འགྲུལ་བཞུད་མ་བྱས་པའི་ལམ། The Road Not Taken

བློ་གྲོས། འཛིན་རིམ་གསུམཔ།

ནགས་ཚལ་སེར་མདངས་ཅན་དེ་རུ།།

ལམ་ཕྱོགས་གཉིས་སུ་གྱེས་པར་མཐོང་།།

འོན་ཀྱང་མི་རྐྱང་ཡིན་ཙ་ན།།

སྟབས་གཅིག་གཉིས་ཀར་འགྲོ་མ་ཕོད།།

དེ་བས་གང་དག་ལེགས་སམ་བརྟགས།།

ལམ་མདོ་དེ་རུ་ཡུན་རིང་ལྷག།

ལམ་ཕྱོགས་དང་པོར་དཔྱད་ན་ཡང་།།

བཟང་ངན་ལམ་མཐའ་མངོན་མ་གྱུར།།

ཡིན་ནའང་དེ་ནི་ལམ་རྙིང་འདྲ།།

དེ་བས་ལམ་ཕྱོགས་གཉིས་པར་བལྟས།།

དེ་ནི་ཕལ་ཆེར་ལེགས་མཐོང་སྟེ།།

འགྲུལ་བཞུད་མེད་པའི་ལམ་གསར་འདྲ།།

འོན་ཀྱང་ལམ་དེར་བསྐྱོད་པའི་ཚེ།།

འགྲུལ་བཞུད་བྱས་པ་ལྟར་དུ་སྣང་།།

སྔ་དྲོ་སླེབས་པའི་དུས་སུ་ནི།།

གཉིས་ཀ་འདབ་མས་བཀླུབས་པ་མཐོང་།།

ལམ་ཕྱོགས་དང་པོར་མ་འོངས་སམ།།

དུས་གཞན་དུ་ན་འགྲོ་དགོས་སྙམ།།

འོན་ཀྱང་ལམ་གྱིས་ལམ་ཁྲིད་པས།།

ཕྱིར་ལོག་བསླེབས་པར་དཀའ་མོ་མཐོང་།།

དེ་ཕྱིར་ལམ་ཕྱོགས་དང་པོ་རུ།།

མ་འོངས་འགྲོ་ཟེར་དམ་བཅའ་ནི།།

ནུས་སམ་མི་ནུས་ཚོམ་པར་གྱུར།།

ཕྱིས་སུ་རང་གིས་ཡུན་རིང་དུ།།

དབུགས་རིང་བཏང་ནས་འདི་ལྟར་ཟེར།།

སྔ་མོ་ས་ཆ་ག་གེ་མོར།།

ལམ་ཕྱོགས་གཉིས་སུ་གྱེས་པ་ལས།།

ཤུལ་ལམ་དབེན་པའི་ལམ་གསར་བདམས།།

མི་ཚེ་དོན་དང་ལྡན་པར་གྱུར།།

རྩོམ་འདི་ཨ་རི་ནས་ཡིན་པའི་རོ་བྷར་ཊི་ཧྥོ་རོས་ཊི་ (Robert Frost) ཡིས་བྲིས་པ་དང་། འདི་ནི་སྤྱི་ལོ་ ༡༩༡༦ ལོར་ཁྱབ་སྤེལ་བྱས་པར་གྲགས། ཁོང་ནི་དུས་རབས་ཉི་ཤུ་པའི་ནང་ཡོངས་སུ་གྲགས་ཤིང་རྩི་མཐོང་ཅན་ཞིག་ཏུ་གྱུར་ཡོད། སྙན་རྩོམ་འདི་ཡི་བསྟན་བྱ་གཙོ་བོ་ནི་རྩོམ་པ་པོ་རོ་བྷར་ཊི་ཧྥོ་རོས་ཊི་ (Robert Frost) ཁོང་རང་གི་མི་ཚེའི་ནང་ལམ་ཕྱོགས་གཉིས་ཀྱིས་མི་ཚེ་ལ་འདམ་ཀ་གཉིས་བྱུང་ཡོད་པར་མཚོན་ཅིང་། དུས་གཅིག་ཏུ་ལམ་ཕྱོགས་གཉིས་སུ་འགྲོ་མི་ཕོད་པ་ནི་ཁོང་གི་མི་ཚེ་གཅིག་པུ་འདིར་འདམ་ཀ་གཅིག་མ་གཏོགས་གཉིས་མེད་པའི་བརྡ་ཡིན།

དེས་ན་འདམ་ཀ་ལེགས་ཤོོས་གང་ཡིན་དུས་རིང་པོའི་བར་དུ་བརྟགས་ནས་མཐར་སུས་ཀྱང་བདག་གིར་མ་བྱས་པའི་འདམ་ཀ་དང་ལེན་བྱས་ཤིང་སུས་ཀྱང་མ་བླངས་པའི་འདེམས་སྒྲུག་དེས་རྩོམ་པ་པོ་ལ་ཉེན་ཁ་ལས་བརྒལ་ཐུབ་པའི་སྙིང་སྟོབས་མངོན་པར་གསལ་བ་དང་། སུ་གང་གིས་ཀྱང་མ་སྤྱད་པའི་འདམ་ཀ་དེས། ཁྱད་དུ་འཕགས་པའི་མི་ཚེ་འཐོབ་ཐུབ་པར་བསྟན་ཡོད།

མདོར་ན་བརྩམས་ཆོས་འདིས་མི་ཚེ་དོན་དང་ལྡན་པ་ཆགས་མིན་གཙོ་བོ་ཐོག་མའི་ལམ་ཁའི་འདེམས་སྒྲུག་བྱ་རྒྱུ་ནོར་མི་ཉན་པ་དང་། ལམ་བུ་དེར་ཉེན་ཁ་རེ་འཕྲད་ཀྱང་བཟོད་སྒོམ་བྱ་དགོས་པའི་བསླབ་བྱ་གདམས་འདུག

བསྒྱུར་གཞི། https.// www.poetryfoundation.org


[1]  བསྒྱུར་རྩོམ་འདི་ནི་མ་ཕྱི་དང་བརྩམས་ཆོས་དེའི་འགྲེལ་པ་དག་ལ་བརྟེན་ནས་རང་ཉིད་ཀྱིས་གང་རྟོགས་པ་དེ་ཚིགས་བཅད་ཐོག་བཀོད་ཡོད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།