ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ།
བླ་མ་ལ་ཕྱག་འཚལ་ལོ།།
ཡུལ་སྣང་བརྡ་རུ་ཤར་བ་ཡི།།
ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ།།
འོག་མིན་དཔལ་གྱི་མཆིམས་ཕུ་ཡི།།
ཚངས་པ་ལྷ་ཡི་མེ་ཏོག་ཕུག།
སྙིང་པོའི་སྒྲུབ་པ་ལྷུར་ལེན་ཚེ།།
ཡུལ་སྣང་ཕྲད་པའི་གཏམ་ཞིག་མཆིས།།
དེ་ཡང་འདི་ལྟ་སྟེ། དུས་དེའི་ཚེ་བྱ་དབང་དང་འཇོལ་མོ་ལ་སོགས་པའི་འདབ་ཆགས་བསམ་མེད་ཤིན་ཏུ་རྨོངས་པ་རྣམས། སྙིང་རྗེ་ཆེན་པོའི་རྩལ་གྱིས་རང་དབང་དུ་གྱུར་ནས། འཇིགས་པ་དང་། བག་ཚ་བ་དང་། ཤིན་ཏུ་སྔང་བ་ལ་སོགས་པའི་དོགས་པ་མཐའ་དག་ཡོངས་སུ་བཏང་ནས། བྱིས་པ་ཆུང་ངུ་མའི་དྲུང་ན་འདུག་པ་བཞིན་ཤིན་ཏུ་བག་ཕེབས་པའི་ཚུལ་དུ་ཟས་ཀྱི་བྱ་བ་ལ་ཡིད་གཏོད། གཏི་མུག་གི་རང་བཞིན་ལ་ཤུགས་ཀྱིས་གོམས་པའི་རྣམ་འགྱུར་འགོག་ཏུ་མེད་པས་མིག་མ་ལྕིབས་ཀྱིས་འགེབས་ཤིང་བདག་ཉིད་ལ་མེལ་ཚེའི་འདུ་ཤེས་བཞག་ནས་ཉལ་བ་ལ་སོགས་བྱེད་དོ། །རེ་ཞིག་གི་ཚེ་ཆུ་གཏོར་གྱི་རྗེས་ལ་དྲན་རིག་ཀུན་ཏུ་བཟང་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་ཆགས་ནས་སྲིད་ཞི་མཉམ་པ་ཉིད་ཀྱི་ངང་དུ་གནས་པ་ན། གཟུགས་མཛེས་པ་དང་། ཚོར་བ་ཅང་བ་དང་། འདུ་ཤེས་གྲུང་བ་དང་། འདུ་བྱེད་སྙོམས་པ་དང་། རྣམ་ཤེས་གསལ་བ་སྟེ་མིང་ཐ་དད་དུ་བཏགས་པའི་བྱ་དབང་ལྔ་གཏོར་ཟན་ལེན་པ་ལ་འོངས་ནས་སླར་ལོག དེའི་ནང་ནས་རྣམ་ཤེས་གསལ་བ་དེ་ད་དུང་མ་ཕྱིན་པར་མདུན་དྲང་པོར་ལྷགས་ནས་ངེད་ཀྱི་གདོང་ལ་སྒེག་མོ་མེ་ལོང་ལ་ཐུག་པ་བཞིན་དུ་ལྟ་ཞིང་། མིག་མ་ལྕིབས་ཀྱིས་འགེབས་པ་དང་སྦྲགས་ཤིན་ཏུ་འདྲིས་ཤིང་ཡིད་གཏོད་པའི་ཚུལ་དུ་ཇ་ཡུན་ཅིག་ཏུ་ཉེ་བར་ཙུག་གེ་བསྡད་སོང་ངོ་། །དེར་རྣམ་འགྱུར་འཇམ་པའི་སེམས་ཅན་དེ་ལ་སྙིང་རྗེ་བཟོད་གླགས་མེད་པ་ཞིག་སྐྱེས། བུ་ཆུང་མ་དང་བྲལ་བ་བཞིན་དབང་མེད་དུ་མཆི་མ་མི་ཐུབ་པ་ཙམ་དུ་ཤོར་བར། ཁོ་ཡང་ངེད་ཀྱི་གདོང་ལ་ལྟ་ཞིང་མཆི་མ་བཀུ་བ་སྙམ་བྱེད་དོ། །དེར་རང་ཉིད་ཀྱང་སྐྱོ་ཤས་ཤིན་ཏུ་ཆེ་བ་འཕེལ་ནས་འདི་སྐད་ཅེས་སྨྲས་སོ།།
