པདྨ་ཆོས་དར། འཛིན་རིམ་བདུན་པ།
གཏན་ཚིགས་རིགས་པའི་སྒོ་བརྒྱ་རྣམ་པར་འབྱེད།།
བྱམས་དང་བརྩེ་བས་རང་རྒྱུད་ཡོངས་སུ་གཏམས།།
འདུལ་འཛིན་བྱེ་བའི་གཙུག་རྒྱན་ཆེས་ཐོག་མའི།།
སྐལ་བཟང་རྣམ་འདྲེན་ཞབས་ཟུང་པད་མོར་འདུད།།
རང་རྒྱུད་འདུལ་བར་སྟོན་པ་དམ་པའི་ཆོས།།
གཞུང་དོན་ཟབ་མོའི་ཕྲ་ཞིབ་རྟོགས་དཀའ་ཡང་།།
ཐོས་བསམ་བྱས་པའི་ལག་རྗེས་ཚུལ་བཞིན་དུ།།
ཚད་མའི་རྣམ་གཞག་ཅུང་ཙམ་སྤྲོ་བར་བྱ།།
༡༽ སྤྱིར་ཚད་མའི་དོན་ནི།
དེ་ཡང་གནའ་བོའི་སྲོལ་རྒྱུན་རིག་གནས་ཀྱི་མ་ལག་དང་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཁྲོད་ན། སྔར་གྱི་མཁས་པ་དག་གིས་རྟགས་དང་གཏན་ཚིགས་ཀྱི་སྒོ་ནས་དངོས་དང་དངོས་མེད། རྟག་དང་མི་རྟག འདུས་བྱས་དང་འདུས་མ་བྱས། ཀུན་རྫོབ་དང་དོན་དམ་གྱི་རྣམ་གྲངས་སོགས་གང་ཟག་རང་རང་གི་དབང་པོ་རབ་འབྲིང་ཐ་གསུམ་ལ་བལྟོས་ནས་དེ་རྣམས་ཀྱིས་མ་ཤེས་པ་སོགས་ལུང་རིགས་ཀྱི་སྒོ་ནས་གསལ་བར་བྱས་ཤིང་། དེའི་དོན་ལ་ཡང་ནས་ཡང་དུ་བསམས་པའི་ངེས་ཤེས་ཀྱིས་དྲངས་པའི་རང་གི་གཞལ་བྱའི་དོན་ལ་མི་བསླུ་བའི་ཤེས་རབ་ཁྱད་པར་ཅན་གྱི་ཚད་མ་རང་རྒྱུད་ལ་སྐྱེས་ནས་ལས་འབྲས་ཀྱི་རྣམ་གཞག་དང་། དགེ་དང་མི་དགེ འཁོར་བ་དང་མྱང་འདས། གནས་སྐབས་དང་མཐར་ཐུག་གི་འཐོབ་བྱ་མཐའ་དག་དང་། བཀའ་དང་བསྟན་བཅོས་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པའི་གནད་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་རྟགས་དང་གཏན་ཚིགས་ལ་བརྟེན་ནས་ངེས་ཤེས་རིན་པོ་ཆེས་དྲངས་པའི་ཤེས་རབ་ཁྱད་པར་ཅན་གྱི་ཚད་མ་འདི་ལ་རག་ལས་པ་ཡིན་ནོ།།
གཞན་ཡང་ཁྲ་ཁྲ་ཟིང་ཟིང་གི་དུས་རབས་ཀྱི་འཇིག་རྟེན་འདིར་རྣམ་དཔྱོད་ཀྱི་ནུས་པ་གོང་འཕེལ་དང་ཕྱིའི་དཔལ་ཡོན་གྱི་མཐུན་རྐྱེན་ལ་བརྟེན་ནས་མི་རྣམས་སྐྱིད་ཉལ་བྱེད་སའི་སྡོད་ཁང་དང་། འགྲོ་བར་བདེ་བའི་ལམ། འཚོ་བ་སྦྱོར་བའི་ཟས་རིགས་ཀྱི་རོ་བཅུད་སོགས་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། རྫས་འགྱུར་རིག་པ། རྡུལ་ཕྲན་རིག་པ། ཚོང་ལས་རིག་པ། དཔལ་ཡོན་གྱི་རིག་གསར་དག་གི་ཆ་རྐྱེན་ལ་བརྟེན་ནས་སྔར་ལས་ད་ལྟར་དང་འདི་ནས་མ་འོངས་པར་ཡར་ནས་ཡར་དང་གོང་ནས་གོང་དུ་འཕེལ་འགྱུར་གྱི་རྣམ་པ་དག་ནི། མདོར་ན་དངོས་པོའི་རང་བཞིན་དང་གྲུབ་ཚུལ་རྣམས་སེམས་ཀྱི་རྣམ་དཔྱོད་དང་བློ་རིག་གིས་ནུས་པ་ཇེ་མཐོར་ཕྱིན་ནས་མཐུན་སྣང་གི་ཡོ་བྱད་སྣ་ཚོགས་བསྐྲུན་པའོ། །དེ་བཞིན་དུ་མི་དང་སྲོག་ཆགས་རེ་རེའི་རྒྱུད་ལ་བླང་དོར་རྣམ་པར་འབྱེད་པའི་ཤེས་རབ་དང་དོན་གྱི་ཡུལ་ཚུལ་བཞིན་དུ་འཇལ་བའི་བློའམ་མི་བསླུ་བའི་ཚད་མ་རེ་ཡོད་པ་ནི་རང་མྱོང་རང་ལ་ལྐོག་ཏུ་མ་གྱུར་པ་རང་སྟོབས་ཀྱིས་གྲུབ་པ་སྟེ། དེ་འདྲའི་འཇལ་བྱེད་ཀྱི་ཚད་མའི་རྣམ་གཞག་གི་དོན་ལེགས་པར་འགྲེལ་བར་ཤིན་ཏུ་དཀའ་ཡང་སྒྲའི་རྗོད་ཚུལ་ལ་འཇིག་རྟེན་ན་ཡོངས་སུ་གཅོད་པར་བྱེད་པའི་མི་བསླུ་བའི་ངག་ལ་སྒྲ་ཚད་མ་དང་། དོན་གང་ཞིག་སྟོན་པར་བྱེད་པའི་མི་བསླུ་བའི་གང་ཟག་ནི་སྐྱེས་བུ་ཚད་མ། འཇལ་བྱེད་ཀྱི་བྱ་བ་གཙོ་བོར་འཇུག་པ་ལ་མི་བསླུ་བ་ཤེས་པ་ཚད་མ་སོགས་གསུམ་ཡོད་ཀྱང་འདིར་ཚད་མ་མཚན་ཉིད་པ་ཕྱི་མའི་དོན་ཅུང་ཙམ་སྤྲོ་བར་བྱ་སྟེ།
ཚད་མ་རྣམ་འགྲེལ་ལས།[1] ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། [2]མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གསུངས་པ་ལྟར་ཚད་མའི་ངོ་བོའམ་རང་བཞིན་བསྟན་པའི་ཚིག་རྐང་གཉིས་ལ་སྔོན་གྱི་མཁས་པ་རྣམས་ཀྱི་འགྲེལ་ཚུལ་མི་འདྲ་བ་ཡོངས་སུ་གྲགས་པ་གསུམ་བྱུང་བ་ནི།
