ལོ་རིམ་བདུན་པའི་སློབ་གཉེར་བ། པདྨ་དོན་གྲུབ།
རྒྱལ་བ་ཀུན་ཀྱི་དགོངས་པའི་སྙིང་པོ་མཆོག།
མཁྱེན་རབ་གཅིག་བསྡུས་ཡེ་ཤེས་ལྷར་ཤར་བ།།
གདུལ་བྱའི་དོན་དུ་མི་ཡི་རྣམ་རོལ་བ།།
འཇམ་མགོན་བླ་མ་སྤྱི་བོའི་གཙུག་ཏུ་མཆོད།།
ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བའི།།
ཐུན་མིན་ལམ་མཆོག་ཐེག་པ་དགུ་ཡི་དོན།།
ལུང་དང་རིགས་པ་མྱོང་བ་རྣམ་གསུམ་གྱིས།།
ཇི་བཞིན་གསལ་མཛད་འགྲོ་བའི་མིག་གཅིག་པུ།།
ན་ཚོད་ཕྲ་ཡང་ལེགས་བཤད་ལུང་གི་མཛོད།།
རྣམ་དཔྱོད་རླབས་རྒྱ་ཆེ་བའི་རྩེ་མོ་ནས།།
ཟབ་དོན་དབུ་མའི་ལོག་རྟོག་མ་ལུས་ཀུན།།
སྐད་ཅིག་ཉིད་ལས་གྲོལ་བའི་གད་རྒྱངས་སྒྲོག།
ཚར་གཅོད་རྗེས་སུ་འཛིན་པའི་དཔལ་མངའ་བའི།།
ངེས་དོན་ཆོས་ཀྱི་རྒྱལ་པོའི་མདུན་ས་ན།།
རྒོལ་བའི་སྨྲ་ལྕེ་ཚིག་འཁྲིའི་རྗེས་སུ་བསྙེགས།།
སྒྲུབ་བྱེད་ལུང་རིགས་ཞེ་འདོད་ཙམ་དུ་གྱུར།།
བསྟན་པའི་སྙིང་པོ་ཕྱི་ནང་ཐེག་པའི་རྒྱུད།།
རྒྱལ་བ་གཉིས་པ་སློབ་དཔོན་པདྨའི་སྲོལ།།
སྔ་འགྱུར་བསྟན་པའི་སྒོས་སྐལ་ཁྱད་པར་ཆོས།།
གྲངས་མེད་འགྲོ་བ་དེ་ཡི་ལམ་དུ་བཀོད།།
ཕྱི་ནང་ཤེས་བྱའི་གནས་ཀུན་མ་ལུས་པ།།
མ་འདྲེས་གསལ་བར་མཁྱེན་པའི་ཐུགས་བརྩེ་ལས།།
ལེགས་པར་བཤད་པའི་གསུང་གི་སྣང་བ་ཡིས།།
རྨོངས་པའི་དྲི་མ་ཡོངས་སུ་དག་པར་བྱས།།
མཚན་བཟང་གྲངས་ལྡན་ཟབ་རྒྱས་གླེགས་བམ་བརྩེགས།།
བྱིན་རླབས་གཏེར་དུ་རྡོལ་བའི་ཚན་ཁ་འབར།།
ཚིག་སྦྱོར་ཚུལ་ལ་འགྲན་པའི་ཟླ་བྲལ་བ།།
རིས་མེད་མཁས་རྣམས་ཁྱེད་ལ་ལྷག་པར་གུས།།