཨེ་ཐུབ་བསམས་ནས་སེམས་ཁྲལ་ཞིག་ཀྱང་ལངས་བྱུང་། ཡིན་ནའང་ང་རྐུབ་སྟེགས་ནས་མ་ལངས་པར་དེ་གར་བསྡད་ན་དཀའ་ལས་མེད་པར་གསང་ཐུབ་སྙམ་པའི་སྤོབས་པ་ཞིག་ཀྱང་སྐྱེས། མོས་“ང་ས་ཧ་རན་པུར་«Saharanpur»བར་དུ་འགྲོ་ཡ་ཡིན། ཕ་གིར་ངའི་ཨ་ནེ་དང་འཕྲད་རྒྱུ་རེད་”ཅེས་ལན་བཏབ་བྱུང་། ངས་མོ་ལ་“དེ་ལྟ་ན་ངེད་གཉིས་བར་ལ་འགྲོགས་འདྲིས་མ་བཟོས་ན་ལེགས། ཨ་ནེ་དེ་ཚོ་རང་བཞིན་གྱིས་བཙན་པོ་ཡིན་”ཞེས་བརྗོད་པ་ན། མོས་ང་ལ་“ཁྱོད་གང་དུ་འགྲོ་”ཞེས་དྲིས་བྱུང་། ངས་“དྷེ་རའི་ཁྲོམ་བརྒྱུད་ནས་མུ་སུ་རིར་(Mussoorie)འགྲོ་རྒྱུ་ཡིན།” ཞེས་ལན་བཏབ་པར་མོས་“ཨེ་མ་ཁྱོད་རང་མི་བསོད་ནམས་ཅན་ཞིག་རེད་འདུག ང་ཡང་མུ་སུ་རིར་འགྲོ་མཁན་ཞིག་ཡིན་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་བྱེད་ཀྱི་ཡོད། རི་དང་སྤོ་མཐོ་ལ་དགའ་པོ་ཡོད། ཁྱད་པར་དུ་སྤྱི་ཟླ་བཅུ་པའི་ནང་ལ།” ཞེས་དེ་མ་ཐག་ལན་བཏབ་པས།
ངས་ཀྱང་“ལོས་ཡིན་དུས་ཚོད་དེ་ཡག་ཤོས་ཡིན། རི་དང་སྤོ་མཐོ་ཐམས་ཅད་ཀྱང་ཇུན་མེ་ཏོག་«Dahlia Flower»གིས་གཡོགས་པ་དང་། ཉིན་གུང་ཉི་མའི་དྲོད་རན་པོ། དགོང་མོར་ཁྱོད་རང་གི་མདུན་དུ་མེ་ཆེན་པོ་སྤར་ནས་རྒུན་འབྲུམ་ཨ་རག་འཐུང་ཆོག ཡུལ་སྐོར་སྤྲོ་འཆམ་པ་དེ་ཚོ་ཡང་མང་ཆེ་བ་རང་ཡུལ་ལ་ཕྱིར་ལོག་ཚར་ནས། རྒྱ་ལམ་ཡང་སྟོང་སང་ངེར་གྱུར་པའི་དུས་ཤིག་རེད། ཡིན་ན་ཡང་མུ་སུ་རིར་ལྟ་སྐོར་འོང་བའི་དུས་ཚོད་ཡག་ཤོས་དེ་སྤྱི་ཟླ་བཅུ་པ་རང་ཡིན།” ཞེས་བརྗོད་པས་མོ་ཁུ་སིམ་མེར་ཆགས་སོང་།