དང་པོ་སློབ་དཔོན་མཁས་པ་ཆེན་པོ་རྒྱན་མཁན་པོ་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱན་ལས།[3] མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཡང་ན་འདི་ཚད་མའི་མཚན་ཉིད་ཡིན་ནོ། །འདི་གསལ་བར་བྱེད་པས་ན་གསལ་བྱེད་དེ། མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ཚད་མ་ཡིན་ནོ། །ཀུན་རྫོབ་པའི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ། །དེས་ནི་མ་ཤེས་པའི་དོན་འགའ་ཡང་གསལ་བ་མ་ཡིན་ཏེ། སོ་སོར་བཟུང་བའི་གཟུགས་ལ་སོགས་པ་ཉིད་རྣམ་པར་རྟོག་པའི་ཕྱིར་རོ། །ཞེས་དང་། [4]ཡང་ན་འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཅེས་བྱ་བ་ནི་དོན་དམ་པར་གསལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དོན་དམ་པ་ཡང་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པས་དེ་གསལ་བར་བྱེད་པ་ཉིད་ཚད་མ་ཡིན་ནོ། །དེ་ལྟར་ཡང་རང་ལས་རང་གི་ངོ་བོ་རྟོགས་ཞེས་བསྟན་པ་ཡིན་ནོ། །ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བ་བཤད་དེ། དེ་ལས་འདི་ནི་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ལ། སྔ་མ་ནི་ཐ་སྙད་པའི་ཡིན་ནོ། །ཞེས་གསུངས་པའོ།།
དེ་བཞིན་དུ་རྒྱལ་བ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཚད་མ་རིགས་གཞུང་རྒྱ་མཚོ་ལས།[5] དང་པོར་མི་བསླུ་བའི་ཤེས་པ་ཁོ་ནའམ་མཚན་ཉིད་གཞན་ཡོད་ཅེ་ན། བཤད་པ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་བྱ་བ་སྨོས་ཏེ། སྔ་མ་ཁོ་ནར་མ་ཟད་བཅོམ་ལྡན་འདས་ནི་སྔོན་སོ་སོ་སྐྱེ་བོའི་གནས་སྐབས་སུ་མ་ཤེས་པ་བདེན་པ་བཞིའི་དོན་གྱི་གནས་ཚུལ་གསར་དུ་མངོན་སུམ་དུ་གསལ་བར་མཁྱེན་ཅིང་གཟིགས་པར་བྱེད་པའི་ཚད་མ་དང་ལྡན་པས་ཀྱང་ཚད་མར་གྲུབ་བོ། །ཞེས་པས་ཁོང་རྣམ་པ་གཉིས་ཀྱིས་མཚན་ཉིད་གཉིས་པོ་ཐ་སྙད་དང་དོན་དམ་གྱི་མཚན་ཉིད་སོ་སོར་བསྟན་པར་བཞེད་པ་དང་།
གཉིས་པ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས།[6] ཚད་མའི་མཚན་ཉིད་རང་ཡུལ་གསར་དུ་རྟོགས་པའི་བློ། དེས་ན། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་པའི་དོན་མི་སླུ་བ་ཙམ་མིན་གྱི། གསར་དུ་རྟོགས་པ་འདི་ལྟ་བུ་ཡིན་ཞེས་ཤེས་པའི་ཕྱིར་དུ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་གཞུང་སྔ་མའི་དོན་གསལ་དུ་བཏང་བ་ཡིན་ནོ། །ཞེས་དང་། རྒྱལ་ཚབ་རིན་པོ་ཆེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས།[7] མི་སླུ་བ་ཙམ་གྱིས་ཚད་མའི་མཚན་ཉིད་རྫོགས་པ་མ་ཡིན་ཏེ། སྔར་མ་ཤེས་པའི་དོན་གྱི་གསལ་བྱེད་དེ། དང་པོའམ། གསར་དུ་ཤེས་ཀྱང་དེའི་མཚན་ཉིད་ཀྱི་ཟུར་དུ་སྨོས་དགོས་པའི་ཕྱིར། འདིས་ནི་ཚད་མའི་སྐད་དོད་ཀྱི་སྒྲ་བཤད་པ་དང་མཐུན་པར་དང་པོར་མི་སླུ་བའམ། གསར་དུ་མི་སླུ་བ་ཞེས་པའི་ཁྱད་པར་བསྟན་པ་ཡིན་ནོ། །ཞེས་དང་།
རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ལས།[8] མི་སླུ་བའི་ཤེས་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །སྔར་མ་ཤེས་པའི་དོན་གྱི་གསལ་བྱེད་ཀྱང་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་དགོས་པའི་ཕྱིར། ཞེས་པ་ལྟར་ཁོང་རྣམ་པས་གཉིས་ཀ་ཚོགས་ནས་ཚད་མའི་མཚན་ཉིད་ཆ་ཚང་བར་བསྟན་པར་འདོད་པའོ། །འཕགས་ཡུལ་དུ་སློབ་དཔོན་ཆོས་མཆོག་གིས་འདི་ལྟར་བཞེད་པར་གྲགས་ཀྱང་གཞུང་ཉིད་དུ་གསལ་ཁ་མ་མཐོང་བས་མ་བྲིས་སོ།།
གསུམ་པ་སློབ་དཔོན་ཤཱཀྱ་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་ལས།[9] ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་བྱ་བ་ནི་མི་སླུ་བ་ཅན་ཉིད་དང་ཤེས་པ་ཉིད་མཚན་གཞི་རྗེས་སུ་བསྟན་ནས་ཚད་མ་ཉིད་ནི་མཚན་ཉིད་བརྗོད་པའོ། །ཞེས་དང་། [10]མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། གཞན་མཚན་ཉིད་གཉིས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་རྗོད་པར་བྱེད་པས་འདི་ནི་གཅིག་ཡིན་ལ། འདི་ནི་གཞན་རྣམ་པ་གཉིས་པ་ཡིན་ནོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡང་ན་གཞན་མེད་པ་ཞེས་བྱ་བ་འདིས་ཁྱབ་པ་ཉིད་སྟོན་ཏེ། གཞན་མཚན་ཉིད་གཉིས་པ་ཡང་བྱར་ཡོད་པ་མ་ཡིན་ཏེ། གང་ལ་འདིས་མ་ཁྱབ་པའི་ཡུལ་ལ་མཚན་ཉིད་གཞན་འཇུག་པར་འགྱུར་རོ། །འདི་ཉིད་ཀྱིས་ཚད་མ་གཉིས་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང་།