ཀྱེ་ཧོ།
ཁྱོད་ལུས་ངན་གྱི་སེམས་ཅན་སྙིང་རེ་རྗེ།།
སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ཀུན།།
རྒྱུ་མ་རིག་གསུམ་གྱིས་བསྒྲིབས་པའི་ནང་།།
རྐྱེན་ཀུན་ཏུ་བརྟགས་པའི་མཚམས་སྦྱོར་ཅན།།
སྒོས་དུད་འགྲོའི་རིགས་རྣམས་སྙིང་རེ་རྗེ།།
བཀོལ་ཞིང་སྤྱོད་པའི་སྡུག་བསྔལ་དང་།།
ཁྱད་པར་སྡིག་ཅན་ཤན་པའི་རིགས།།
རྔོན་དང་ཉ་པ་བྱ་བ་སོགས།།
ཁྲེལ་དང་ངོ་ཚའི་གོས་བྲལ་བས།།
གསོད་པའི་རྣམ་འགྱུར་མཐོང་ན་ལྟ།།
ལྟ་ཅི་ཡིད་ལ་དྲན་པས་ཀྱང་།།
རང་དབང་མེད་པར་སྙིང་རྩ་འདར།།
མིག་ནས་མཆི་མའི་ཆར་རྒྱུན་བཀུ།།
ཁྱོད་སྤུ་སྡུག་རྨ་བྱའི་ལང་ཚོ་ཅན།།
མགུལ་པ་པད་དཀར་ཆུན་པོས་མཛེས།།
མཇུག་སྒྲོ་ལྔ་ལྡན་འཇའ་རིས་འཁྱིལ།།
ཡན་ལག་པདྨའི་རྣལ་མ་འདྲ།།
ངག་སྙན་པའི་སྒྲ་གདངས་རྣ་བར་འཇམ།།
དེ་འོན་ཀྱང་བླང་དོར་གནས་ལ་རྨོངས།།
གཏམ་གླེང་མོས་བརྗོད་པ་འཕྲོད་པ་མེད།།
ཡི་མུག་གི་དུད་འགྲོ་སྙིང་རེ་རྗེ།།
ཁྱོད་གཟུགས་སྡུག་སྤུ་མདངས་མཚར་ཆེ་ཡང་།།
ཁོང་གཅན་གཟན་གདུག་པའི་ཁ་ཟས་ཡིན།།
ཚེ་དོ་ནུབ་ཙམ་མི་རྟག་ཡ་མ་བརླ།།
ལས་རྒྱུ་འབྲས་བཤད་པས་གོ་བ་མེད།།
ཆོས་ངེས་དོན་ཉན་པའི་སྐལ་བ་ཆད།།
མི་ཁོམ་པའི་སྐྱེ་གནས་ཡིད་རེ་མུག།
དབྱིངས་རིག་པ་ཀུན་བཟང་བཟོ་མེད་ཀློང་།།
ཕྱི་ཡུལ་སྣང་གི་ཞེན་འཛིན་བཀྲག་མེད་ཅིག།
གདངས་སྙིང་རྗེར་ཤར་བའི་གསལ་ཆ་ཡིས།།
ཁྱོད་དུད་འགྲོའི་སེམས་དང་རྣལ་འབྱོར་ངའི།།
གནས་ལྕགས་ཀྱི་རང་མདངས་གཅིག་ཏུ་བསྲེ།།
ངག་གྲག་སྟོང་སྐྱེ་འགག་མེད་པའི་གདངས།།
ཐབས་མྱུར་ལམ་ཟབ་མོའི་གཟུངས་སྔགས་དང་།།
ཐོས་གྲོལ་གྱི་སྨོན་པས་མཚམས་སྦྱོར་རེམ།།
སྤྱིར་འཇིག་རྟེན་གྱི་མི་རྣམས་གདུག་སེམས་ཆེ།།
དེས་ཁྱེད་ཅག་གི་སྣང་བ་དོགས་པར་འཆར།།
གཏད་མེད་ཡོངས་གྲོལ་གྱི་དགོངས་པའི་ཀློང་།།
བྱ་ཁྱོད་ཀྱི་ཀུན་གཞིའི་བག་ཆགས་འབྲས།།
བློ་བག་ཕེབས་སུ་སྡོད་པ་སྙིང་རེ་རྗེ།།
སྤྱིར་སེམས་ཅན་ཐམས་ཅད་ཕ་མ་ཡིན།།
སྒོས་ཁྱོད་ཀྱང་ང་དང་ལས་འབྲེལ་ཅན།།