གཅིག་བྱས་ན་ངའི་སྐད་ཆ་དེས་མོ་ལ་སེམས་འགུལ་ཐེབས་པ་ཡིན་ནམ། དེ་མིན་ན་མོས་ང་མི་རྟོག་འཆར་ཅན་ཞིག་ཡིན་འདུག་དྲན་པ་ཡིན་ནམ་སྙམ་པའི་ཐེ་ཚོམ་ངང་ནས་“སྒེའུ་ཁུང་ཕྱི་ལོགས་ཀྱི་མཐོང་སྣང་གང་འདྲ་འདུག་”ཅེས་དྲིས་པ་ཡིན། འོན་ཀྱང་། ངའི་དྲི་བ་འདི་ལ་མོས་དོ་སྣང་སྤྲད་མ་བྱུང་བས་མོས་ང་མིག་ལོང་བ་ཡིན་པ་ཧ་གོ་བ་ཡིན་ནམ་ཞེས་ཐེ་ཚོམ་གྱི་གནས་སུ་གྱུར་མོད། ཡིན་ནའང་། མོས་ང་ལ་“སྒེའུ་ཁུང་ནས་ཕྱི་ལོགས་ལ་མི་ལྟ་བ་ཅི་ཡིན། ཁྱོད་རང་གིས་ལྟོས་དང་།” ཟེར་བས་སོམ་ཉི་དང་བྲལ་སོང་།
ངས་དལ་གྱིས་རྐུབ་སྟེགས་བརྒྱུད་ནས་སྒེའུ་ཁུང་ལ་ལག་པ་རེག་པས་སྒེའུ་ཁུང་ཕྱེ་ཡོད་པ་ཧ་གོ་སོང་། དེ་ནས་གདོང་པ་སྒེའུ་ཁུང་ལ་ཁ་གཏད་ཅིང་ཡུལ་ལྗོངས་ཀྱི་བཀོད་པ་མ་མཐོང་ཡང་འགྲེལ་བཤད་བྱེད་ཁུལ་བྱས་པ་ཡིན། དེ་དུས་ངའི་རྣ་བའི་ལམ་དུ་མེ་འཁོར་གྱི་རྡིག་སྒྲ་དང་། འཁོར་ལོའི་ལྡིར་སྒྲ་བྲེལ་འཚུབ་ཀྱིས་བརྒྱུགས་ཤིང་། གློག་འཕྲིན་ཀ་བར་འོད་མདངས་ཤིག་ཤིག་འཁྱུག་པའི་རྣམ་པ་ཡིད་ལ་ཤར་བས་ངས་“ཁྱོད་ཀྱིས་དོ་སྣང་བྱུང་སོང་ངམ། ང་ཚོ་མེ་འཁོར་ནང་ཡོད་མཁན་ཚོ་གཡོ་མེད་དུ་གནས་པ་ལྟར་སྣང་ཞིང་། ཕྱི་ལོགས་ཀྱི་ཤིང་དེ་ཚོ་གཡོ་འགུལ་བྱེད་པ་ལྟར་སྣང་གི་འདུག” སྨྲས་པར་གློ་བུར་དུ་མོས་“འདི་རང་བཞིན་གྱིས་རེད། དུད་འགྲོའི་རིགས་ཀྱང་མཐོང་གི་འདུག་གམ་”ཟེར། “མི་འདུག་”ཅེས་ངས་སྤོབས་པ་ཆེན་པོའི་སྒོ་ནས་ལན་སྤྲད་པ་ཡིན། གནའ་སྔ་མོ་ནས་དྷེ་རའི་འགྲམ་དུ་ཡོད་པའི་ནགས་ཚལ་ནང་དུད་འགྲོ་སེམས་ཅན་གྱི་རིགས་མེད།
དེ་ནས་ང་སྒེའུ་ཁུང་ནས་ཁ་བསྒྱུར་ཏེ་མོའི་ཕྱོགས་སུ་ཁ་གཏད་ནས་བསྡད་པ་ཡིན། ངེད་གཉིས་ཡུད་ཙམ་ཞིག་ཁུ་སིམ་མེར་བསྡད་པའི་རྗེས་སུ་སྤོབས་པ་ཞིག་སྐྱེས་ནས་ངས་མོ་ལ་“ཁྱོད་ཀྱི་བཞིན་རས་འདི་ཡིད་ལ་འཐད་པ་ཞིག་འདུག་”ཅེས་ཆེ་བསྟོད་བྱས་པ་ཡིན། མ་གཞི་བུ་མོའི་རིགས་ཁ་ཤས་ཀྱིས་བསྟོད་ར་ལ་འགོག་རྒོལ་བྱེད་ཀྱི་འདུག