སྨྲ་བ་ཆེན་པོ་སློབ་དཔོན་ལྷ་དབང་བློའི་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་ལས།[11] དེ་བས་ན་དེ་ལྟར་ཚད་མའི་མཚན་ཉིད་མི་སླུ་བ་གཅིག་ཅིག་བཤད་དོ། །མི་ཤེས་དོན་གྱི་གསལ་བྱེད་ཀྱང་། །གཞན་མཚན་ཉིད་གཉིས་པ་ཡིན་ནོ། །རྟོགས་པ་པོའི་མི་ཤེས་པའི་དོན་གྱི་དངོས་པོའི་དེ་ཁོ་ན་ཉིད་ཀྱི་གསལ་བར་བྱེད་པ་སྟེ། མངོན་པར་གསལ་བར་བྱེད་པའི་ཤེས་པ་ཡང་ཚད་མ་ཡིན་ནོ། །དོན་བྱེད་པར་མི་སླུ་བ་ཉིད་ཀྱི་ཕྱིར་དེ་དང་དེ་རྟོགས་པར་བྱའོ། །ཞེས་གསུངས། ཚད་མ་རིགས་གཏེར་ལས།[12] མི་སླུ་མ་ཤེས་དོན་གསལ་གཉིས། །རང་མཚན་རྟོགས་པར་དོན་ལ་མཐུན། །ཐ་སྙད་པ་དང་དོན་དམ་པ། །གཉིས་ཀ་ལ་ཡང་གཉིས་པོ་འཇུག །ཅེས་དང་།
རིགས་གཏེར་རང་འགྲེལ་ལས།[13] དེས་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཀ་ཡང་དོན་དངོས་པོ་ཡོད་མེད་རྟོགས་པ་དང་། དེ་དག་ལ་མི་བསླུ་བར་དོན་མཐུན་ནོ། །ཞེས་པས་ཚིག་གོང་འོག་གཉིས་ཀྱིས་ཚད་མའི་མཚན་ཉིད་ཆ་ཚང་རེ་རེ་བསྟན་པར་བཞེད་པ་བཞིན་དུ་རང་ལུགས་ལའང་དེ་ལྟར་དུ་འཐད་པ་ཡིན་ཏེ། ལེགས་བཤད་སྣང་བའི་གཏེར་ལས།[14] འདི་གཉིས་ཚིག་གི་བརྗོད་ཚུལ་ཙམ་ལས་དོན་མི་འདྲ་བ་མེད་པས་སོ། །ཇི་ལྟར་ན་མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ནི་དོན་དེ་ལ་མི་སླུ་བ་ཡིན་ལ། མི་སླུ་བའི་ཤེས་པ་གང་ཡིན་པ་དེ་མ་ཤེས་པའི་དོན་དེའི་གསལ་བྱེད་ཀྱང་ཡིན་པས་སོ། །ཞེས་དང་།
དེ་ཡང་ཚད་མའི་མཚན་ཉིད་ལ་མཁས་པ་རྣམས་ཀྱི་གསུང་ཚུལ་མི་འདྲ་བ་ཡོད་ཀྱང་རང་ལུགས་ལ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ལེགས་བཤད་སྣང་བའི་གཏེར་ལས།[15] ཡང་མི་སླུ་བའི་ཤེས་པ་ཞེས་པའི་མཚན་ཉིད་འདིས་གཞན་ལྡན་མ་བཅད་དེ་བཅད་ཤེས་ལ་ཁྱབ་ཆེས་སོ་སྙམ་ན། དེ་ནི་ཚད་མ་སྔ་མས་བཅད་ཟིན་པའི་གཟུང་བ་ཡི་བྱེད་པ་མ་ཉམས་པའི་དོན་དེ་སླར་ཡང་འཛིན་པ་ཙམ་ཡིན་པའི་ཕྱིར་མིང་གཞན་ཀུན་རྫོབ་ཀྱི་ཤེས་པའམ་ངེས་ཤེས་སམ་བཅད་ཤེས་ནི་ཚད་མར་མི་འདོད་དེ་མི་སླུ་བའི་བྱ་བ་ཚད་མ་སྔ་མས་བྱས་ཟིན་པའི་ཕྱིར་དེའི་སྟོབས་ལས་འདི་དོན་མཐུན་གྱི་ཤེས་པར་གྱུར་པ་ཡིན་གྱི་རང་སྟོབས་ཀྱིས་ནི་མ་ཡིན་ཏེ་ཡིད་དཔྱོད་བདེེན་པ་བཞིན་ནོ། །ཞེས་པ་བཞིན་དུ་ཚད་མའི་མཚན་ཉིད་ནི་རང་སྟོབས་ཀྱིས་མི་བསླུ་བའི་ཤེས་པའོ། །དེ་ཡང་ཚད་མ་དེ་ཁོ་ན་ཉིད་ཀྱི་དཀའ་འགྲེལ་ལས།[16] ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་ཞེས་བཤད་པའི་ཕྱིར་ཁོ་བོ་ཅག་གིས་དོན་ལ་མི་སླུ་བ་ཉིད་ཅེས་བྱ་བ་ཤེས་པའི་ཚད་མ་ཉིད་དུ་འདོད་པ་ཁོ་ན་ཡིན་ལ། ཞེས་གསུངས་སོ།།
རྣམ་འགྲེལ་གྱི་ཚིག་རྐང་གཉིས་ཀྱི་དོན་འགྲེལ་ཚུལ་ལ་ཐ་སྙད་དང་དོན་དམ་གྱི་ཚད་མའི་མཚན་ཉིད་དང་གཉིས་ཀ་ཚོགས་ནས་ཚད་མའི་མཚན་ཉིད་ཆ་ཚང་དང་ཚིག་རྐང་རེ་རེས་ཚད་མའི་མཚན་ཉིད་ཆ་ཚང་རེ་བསྟན་པར་འདོད་པ་དེ་གསུམ་དུ་ངེས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། མཁས་གྲུབ་རིན་པོ་ཆེའི་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་ལས།[17] མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པ་ནི། མ་ཤེས་པའི་དོན་ཤེས་པར་བྱེད་པ་ཞེས་པ་ཡིན་ལ། དེ་ཡང་མ་ཤེས་པ་ཤེས་པར་བྱེད་པའི་ནུས་པ་ཡོད་པ་ཙམ་ལ་བྱའི། ཞེས་དང་། ཡང་དེ་ཉིད་ལས།[18] དེས་ན་ཚད་མ་ཡིན་ན་རང་གི་གཞལ་བྱ་མ་ཤེས་པ་ཤེས་པར་བྱེད་པའི་ནུས་པ་ཡོད་པས་ཁྱབ་པ་ཡིན་པར། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་སྟོན་ལ། འོན་ཀྱང་གཞུང་དེ་ཚད་མའི་མཚན་ཉིད་སྟོན་བྱེད་མ་ཡིན་ནོ། །ཞེས་གསུངས་པའོ།།
༢༽ ཚད་མའི་དབྱེ་བ་ནི།