དེ་འོན་ཀྱང་དྲིན་ལན་གཞལ་ཐབས་མེད།།
ཕྲལ་གཏོར་ཟན་ཆུང་ངུའི་སྦྱིན་པ་ཡིས།།
ཁྱོད་འཁོར་བའི་གྲོང་ལས་དབུགས་མི་ཕྱིན།།
གཞི་བདེ་གཤེགས་སྙིང་པོའི་དགོངས་པ་ལ།།
ཡུལ་ཐུགས་རྗེས་འདུལ་བའི་མན་ངག་ཡོད།།
དེང་གནས་ལུགས་གཞི་མེད་རྩ་བྲལ་ལ།།
ཁྱོད་བློ་རྩེ་ཐོད་ནས་ལྷོད་དེར་སྡོད།།
ཅེས་བརྗོད་ནས་ཁོའི་སེམས་དང་རང་གི་རིག་པ་གཉིས་སུ་མེད་པར་བསྲེས་ཏེ་གནས་ལུགས་གཞི་གྲོལ་གྱི་ངང་དུ་ཡུན་རིང་པོའི་བར་དུ་མཉམ་པར་བཞག་པས། ཁོ་ད་དུང་མིག་མ་ལྕིབས་ཀྱིས་འགེབས་ཤིང་གཡོ་འགུལ་མེད་པར་ཙུག་གེ་བསྡད་ནས་སྙིང་རྗེ་བའི་སྐད་དང་རྣམ་འགྱུར་ཅིར་ཡང་སྟོན་གྱིན་འདུག་པས་བྱང་ཆུབ་སེམས་ཀྱི་རྒྱུས་མིག་མཆི་མས་བརླན་ནས་དབུགས་མི་ཐོན་པ་ཙམ་དུ་བརྣངས་ཤིང་སྙིང་ལྷག་པར་རྗེ་བས་འདི་སྙམ་དུ། དུད་འགྲོ་འདི་ལྟ་བུས་ཀྱང་བསམ་པ་དགེ་མི་དགེའི་རང་བཞིན་ཤེས་ནས་དག་པའི་སྣང་བ་སྦྱོང་ཞིང་བློ་གཏོད་པ་འདི་ངོ་མཚར་ཆེ། འདི་ལ་དཔགས་ན་སྨྲ་ཤེས་དོན་གོ་བའི་མི་ཁོམ་པ་རྣམས་སུའི་གདུལ་བྱ་ཡིན།
ཀུན་མཁྱེན་ཆེན་པོས།
འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན།།
འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད།།
མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ།།
སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་སྟེ།།
རིས་ཆད་བློ་ཡིས་མི་ཁོམ་རྣམ་པ་བརྒྱད།།
ཅེས་པའི་གྲལ་རིགས་ལ་བཞུགས་པ་རྣམས་སྡིག་པའི་ལས་ལ་ནི་བརྟུལ་ཞུགས་ཤིན་ཏུ་མྱུར། མི་ལུས་ཐོབ་ཚད་ལ་ཡ་མཚན་ཆེ་རྒྱུ་མི་འདུག ད་ནི་འདི་ལྟ་བུའི་དུད་འགྲོ་ལ་དག་པའི་བློ་ཡོད་ཀྱང་གཏམ་གྱིས་བརྗོད་པ་གླེང་དུ་མེད་པས་དམ་པའི་ཆོས་ཀྱི་བདེན་པས་ཕན་གདགས་པའི་གོ་སྐབས་མ་རྙེད། དེ་ཡང་འདི་སྐད་དུ། ད་ནི་ཁྱོད་གཞན་ཅི་ཡང་མ་ཤེས་ཀྱང་སླ་ཡི། ཨ໋་མ་ཎི་པདྨེ་ཧཱུྃ། ཞེས་ལན་གཅིག་བརྗོད་དང་། དེ་ཁོ་ནས་ཁྱོད་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ་གཙུག་ཏོར་རོང་ངེར་འགྱུར་རོ་ཞེས་སྨྲས་ཀྱང་། ཁོ་ལ་དེ་དེ་བཞིན་དུ་སྨྲ་བའི་ནུས་པ་མི་འདུག་པས་སྙིང་རེ་རྗེ། ཨ་ཙ་མ། སྔར་བོད་མུན་པའི་གླིང་དུ་རྒྱལ་སྲས་རིགས་གསུམ་མགོན་པོའི་སྤྲུལ་པའི་རྒྱལ་བློན་ལོ་པཎ་དང་བཅས་པས་དམ་པའི་ཆོས་སྒྱུར་བ་ལ་དཀའ་ལས་དེ་ཙམ་ཞིག་བྱས་ཏེ་དེང་སང་ཆོས་དོན་དུ་གཉེར་བ་མི་འདུག་པས་འདི་ལྟ་བུའི་ལུས་རྟེན་ལ་རེ་དུས་ཇི་ལྟར་བྱེད། ད་ནི་སློབ་དཔོན་དབྱིག་གཉེན་གྱིས་དམ་པའི་ཆོས་ཞལ་འདོན་དུ་མཛད་པ་འདབ་ཆགས་ཕུག་རོན་གྱིས་ཐོས་པས་སྐྱེ་བ་འཕོས་ཏེ་སློབ་དཔོན་བློ་གྲོས་བརྟན་པར་གྱུར་པའི་ལོ་རྒྱུས་ཀྱང་ཡོད་ན། ཟབ་མོའི་མན་ངག་མགུར་གྱི་ཚུལ་དུ་འདིའི་རྣ་བར་གདབ་པར་བྱའོ་སྙམ་ནས་ངེས་དོན་གྱི་ཚིག་ཟབ་མོའི་ལས་འབྲེལ་བཞག་པ་ནི།
ཀྱེ་ཁྱོད་འདྲའི་འདབ་ཆགས་སྙིང་རེ་རྗེ།།
མི་བདག་གི་ཕ་མ་སྙིང་རེ་རྗེ།།
སྒོས་སེམས་ཅན་ཐམས་ཅད་སྙིང་རེ་རྗེ།།
ཁོང་ཀུན་ཏུ་བཟང་པོ་སྐད་པ་དང་།།
ཁྱོད་སྲིད་པའི་བློ་ཅན་ཇི་སྙེད་ཀུན།།
རིག་མ་རིག་གིས་ཁྱད་པར་བྱས་པ་ལས།།
སེམས་ཀུན་གཞིའི་ཁྱད་ལ་རྡུལ་ཙམ་མེད།།
འཁོར་འདས་གཉིས་ལག་པའི་ལྟོ་རྒྱབ་འདྲ།།
ཨེ་མ་ཧོ་སྲིད་ཞིའི་འགལ་འདུ་ལ།།
རྒྱུ་བདག་ཉིད་གཅིག་པའི་མ་རིག་པ།།
སེམས་ཅན་ཐམས་ཅད་ཀྱི་འཁྲུལ་གཞི་ཡིན།།
རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ།།
གར་མཁན་གྱིས་བྱིས་བློ་འདྲིད་པ་འདྲ།།
ལྷན་སྐྱེས་ཀྱི་མ་རིག་གཡོ་འཁྲུལ་པོས།།
ད་དུང་མཐའ་མེད་འཁོར་བ་བཟོས།།
གཞི་ལུང་མ་བསྟན་གྱི་གྲོང་ཁྱེར་ནས།།
གདོད་མའི་མགོན་པོས་ཁྱད་པར་གྱི།།
ཆོས་ཉིད་དྲུག་བདག་གིར་མཛད་པའི་མོད།།
མིག་འཕྲུལ་པ་ལྟ་བུར་མངོན་སངས་རྒྱས།།
དུས་དེང་སང་ཆོས་སྐུའི་རྒྱལ་ས་ཟིན།།
སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད།།
སྒོམ་ཡུལ་མེད་སྣང་རིག་ཆམ་བརྡལ་འདི།།
ཡེ་གདོད་མ་དོན་གྱི་སངས་རྒྱས་ཡིན།།
སེམས་མི་འགྱུ་དགུ་འགྱུའི་རྣམ་རྟོག་ལ།།
འཁོར་བ་མཐའ་མེད་ཀྱི་རྟེན་འབྲེལ་རྫོགས།།
ཆོས་རྫོགས་པ་ཆེན་པོར་རང་བཞག་ལ།།