འོན་ཀྱང་ངའི་སྐད་ཆ་འདི་མོའི་ཡིད་ལ་བབས་པའི་རྐྱེན་གྱིས་མོ་གད་མོ་ཤོར་བཞིན་“ཨེ། ཁྱོད་ཀྱིས་ངའི་བྱད་བཞིན་ཡིད་དུ་འོང་བ་ཞིག་འདུག་ཟེར་བ་འདི་ཏག་ཏག་རིགས་ཤིང་འཐད་པ་རེད་འདུག ད་ལྟའི་བར་དུ་མི་ཐུག་ཚད་ཀྱིས་ངའི་གདོང་པ་ལ་བལྟས་ནས་“སྙིང་རྗེ་པོ་”ཟེར་བ་མ་གཏོགས་གཞན་ཤོད་མཁན་མེད་པས་ང་ཐང་ཆད་ནས་བསྡད་ཡོད།”ཟེར། ངས་“ཨ་ཙི་བློ་ལ་འབབ་པའི་གདོང་པ་ཡང་སྙིང་རྗེ་པོ་རང་རེད་པ།”ཅེས་བཤད་པས། མོས་“ཁྱོད་རང་ཡང་སྐྱེས་པ་མཆོར་པོ་ཞིག་རེད་འདུག་སྟེ། ཡིན་ན་ཡང་གཞི་ལྗིད་པོ་བྱས་ནས་བསྡད་པ་འདི་ཅི་ཡིན་ནམ་”ཟེར་བས། མོའི་ཆེད་དུ་གད་མོ་དགོད་དགོས་བསམས་སོང་། འོན་ཀྱང་འདིས་དཀའ་རྙོག་བཟོས་ན་མ་གཏོགས་ཕན་ཐོགས་ཡོད་ས་མ་རེད་སྙམ་ནས། ངས་མོ་ལ་“འབབ་ཚུགས་ཇེ་ཉེ་ཇེ་ཉེར་སླེབ་ཀྱི་འདུག་”ཟེར་བའི་ལན་དུ་མོས་“དཀོན་མཆོག་ཐུགས་རྗེ་ཆེ། འགྲུལ་བཞུད་འདི་ཐུང་ཐུང་རེད་འདུག ང་ནི་མེ་འཁོར་ནང་ཆུ་ཚོད་གཅིག་དང་གཉིས་ལས་ལྷག་སྡོད་མི་ཐུབ་མཁན་ཞིག་ཡིན་”ཟེར།
ཡིན་ནའང་། ང་ནི་མོའི་སྐད་ཆ་ཉན་ཡ་ཆེད་དུ་དུས་ཡུན་རིང་ཚད་ཇི་ཙམ་ཡང་བསྡད་རྒྱུའི་གྲ་སྒྲིག་བྱས་ནས་ཡོད། མོའི་སྐད་ནི་སྙན་ཞིང་འཇེབས་པས་ངའི་རྣ་བའི་བུ་རམ་ལྟ་བུར་གྱུར། མོ་མེ་འཁོར་ནས་ཐོན་འགྲོ་བ་དང་ངེད་གཉིས་མཉམ་དུ་བསྐྱལ་བའི་དུས་ཚོད་ཐུང་ཐུང་འདི་མོའི་སེམས་ནས་བརྗེད་པར་གོར་མ་ཆག འོན་ཀྱང་ཡུད་ཙམ་ཕྲད་པའི་དུས་འདི་ངའི་སེམས་ནས་བརྗེད་པར་ག་ལ་ནུས། ངའི་འགྲོ་ཡུལ་དུ་མ་སླེབས་བར་གྱི་འགྲུལ་བཞུད་ལྷག་ལུས་ཐམས་ཅད་མོའི་སྐྱེ་གཟུགས་པདྨོ་འདི་ང་ཡི་སྙིང་གའི་རྒྱ་མཚོ་རུ་བཞད་པར་ངེས་ཞེས་སེམས་བཞིན་པར།