སྤྱིར་ཚད་མ་ལ་བདག་རྐྱེན་གྱི་ཆ་ནས་དབང་ཤེས་དང་ཡིད་ཤེས་ཀྱི་ཚད་མ་གཉིས་དང་། འཁྲུལ་བའི་སྣང་བ་ལྡན་མིན་གྱིས་རྟོག་བཅས་དང་རྟོག་མེད་ཀྱི་ཚད་མ། རིགས་པས་བརྟག་ཞིབ་སོ་སོར་ཕྱེ་བ་དང་མ་ཕྱེ་བའི་ངོས་ནས་ཐ་སྙད་དང་དོན་དམ་གྱི་ཚད་མ། གཉིས་འཛིན་གྱི་རྣམ་རྟོག་ཡོད་མེད་ཀྱིས་རྣམ་ཤེས་དང་ཡེ་ཤེས་ཀྱི་ཚད་མ། སོ་སྐྱེས་དང་འཕགས་པའི་རྒྱུད་ཀྱི་ཤེས་པ་མ་དག་པ་དང་དག་པའི་ཚད་མ་སོགས་རྣམ་དབྱེ་སོ་སོར་བགྱི་བ་ཡོད་ཀྱང་མངོན་རྗེས་གཉིས་སུ་མ་འདུས་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ། །ཚད་མ་རྣམ་འགྲེལ་ལས།[19] གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང་། ཚད་མ་རྣམ་ངེས་མངོན་སུམ་ལེའུ་ལས།[20] ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་སུ་དཔག་ཅེས་བྱ་བའོ། །འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་དང་།
ཚད་མ་རིགས་ཐིགས་ལས།[21] ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ། །རྟོག་པ་ནི། ཤེས་པ་ལ་བརྗོད་པ་དང་འདྲེས་རུང་བ་སྣང་བ་སྟེ་དེ་དང་བྲལ་བའོ། །ཞེས་གསུངས་པས་ཡུལ་གཞལ་བྱ་ལ་དངོས་དང་དངོས་མེད་དང་། འདུས་བྱས་དང་འདུས་མ་བྱས། རྟག་དང་མི་རྟག མངོན་གྱུར་དང་ལྐོག་གྱུར་སོགས་རྣམ་གྲངས་སྣ་ཚོགས་སོ་སོར་ཕྱེ་བ་ཡོད་ཀྱང་རང་མཚན་དང་སྤྱི་མཚན་གྱི་གཞལ་བྱ་གཉིས་སུ་འདུས་པའི་ཕྱིར། དེ་གཉིས་འཇལ་བྱེད་ཀྱི་མི་བསླུ་བར་རིག་པའི་ཚད་མ་ལའང་དངོས་པོ་དང་རང་མཚན་སྣང་ཡུལ་དུ་བྱས་པའི་སྒོ་ནས་རང་གི་གཞལ་བྱའི་ཡུལ་དངོས་སུ་རྟོགས་པ་མངོན་སུམ་ཚད་མ་དང་། དངོས་མེད་དང་སྤྱི་མཚན་སྣང་ཡུལ་དུ་བྱས་པའི་སྒོ་ནས་རང་གི་གཞལ་བྱའི་ཡུལ་དངོས་སུ་རྟོགས་པ་རྗེས་སུ་དཔག་པའི་ཚད་མ་ཞེས་གཞལ་བྱའི་ཡུལ་ལ་གཉིས་སུ་གྲངས་ངེས་པའི་ཕྱིར་འཇལ་བྱེད་ཀྱི་ཚད་མ་ལའང་གཉིས་ཞེས་སྨོས་པ་ནི་ཚད་མ་གཅིག་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་གོ་སྙམ་དུ་ལོག་པར་རྟོག་པ་རྣམས་བསལ་བ་ཡིན་ནོ།།
དཔེར་ན་བུམ་པ་རང་མཚན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་སྣང་ཡུལ་དུ་བྱས་ནས་མི་བསླུ་བའི་བློ་ལ་བུམ་པ་རྟོགས་པའི་མངོན་སུམ་ཚད་མ་དང་། བུམ་པའི་དོན་དང་ཐ་སྙད་གཉིས་གཅིག་ཏུ་བསྲེས་ཏེ་སྤྱི་མཚན་སྣང་ཡུལ་དུ་བྱས་ནས་མི་བསླུ་བའི་བློ་ལ་བུམ་པ་རྟོགས་པའི་རྗེས་དཔག་ཚད་མ་ཞེས་བརྗོད་པ་སྟེ། ལེགས་བཤད་སྣང་བའི་གཏེར་ལས།[22] མངོན་སུམ་གྱིས་ཡུལ་དེའི་དོན་རང་མཚན་མཐོང་བའི་ཚུལ་གྱིས་གཞལ་ལ། ལྐོག་གྱུར་དེའི་སྤྱི་མཚན་བཟུང་ནས་ཞེན་པའི་ཚུལ་གྱིས་གཞལ་བ་ལས་འོས་མེད་ཅིང་། ཞེས་དང་། ཚད་མ་ཀུན་བཏུས་རང་འགྲེལ་ལས།[23] རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ། །རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མངོན་སུམ་ཡིན་ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པའོ། །ཞེས་གསུངས་པ་བཞིན་དུ་ཚད་མ་གཉིས་ཀྱིས་ཡུལ་རྟོགས་པ་ལ་ཁྱད་པར་མེད་ཀྱང་རྟོགས་ཚུལ་ལ་ཁྱད་པར་ཡོད་དེ། ཡུལ་གྱི་ངོས་ནས་ཚུར་རྣམ་པ་གཏད་པའི་སྒོ་ནས་རང་མཚན་གྱི་རྣམ་པ་རྗེན་པར་འཇལ་བ་ནི་མངོན་སུམ་ཚད་མ་དང་། ཡུལ་གྱི་ངོས་ནས་ཚུར་རྣམ་པ་གཏད་པ་ཙམ་མ་ཡིན་པར་བློས་ཕར་སྒྲོ་བཏགས་ནས་དོན་སྤྱི་དང་འདྲེས་པར་འཇལ་བ་ནི་རྗེས་དཔག་ཚད་མ་སྟེ་རྟོགས་ཚུལ་དེ་གཉིས་ལས་གཞན་པ་ནི་མི་སྲིད་པས། རང་ལུགས་འཛིན་པ་རྣམས་ཀྱིས་གང་ཡང་བརྟག་དཔྱད་མེད་པར་ཧོལ་རྒྱུག་བྱེད་པ་ཙམ་མ་ཡིན་པར་རང་གཞུང་ཚད་ལྡན་དག་ལ་བསྲེགས་བཅད་བརྡར་གསུམ་གྱིས་བརྟག་གཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བའོ།།
༣༽ ཚད་མའི་ངོ་བོ་གཅིག་ཐ་དད་གང་ཡིན་བརྟག་པ།
དེ་ལ་ཁ་ཅིག་གིས་མངོན་རྗེས་གཉིས་ཀྱི་ངོ་བོ་གཅིག་ཏུ་འདོད་པ་ཡིན་ཏེ། གང་ཤེས་པ་ཡིན་ན་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡོད་པས་ཁྱབ། དེ་འདྲའི་རང་རིག་མངོན་སུམ་དང་ཤེས་པ་དེ་གཉིས་ངོ་བོའམ་རང་བཞིན་གྱི་རྫས་གཅིག་ཏུ་གྲུབ་པ་སྟེ། དེ་བཞིན་དུ་རྗེས་སུ་དཔག་པའི་ཚད་མ་དང་དེ་ཉམས་སུ་མྱོང་བའི་རང་རིག་དེ་གཉིས་ངོ་བོ་དང་བདག་ཉིད་གཅིག་ཏུ་གྲུབ་པ་ཡིན་ཏེ། དེ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ནའང་གྲུབ་བདེ་རྫས་གཅིག་ཏུ་གྲུབ་པ་ཡིན་པའི་ཕྱིར། གང་རང་རིག་མངོན་སུམ་དང་རྫས་གཅིག་ཡིན་ན་མངོན་སུམ་གྱི་ངོ་བོ་དང་རྫས་གཅིག་ཡིན་དགོས་ཏེ་རང་རིག་མངོན་སུམ་དེ་མངོན་སུམ་གྱི་བྱེ་བྲག་ཡིན་པའི་ཕྱིར། དཔེར་ན་བུམ་འཛིན་རྟོག་པ་ཆོས་ཅན། མངོན་སུམ་དང་ངོ་བོ་གཅིག་ཡིན་ཏེ། བུམ་འཛིན་རྟོག་པ་དེ་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དང་བདག་ཉིད་གཅིག་ཏུ་གྲུབ་པའི་ཕྱིར།
གཞན་ཡང་རྗེས་དཔག་ཚད་མ་ཆོས་ཅན། མངོན་སུམ་ཚད་མ་དང་ངོ་བོ་གཅིག་ཏུ་གྲུབ་པ་ཡིན་ཏེ། རྗེས་དཔག་ཚད་མ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་མངོན་སུམ་ཚད་མའི་བྱེ་བྲག་ཡིན་པ་གང་ཞིག་རྗེས་དཔག་དེ་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དང་ཡུལ་དུས་རང་བཞིན་གང་ལ་བལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། རིགས་པ་འདི་དག་ལ་བརྟེན་ནས་མངོན་རྗེས་གཉིས་ཀྱི་ངོ་བོའམ་རང་བཞིན་རྫས་གཅིག་ཏུ་བསྒྲུབས་པ་ཡིན་ནོ།།
རང་ལུགས་ལ་མངོན་རྗེས་གཉིས་ཀྱི་ངོ་བོ་གཅིག་ཏུ་གྲུབ་པ་མ་ཡིན་པར་ཐ་དད་དུ་འདོད་པར་སྣང་སྟེ། ཚད་མ་རྣམ་འགྲེལ་ལས།[24] དངོས་པོའི་སྟོབས་ཀྱིས་སྐྱེས་པ་ཡི། །ཤེས་པ་གང་དེ་བརྡ་དག་ལ། །ལྟོས་པ་མ་ཡིན་སྤྱི་ཡི་ནི། །བློ་ལ་དེ་ལྟར་སྣང་བ་མེད། །ཅེས་དང་། གཟུང་དོན་གྱི་དངོས་པོའི་སྟོབས་ཀྱིས་སྐྱེས་པའི་མིག་ཤེས་སོགས་དབང་པོའི་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་མིང་དང་བརྡ་དྲན་པ་སོགས་ལ་ལྟོས་པ་མ་ཡིན་པར་རང་གི་གཟུང་ཡུལ་རང་མཚན་གསལ་བར་སྣང་བ་ཡིན་ཏེ། སྤྱི་འཛིན་ཤེས་པ་ཡི་ནི་བློ་ལ་མིང་དང་བརྡ་དྲན་སོགས་ལ་མི་ལྟོས་པར་ཡུལ་ཉིད་དེ་ལྟར་གསལ་བར་སྣང་བ་མེད་དོ། །དེ་ཡང་རྣམ་འགྲེལ་ལས།[25] གལ་ཏེ་རྟོག་མེད་འགའ་ཞིག་ཀྱང་། །ཡོད་ན་དེ་དང་མཚུངས་རྒྱུ་ཅན། །ཐམས་ཅད་དེ་བཞིན་འབྲས་བདག་ཉིད། །ཐ་དད་རྒྱུ་ཐ་དད་ལས་ཡིན། །ཞེས་གསུངས་ཏེ།
ལེགས་བཤད་སྣང་བའི་གཏེར་ལས།[26] གལ་ཏེ་རྟོག་བཅས་སྤྱི་ཡི་ཡུལ་ཅན་ཁོ་ན་མིན་ཏེ་རྟོག་མེད་རང་མཚན་ཡུལ་དུ་བྱེད་པའི་བློ་འགའ་ཞིག་ཀྱང་ཡོད་དོ་ཞེ་ན། རྟོག་མེད་དེ་དང་རྐྱེན་གསུམ་པོ་མཚུངས་པའི་རྒྱུ་ཅན་ཡིན་པས་དབང་ཤེས་མ་འཁྲུལ་པ་ཐམས་ཅད་ཀྱང་དེ་བཞིན་རྟོག་པ་མེད་པར་འགྱུར་ཏེ། འབྲས་བུའི་བདག་ཉིད་ཐ་དད་པ་ནི་རྒྱུ་ཐ་དད་པའི་དབང་ལས་ཡིན་པའི་ཕྱིར། དེས་ན་གཟུང་དོན་རང་མཚན་ལས་སྐྱེས་པ་དེ་ནི་སྤྱིའི་ཡུལ་ཅན་མིན་པ་ལ་ཁྱད་པར་གང་ཡང་མེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་པོའི་ངོ་བོ་དང་རང་བཞིན་ཐ་དད་དུ་གྲུབ་པ་ཡིན་ཏེ། རྒྱུ་དང་རྐྱེན་སོགས་ཐ་དད་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར།
དཔེར་ན་སྒོ་ལྔའི་ཤེས་པ་རྣམས་ཀྱི་རང་བཞིན་ནམ་བདག་ཉིད་ཐ་དད་དུ་གྲུབ་པ་ནི་དེ་དག་གི་དམིགས་རྐྱེན་དང་བདག་རྐྱེན་དེ་མ་ཐག་པའི་རྐྱེན་སོགས་ཐ་དད་ཡོད་པས། དེ་ལ་བརྟེན་པའི་དབང་ཤེས་ལྔ་པོ་ཡང་ངོ་བོ་ཐ་དད་དུ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་པོ་ཡང་བདག་ཉིད་ཐ་དད་དུ་གྲུབ་པ་ཡིན་ཏེ། རང་གི་གཞལ་བྱའི་ཡུལ་དང་རྒྱུ་དང་རྐྱེན་སོགས་ཀྱི་ངོ་བོ་ཐ་དད་དུ་ཡོད་པ་ཡིན་པའི་ཕྱིར། གང་རང་གི་རྒྱུ་དང་རྐྱེན་སོགས་ཐ་དད་དུ་ཡོད་པ་དེ་སྲིད་དུ་དེ་ལས་བྱུང་བའི་འབྲས་བུ་རྣམས་ཀྱི་ངོ་བོའམ་བདག་ཉིད་ཐ་དད་དུ་གྲུབ་པ་ཡིན་ཏེ། དཔེར་ན་གྲོ་ནས་སྲན་གསུམ་དང་། ཀ་བུམ་གཉིས། འབྱུང་བ་བཞི། དབང་པོ་ལྔ། རྣམ་ཤེས་དྲུག གང་ཟག་སོ་སྐྱེས་དང་འཕགས་པ་ལྟ་བུ་ཐམས་ཅད་ཀྱང་རང་རང་གི་རྒྱུ་དང་རྐྱེན་སོགས་ཐ་དད་ཡོད་པའི་རྒྱུ་མཚན་གྱིས་འབྲས་བུ་དེ་དག་གི་ངོ་བོ་ཡང་ཐ་དད་ཡོད་པར་མ་གྲུབ་ན་དེ་ལས་གཞན་པའི་རིགས་པ་གང་གིས་ཀྱང་སྒྲུབ་པར་ཤིན་ཏུ་དཀའ་བས་གཟུར་གནས་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།