མེ་འཁོར་དེ་སིར་སྒྲ་དང་བཅས་འཁོར་ལོའི་འགྱུར་ཁུག་འགྱུར་བས། མོ་ཡར་ལངས་ནས་ཅ་ལག་བསྡུ་རུབ་བྱས་སོང་། དེ་དུས་ང་ནི། མོའི་སྐྲ་བསྡམས་ནས་ཆུན་པོར་བཟོས་ཡོད་དམ། སྐྲའི་ལན་བུ་ནུ་མའི་ཐད་དུ་འཕྱང་བ། ཡང་ན་ཐུང་ཐུང་བཞག་ཡོད་དམ་ཞེས་རྣམ་རྟོག་འདྲ་མིན་ཤར་བྱུང་། འོན་ཀྱང་མེ་འཁོར་དེ་དལ་གྱིས་བྱས་ནས་འབབ་ཚུགས་ནང་དུ་འདྲེན་པས། ཁུར་འདྲེན་པ་དང་ཚོང་པ་རྣམས་ཀྱི་སྐད་ཅོར་དང་ཟང་ཟིང་འར་འུར་མང་པོའི་དཀྱིལ་ནས་སྐྱེས་མ་ཞིག་གི་སྐད་ཐོས་སོང་། སྐྱེས་མ་དེ་ཕལ་ཆེར་མོའི་ཨ་ནེ་ཡིན་པ་འདྲ།
མོའི་སྐྲ་ཡི་དྲི་བསུང་ངའི་སྣ་ལམ་དུ་ཤུགས་ཆེན་པོ་བྲོ་བས་མོ་ངའི་འཁྲིས་སུ་ལངས་ནས་བསྡད་ཡོད་པར་ཧ་གོ་ནས། མོའི་སྐྲ་ལ་འཇུ་བར་འདོད་ཀྱང་། མོ་མྱུར་མོར་ཕྱིན་སོང་། མོ་འདི་ནས་ཕྱིན་ཀྱང་དྲི་ཞིམ་འདི་མོ་སྡོད་ས་དེ་གར་འཁོར་ནས་ལྷག་འདུག མོ་སྒོ་འགྲམ་དུ་སླེབ་དུས་རྙོག་ཟིང་ཕྲན་ཙམ་བྱུང་བ་ལྟར་སྣང་། དེ་ཡང་མེ་འཁོར་གྱི་ཁང་མིག་ནང་དུ་འཛུལ་མུས་ཡིན་པའི་སྐྱེས་པས་རྡིག་སྒྲ་དང་བཅས་མི་ཞིག་ལ་བཟོད་གསོལ་ཞུ་བ་ཐོས་སོང་། དེ་ནས་མོ་སོང་རྗེས་ཉེན་སྲུང་པས་སྒོ་བརྒྱབ་པ་དང་ངའི་རེ་བའི་རྦ་རླབས་དེ་གར་འཇགས། སླར་ཡང་རང་གི་རྐུབ་སྟེགས་སུ་ཚུར་འོངས་ནས་བསྡད་པ་ཡིན། སྒོ་སྲུང་གིས་སི་སྒྲ་འབུད་པ་དང་ང་ཚོའི་འགྲུལ་བཞུད་འདི་ད་དུང་ཡང་མུ་མཐུད་པ་ཡིན། ད་ལྟའི་འགྲུལ་བཞུད་ཟླ་གྲོགས་གསར་པ་འདི་ད་གིན་སྒོ་ཁར་བཟོད་གསོལ་ཞུ་མཁན་གྱི་སྐྱེས་པ་དེ་རེད།