༤༽ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག
དེ་ཡང་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་འཇོག་ཚུལ་ལ་ཕྱི་ནང་གཉིས་ལས་ཕྱི་རོལ་དཔྱོད་པ་བ་དག་གིས་དོན་ལ་ལྟ་བའམ་མཐོང་བའི་ཤེས་པ་ནི་རྣམ་པར་འཇོག་བྱེད་ཀྱི་ཚད་མ་དང་། དེ་ལས་སྐྱེས་པའི་ཕྱིར་སྤྱི་སོགས་རྟོགས་པ་ཚད་མའི་འབྲས་བུར་འདོད་པ་དང་། རྒྱལ་དཔོག་པས་དབང་པོ་གཟུགས་ཅན་ཚད་མ། དེ་ལས་སྐྱེས་པའི་གཟུགས་སོགས་རྟོགས་པ་ཚད་མའི་འབྲས་བུ། རིགས་པ་ཅན་པས་དབང་དོན་འབྲེལ་བའམ་འཕྲད་པ་ཚད་མ། དེ་ལས་སྐྱེས་པའི་གཟུགས་སོགས་རྟོགས་པ་ཚད་མའི་འབྲས་བུ་སྟེ། དེ་རྣམས་ཀྱིས་ཚད་མ་དང་འབྲས་བུ་ཐ་དད་པར་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་འདོད་པའོ།།
རང་ལུགས་ལ་རྣམ་པར་གཞག་འཇོག་ཙམ་ལས་ཐ་དད་པའི་རྒྱུ་འབྲས་སུ་འཐད་པ་མ་ཡིན་ཡང་མ་བརྟགས་འཇིག་རྟེན་གྲགས་པར་མཐུན་པ་དང་བརྟགས་ནས་བསྟན་བཅོས་ལྟར་འཇོག་ཚུལ་གཉིས་ལས། དང་པོ། ཚད་མ་རྣམ་འགྲེལ་ལས།[27] བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ལས་ཀུན་གྱི་ནི་སྒྲུབ་བྱེད་དག །ཐམས་ཅད་མ་ཡིན་གང་ལས་འབྲས། །གང་ཡིན་དེ་ནི་དེ་སྒྲུབ་བྱེད། །ཅེས་དང་། ཚད་མ་མདོ་ལས།[28] བྱ་དང་བྱས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །དབྱེ་བ་མེད་པའང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡུལ་གཟུགས་སོགས་གཞལ་བྱ་དང་། ཡུལ་ཅན་བློ་རྟོགས་བྱེད་ཚད་མ། ཡུལ་ཅན་གྱི་བློས་དོན་གཟུགས་སོགས་རྟོགས་པ་ཚད་མའི་འབྲས་བུ་ཡིན་ཏེ། ལེགས་བཤད་སྣང་བའི་གཏེར་ལས།[29] བྱ་བྱེད་ལས་གསུམ་གྱི་རང་བཞིན་ལས་དེ་གསུམ་དུ་འཇོག་སྟེ་རྟོགས་པར་བྱ་བའམ་ལས་སུ་བྱ་བ་ཡུལ་གཟུགས་གཞལ་བྱ། རྟོགས་པར་བྱེད་པ་ནི་བློ་ལ་གཟུགས་སོགས་ཀྱི་རང་བཞིན་སྣང་བ་འཇལ་བྱེད་ཚད་མ་སྟེ་འདི་ལ་སྐབས་འདིར་དོན་དང་འདྲ་བ་ཞེས་བྱའོ། །ཡུལ་ཅན་དེས་ཡུལ་རྟོགས་པའི་བྱ་བ་ལས་དོན་རྟོགས་ཞེས་བྱ་སྟེ་དེ་ནི་ཚད་མའི་འབྲས་བུའམ་འདི་ལྟར་ཚད་མའི་འབྲས་བུ་ནི་དོན་རྟོགས་པའོ་ཞེས་སྤྱིར་གྲགས་ཤིང་གྲུབ་པའང་ཡིན་ནོ།།
གཉིས་པ་དངོས་པོའི་གནས་ཚུལ་དང་མཐུན་པར་བསྟན་བཅོས་ལྟར་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ལའང་རང་སྡེ་མདོ་སྡེ་པ་དང་སེམས་ཙམ་པ་གཉིས་ལས། དང་པོ། ཚད་མ་རྣམ་འགྲེལ་ལས།[30] གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །གཞན་འདོད་པའམ་མི་འདོད་པ། །དེ་ཡི་དངོས་པོར་མ་གྲུབ་པ། །དེ་ནི་དེ་ལྟར་མྱོང་བ་ཡིན། །ཞེས་དང་། ཚད་མ་མདོ་ལས།[31] ཡང་ན་རང་རིག་འབྲས་བུ་སྟེ། །དེ་ཡི་ངོ་བོ་ལས་དོན་ངེས། །ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཅེས་གསུངས་པ་བཞིན་དུ་ཕྱི་དོན་གཞལ་བྱ་དང་། གཟུང་རྣམ་ཚད་མ། རང་རིག་འབྲས་བུར་འདོད་པ་ཡིན་ཏེ། ལེགས་བཤད་སྣང་བའི་གཏེར་ལས།[32] སྣང་ཚུལ་ཕྱི་རོལ་དོན་ལྟར་སྣང་བའི་དབང་དུ་བྱས་ཏེ་མདོ་སྡེ་པའི་ལུགས་ལྟར་ན་ཡང་ཕྱི་དོན་གཞལ་བྱ་དང་། གཟུང་རྣམ་ཚད་མ། འཛིན་རྣམ་གྱིས་གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་འགྱུར་ཏེ། ཞེས་པའོ།།
གཉིས་པ་ཐ་སྙད་ཀྱི་རྣམ་གཞག་གཏན་ལ་དབབ་པ་ལ་རྩེ་མོར་གྱུར་པ་སེམས་ཙམ་པའི་ཚད་འབྲས་གཞལ་གསུམ་གྱི་ཚུལ་ཇི་ལྟར་འཇོག་ན། ཚད་མ་རྣམ་འགྲེལ་ལས།[33] དོན་རིག་གང་ཡིན་སོ་སོར་རིག །མངོན་སུམ་གང་ཡིན་དེ་ཉིད་དོ། །དེ་ནི་གང་གིས་དོན་རིག་ཡིན། །དེ་འདྲ་ལས་ཡིན་འཁྲུལ་པར་འགྱུར། །ཞེས་དང་། ཚད་མ་མདོ་ལས།[34] གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེའི་འབྲས་བུ། །འཛིན་དང་རྣམ་རིག་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་གསུངས་པ་ལྟར་གཟུང་རྣམ་གཞལ་བྱ་དང་། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་འདོད་དེ།