མེ་འཁོར་གྱི་མགྱོགས་ཚད་རིམ་གྱིས་མྱུར་དུ་བཏང་བས། མེ་འཁོར་གྱི་ཁང་མིག་ཀྱང་འགུལ་ཞིང་འཁུན་སྒྲ་འབྱིན་པ་དང་། འཁོར་ལོ་དེ་དག་ཀྱང་གླུ་ལེན་པ་ལྟར་གྱུར་པས། ང་ཡང་སྒེའུ་ཁུང་མདུན་དུ་བསྡད་དེ་ང་ལ་མུན་ནག་ཡིན་པའི་ཉི་མའི་འོད་མདངས་ལ་བལྟས་ནས། ད་ལྟར་སྒེའུ་ཁུང་གི་ཕྱི་ལོགས་སུ་བྱ་གཞག་མང་པོ་ཞིག་འབྱུང་མུས་ཡིན། མགུ་བ་སྐྱེད་པའི་རྩེད་མོའི་རིགས་ཀྱང་ཡིན་སྲིད་སྙམ་པའི་འཆར་སྣང་བྱུང་། ལོང་བ་ཡིན་ཡང་སྐབས་རེར་རང་གར་ཚོད་དཔག་གི་རིགས་པས་གང་ཞིག་རྟོགས་རྒྱུའི་འབད་རྩོན་ཡང་བྱེད་ཀྱི་ཡོད།
དོན་ངོ་མ་ནི། འགྲུལ་བཞུད་རོགས་པ་གསར་པ་ཁོ་ལ་བརྟེན་ནས་ངའི་རྒྱུད་ལ་ཡོད་པའི་སྒྱུ་མའི་འཆར་སྣང་དང་ཉིན་མོའི་རྨི་ལམ་འདི་སངས་སོང་། དེ་ཡང་ངས་ཁོ་ལ་“ད་གིན་ཁང་མིག་འདི་ནས་ཐོན་འགྲོ་མཁན་བུ་མོའི་སྐྲ་རིང་ཐུང་གང་འདྲ་འདུག་”དྲིས་པས་ཁོ་མགོ་འཐོམས་པའི་ངང་ནས་འདི་ལྟར་ཟེར། “སྐྲ་ལ་དོ་སྣང་མ་བྱུང་ང་ནི་མོའི་མིག་ཟུང་ལ་དོ་སྣང་བྱུང་། མོའི་མིག་ཟུང་ནི་པདྨ་བཞད་ཁའི་འཛུམ་དང་འདྲ་བས་རབ་ཏུ་མཛེས་མོད། འོན་ཀྱང་དགོས་པ་མི་འདུག མོ་རང་མིག་ལོང་བ་ཡིན་པར་ཁྱོད་ཀྱིས་མ་མཐོང་ངམ།”
རྩོམ་པ་པོའི་ངོ་སྤྲོད་སྙིང་བསྡུས།
རས་ཀིན་བོནྜ་«Ruskin Bond»ཅེས་པའི་རྩོམ་པ་པོ་ཁོང་ནི་སྤྱི་ལོ་ ༡༩༣༥ ལོར་རྒྱ་གར་གྱི་མངའ་སྡེ་ཧི་མཱ་ཅལ་དུ་སྐྱེས་ཤིང་། ཤིམ་ལཱའི་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱས་ནས་སྤྱི་ལོ་ ༡༩༥༠ ལོར་གཙུག་ལག་སློབ་གྲྭ་ཐོན་པ་དང་། གཞོན་དུས་ནས་ཆེད་ལས་ཀྱི་རྩོམ་པ་པོར་གྱུར་པ་ཞིག་རེད། སྤྱིར་རྒྱ་གར་གཞུང་དང་ཁྱད་པར་དུ་གཞོན་ནུའི་ཤེས་ཡོན་ལས་ཁུངས་ནས་རྩོམ་རིག་འཕེལ་རྒྱས་བཏང་བའི་ལག་རྗེས་སུ་གཟེངས་རྟགས་ཀྱང་མང་པོ་ཞིག་ཐོབ་འདུག རྩོམ་པ་པོ་ཁོང་ད་ལྟའི་ཆར་མུ་སུ་རིར་འཚོ་བཞུགས་མཛད་ཡོད།
སྒྲུང་ཐུང་འདིའི་ཉིང་བཅུད།
སྒྲུང་ཐུང་འདིའི་བསྟན་དོན་གཅིག་ཏུ་མ་ངེས་པས། སྔོན་གྱི་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་སོ་སོའི་རྣམ་དཔྱོད་དང་མཐུན་པར་སྙིང་དོན་མི་འདྲ་བ་བཏོན་པ་ཇི་བཞིན་འདིར་ཡང་རྣམ་དཔྱོད་རྩལ་དུ་བཏོན་ནས་བཅུད་དོན་འཚོལ་བར་བསྐུལ་མོད། སྒྱུར་བ་པོའི་ངོས་ནས་ཅུང་ཙམ་བརྗོད་ན།
དང་པོ། རྩོམ་པ་པོས་སྒྲུང་ཐུང་རྩོམ་པའི་དུས་ལ་མཚོན་ན་འགྲོ་བ་མིས་མི་ཞར་བ་ཚོ་ལ་ལྟ་ཚུལ་དང་འཛིན་སྟངས་ངན་པ་ཤུགས་ཆེན་པོ་ཡོད་པའི་དུས་སྐབས་ཤིག་ཡིན་པས་སྒྲུང་ཐུང་འདིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཞིག་མཚོན་པ་ཡིན། དེ་ཡང་སྒྲུང་གཏམ་ནང་གང་ཟག་གཉིས་ཀ་དམུས་ལོང་ཡིན་ན་ཡང་ཕན་ཚུན་གསངས་ནས་དབང་པོ་སྐྱོན་མེད་ཡིན་ཁུལ་བྱས་པ་ནི། གལ་སྲིད་ལོང་བ་ཡིན་པ་གཞན་གྱིས་ཤེས་རྟོགས་བྱུང་ན་གནོད་སྐྱོན་གཏོང་ངེས་པས། དེ་མི་འབྱུང་བའི་ཐབས་སུ་རང་སྡེ་རང་སྲུང་བྱས་པར་སྙམ། གཞན་དུ་ན་ཁོང་གཉིས་པོ་ཞར་བ་ཡིན་མོད་ང་ཚོས་གང་འདོད་དང་གང་བྱེད་དབྱེར་མེད་དུ་བྱེད་འདོད་ཡོད་པར་གོར་མ་ཆག
གཉིས་པ། འགྲོ་བ་མིའི་རང་བཞིན་ལ་རང་ཉིད་གཙོར་འཛིན་གྱི་ལྟ་བ་ཤུགས་དྲག་པོ་དང་། རང་ཁེ་དོན་གཉེར་ཅན་ཡིན་པར་བསྟན། སྒྲུང་རྩོམ་ནང་མིག་དབང་མ་ཉམས་པ་ལེགས་པོར་མཐོང་ཐུབ་མཁན་ཚོས་ཀྱང་སྐབས་རེར་ཁོང་གི་མདུན་དུ་ཡོད་མཁན་ཡང་མཐོང་མི་ཐུབ་པ་འདིས་རང་ལས་ཐ་དད་པའི་གང་ཟག་གཞན་ལ་དོ་སྣང་ཞན་པར་མཚོན། མདོར་ན། མི་དྲག་ཞན་སུ་ལའང་ཕྱོགས་རིས་མེད་པར་རྩི་མཐོང་མི་དམན་པར་བྱེད་དགོས་པར་གདམས་པའོ།།
བསྒྱུར་གཞི།
«The Eyes have it» ཞེས་པའི་སྒྲུང་ཐུང་ཞིག་ལས་བསྒྱུར།