ལེགས་བཤད་སྣང་བའི་གཏེར་ལས།[35] སྣང་ཚོད་ཉམས་སུ་མྱོང་བ་བསྙོན་དུ་མེད་པའི་བདག་ཉིད་འདི་དག་གིས་གནས་ཚུལ་ཇི་ལྟར་ཡིན་པ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པས་ལེགས་པར་དཔྱད་ནས་ཕྲ་བ་ནང་གི་གཟུང་འཛིན་ལ་གཞལ་བྱ་དང་ཚད་མར་འདོད་པ་སེམས་ཙམ་པའི་ལུགས་ཀྱི་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་གནས་པ་འདི་ཙམ་ཐ་སྙད་ལ་དཔྱོད་པའི་གྲུབ་དོན་མཐར་ཐུག་ཏུ་གནས་པ་ཡིན་པས། ཞེས་གསུངས་པ་བཞིན་གཞལ་བྱ་ཡུལ་དང་འཇལ་བྱེད་ཚད་མ་འབྲས་བུ་རང་རིག་སོགས་ཀྱི་རང་བཞིན་ནམ་བདག་ཉིད་ཐ་དད་མེད་པར་གཅིག་ཏུ་གྲུབ་པའི་ཕྱིར་རོ། །ཚད་མ་རྣམ་འགྲེལ་ལས།[36] དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་དང་། ཚད་མ་དེ་ཁོ་ན་ཉིད་ལས།[37] རྣམ་རིག་ཙམ་ཉིད་བསྒྲུབ་པ་ནོ། །བློ་ལྡན་རྣམས་ཀྱིས་དྲི་མེད་མཛད། །ཁོ་བོ་ཅག་གིས་དེ་ཕྱོགས་ནི། །དོན་དམ་ངེས་པར་བསྐྱེད་པར་བྱས། །ཞེས་གཟུང་བ་ཡུལ་དང་འཛིན་པ་སེམས་ཀྱི་རང་བཞིན་ཐ་དད་དུ་མེད་པ་དེའི་ཕྱིར་གཟུང་འཛིན་གཉིས་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་ཤེས་པ་རང་རིག་རང་གསལ་གྱི་ཉམས་སུ་མྱང་བྱའང་དེ་ཡིན་པར་མ་ཟད་ཐ་སྙད་ཀྱི་རྣམ་གཞག་མཐར་ཐུག་པ་དེ་ཁོ་ན་ཉིད་དུ་བསྟན་པ་ཡིན་ཏེ།
དབུ་མ་རྒྱན་གྱི་སྤྱི་དོན་ལས།[38] དེས་ན་སྣང་བ་ཐམས་ཅད་རང་སྣང་དུ་ཤེས་པ་འདི་ནི་མདོ་སྔགས་གང་གི་ཡང་ལམ་དོན་དུ་གཉེར་བ་ཞིག་ཡིན་ཕན་ཆད་ཤིན་ཏུ་ཡིད་ཆེས་དགོས་པ་ཞིག་ལ་འདི་ལས་གལ་ཆེ་བ་མེད་དེ། མཚན་གཅིག་གི་རྨི་ལམ་ན་སྣང་བའི་ཚུལ་སྣ་ཚོགས་ལའང་། ཐབས་གཞན་གྱིས་སྤང་བར་རྩོམ་ན་ཟད་དུ་མེད་ཀྱང་། སེམས་ཉིད་ལས་བྱུང་བར་ཤེས་ན་དེ་ཐམས་ཅད་ཅིག་ཅར་རང་ཞིར་འགྱུར་བ་བཞིན་དུ་སྲིད་པའི་སྣང་བ་དུས་ཀྱི་མཐའ་དང་ཕྱོགས་ཀྱི་མུ་མེད་པའང་དེ་དང་འདྲ་བར་ཤེས་པར་བྱའོ། །ཞེས་དང་།
ཀུན་མཁྱེན་རོང་ཟོམ་ཆེན་པོའི་ལྟ་བའི་བརྗེད་བྱང་ལས།[39] དེ་བས་ན་ལས་ཀྱི་བག་ཆགས་སེམས་ཀྱི་རྒྱུད་ལ་བསགས་ཤིང་སྨིན་པའི་སེམས་དེ་ཉིད་ལུས་དང་གནས་དང་སྤྱོད་ཡུལ་ལྟར་རྣམ་པར་སྨིན་པ་ཡིན་ནོ། །དེ་བས་ན་ཇི་སྲིད་དུ་ཆོས་སུ་བརྟགས་ཤིང་གྲགས་པ་ཐམས་ཅད་སེམས་ཉིད་གྱུར་པ་ཡིན་ནོ། །ཞེས་གསུངས། མདོ་སྡེ་ལང་ཀར་གཤེགས་པ་ལས།[40] རང་གི་སེམས་ལ་མངོན་ཆགས་པས། །སེམས་ནི་ཤིན་ཏུ་འབྱུང་བར་འགྱུར། །ཕྱི་རོལ་སྣང་བ་ཡོད་མེད་དེ། །དེ་ཡི་ཕྱིར་ན་སེམས་ཙམ་མོ། །ཞེས་དང་། [41]ཇི་ལྟར་ཐག་པར་མ་ཤེས་ནས། །བྱིས་པ་སྦྲུལ་དུ་འཛིན་པ་བཞིན། །རང་གི་སེམས་དོན་མ་ཤེས་པས། །ཕྱི་རོལ་གྱི་ནི་དོན་དུ་རྟོག །ཅེས་དང་།
[42]ཕྱི་རོལ་གྱི་ནི་གཟུགས་མེད་དེ། །རང་གི་སེམས་ནི་ཕྱི་རོལ་སྣང་། །སེམས་ནི་ཁོང་དུ་མི་ཆུད་ཕྱིར། །བྱིས་པ་རྣམས་ནི་འདུས་བྱས་རྟོག །ཅེས་གསུངས་པ་བཞིན་དུ་ཐ་སྙད་ཀྱི་རྣམ་གཞག་གཏན་ལ་དབབ་པ་ལ་རྩེ་མོར་གྱུར་པ་རྒྱ་ཆེན་སྤྱོད་པའི་སྲོལ་དང་རང་བཞིན་དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་དོན་དམ་དབུ་མའི་ཚུལ་གྱི་ཤིང་རྟ་ལ་བཞོན་ནས་མཐར་ཐུག་གི་འབྲས་བུ་མྱུར་དུ་འཐོབ་པར་གྱུར་ཅིག
[1] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གཉིས་པ། ཤོག་གྲངས། ༦༥ པར་གསལ།
[2] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གཉིས་པ། ཤོག་གྲངས། ༦༥ པར་གསལ།
[3] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༢༢༡ ཤོག་གྲངས། ༦༨ པར་གསལ།
[4] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༢༢༡ ཤོག་གྲངས། ༧༠ པར་གསལ།
[5] ཝཱཎ་མཐོ་སློབ་བཀའ་བརྒྱུད་ཉམས་སྐྱོང་ཚོགས་པའི་པར་མ། དེབ་གཟུགས། ཤོག་གྲངས། ༣༠ པར་གསལ།
[6] སེར་བྱེས་དཔེ་མཛོད་པར་མ། དེབ་གཟུགས། ཤོག་གྲངས། ༥༣ པར་གསལ།
[7] འབྲས་སྤུངས་བློ་གསལ་གླིང་གི་པར་མ། དེབ་གཟུགས། ཤོག་གྲངས། ༢༠༧ པར་གསལ།
[8] ཝཱཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་གི་པར་མ། དེབ་གཟུགས། ༡༧༤ པར་གསལ།
[9] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༢༢༠ ཤོག་གྲངས། ༢༤༢ པར་གསལ།
[10] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༢༢༠ ཤོག་གྲངས། ༢༦༣ པར་གསལ།
[11] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༢༡༧ ཤོག་གྲངས། ༦༤༨ པར་གསལ།
[12] ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥༤ པར་གསལ།
[13] དཔལ་ས་སྐྱ་སློབ་གཉེར་ལྷན་ཚོགས་པར་མ། དེབ་གཟུགས། ཤོག་གྲངས། ༢༤༥ པར་གསལ།
[14] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ལེའུ་གཉིས་པ། ཤོག་གྲངས། ༥ པར་གསལ།
[15] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ལེའུ་གཉིས་པ། ཤོག་གྲངས། ༣ པར་གསལ།
[16] དགའ་ལྡན་བྱང་རྩེ་པར་མ། སྨད་ཆ། དེབ་གཟུགས། ཤོག་གྲངས། ༤༨༨ པར་གསལ།
[17] འབྲས་སྤུངས་བློ་གསལ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༡༢༨ པར་གསལ།
[18] འབྲས་སྤུངས་བློ་གསལ་གླིང་པར་མ། དེབ་གཟུགས། ཤོག་གྲངས། ༡༢༨ པར་གསལ།
[19] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༩༤ པར་གསལ།
[20] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ཤོག་གྲངས། ༡༧༩ པར་གསལ།
[21] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ཤོག་གྲངས། ༣༨༦ པར་གསལ།
[22] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡ པར་གསལ།
[23] རྒྱ་གཞུང་པར་འདེབས་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༢༥ པར་གསལ།
[24] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༩༨ པར་གསལ།
[25] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༡༢ པར་གསལ།
[26] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༠༦ པར་གསལ།
[27] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༢༤ པར་གསལ།
[28] རྒྱ་གཞུང་པར་འདེབས་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡ པར་གསལ།
[29] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༧༠ པར་གསལ།
[30] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༢༧ པར་གསལ།
[31] རྒྱ་གཞུང་པར་འདེབས་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡ པར་གསལ།
[32] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༩༧ པར་གསལ།
[33] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༢༦ པར་གསལ།
[34] རྒྱ་གཞུང་པར་འདེབས་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡ པར་གསལ།
[35] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ལེའུ་གསུམ་པ། ཤོག་གྲངས། ༡༨༣ པར་གསལ།
[36] བཀྲས་ལྷུན་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡༡༥ པར་གསལ།
[37] དགའ་ལྡན་བྱང་རྩེ་པར་མ། དེབ་གཟུགས། ཤོག་གྲངས། ༡༣༨ པར་གསལ།
[38] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༥༡ པར་གསལ།
[39] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། སྨད་ཆ། ཤོག་གྲངས། ༡༧ པར་གསལ།
[40] ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༥༦༤ པར་གསལ།
[41] ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༦༨༡ པར་གསལ།
[42] ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༦༧༨ པར་གསལ།