སྤང་གཉེན་དང་གྲུབ་མཐའི་ཞེན་པ་མེད།།
བློས་བྱས་ཀྱི་ལྷོ་སྤྲིན་དབྱིངས་སུ་ཡལ།།
ཤེས་སྒྲིབ་ཀྱི་མུན་པ་བག་ལ་ཞ།།
ལྟར་མེད་ལ་ལྟ་བའི་རྒྱལ་པོར་གྲགས།།
ངེད་རྣལ་འབྱོར་གྱི་ལྟ་བའི་སྐལ་བར་བབས།།
ལྟའོ་སྙམ་པའི་བློ་ཐག་ཆོད།།
ལྟ་རྒྱུ་མེད་ཀྱང་རང་ངོ་གསལ།།
དབྱིངས་རྣམ་དག་ནམ་མཁའ་གོ་འབྱེད་ཀློང་།།
དངོས་མེད་ཀྱི་རིག་པ་མངོན་སུམ་གདངས།།
རྡོ་རྗེ་ལུ་གུ་རྒྱུད་དུ་མཐོང་།།
འདི་རྣལ་འབྱོར་སྒོམ་པའི་གྲོགས་སུ་ཤར།།
སྒོམ་བློའི་ཤུན་པ་དེ་རུ་དག།
སྒོམ་རྒྱུ་ཡེ་ཟད་ངོ་མཚར་ཆེ།།
ལས་བྱ་བྱེད་བཟང་ངན་དྲན་རྟོག་ཀུན།།
སྲིད་ཞི་དབྱེར་མེད་ཀྱི་མཉམ་རྗེས་འདྲེས།།
སྤང་བླང་དང་བྲལ་བ་སྤྱོད་པར་བབས།།
སྤྱོད་པའི་ཚུལ་འཆོས་རང་སར་ཞིག།
གཏད་སོ་མེད་པ་འདི་ཉམས་རེ་དགའ།།
རང་རིག་འདི་ཅེར་ཡན་དུ་གློད་ཙ་ན།།
དུས་གསུམ་གྱི་རྣམ་རྟོག་དབྱིངས་སུ་ཞི།།
བསམ་གྱིས་མི་ཁྱབ་པའི་དུས་ཤིག་ཤར།།
ངེད་རྣལ་འབྱོར་གྱི་འབྲས་བུའི་སྐལ་བར་བབས།།
འབྲས་བུའི་ཞེ་འདོད་རྨང་ནས་སྟོངས།།
རེ་དོགས་མེད་པ་རྒྱན་དུ་ཆེ།།
འཛིན་མེད་ཀྱི་རིག་པ་ཀློང་ཆེན་འདི།།
དངོས་པོར་མེད་ལ་ནུས་པ་ཆེ།།
ལྷོད་ཀྱིས་གློད་པའི་གནས་སྐབས་ན།།
ཕྱི་ཡུལ་གྱི་སྣང་བ་དབང་དུ་འདུ།།
ཁྱོད་དུད་འགྲོའི་སེམས་ཀྱང་བསྒྱུར་དུ་བཏུབ།།
བག་ཆགས་སྲིད་པའི་ཤ་གཟུགས་ཅན།།
བར་དོའི་རྣམ་ཤེས་ཀྱང་འདྲེན་པར་ནུས།།
ཁྱེད་དུངས་སེམས་ཅན་གྱི་བྱ་དབང་ལ།།
མི་ཁོ་བོའི་རིག་པ་བློ་འདས་དང་།།
འཁོར་འདས་བཟང་ངན་མེད་པར་བསྲེ།།
མཉམ་གཞག་ནམ་མཁའ་ལྟ་བུའི་ངང་།།
རྗེས་ཐོབ་བསྔོ་སྨོན་གྱི་རྒྱ་ཡིས་འདེབས།།
བདག་དང་དབྱེར་མེད་སངས་རྒྱས་ཤོག།
ཅེས་སྨྲས་པས་བྱ་དབང་དེ་ཉིད་ཤིན་ཏུ་དགའ་བའི་རྣམ་འགྱུར་དང་བཅས་རང་གནས་སུ་སོང་བར་གྱུར་ཀྱང་རིང་པོར་མ་ཐོགས་པར་ཨོ་དཀར་གྱིས་མགྲིན་པ་བཅད་དེ་མི་སྣང་བར་གྱུར་ཏོ།།
གང་ཞིག་འཇིག་རྟེན་ན་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པའི་སྐྱེས་བུ་བླུན་པོ་རྣམས་ལ་འཕྲིན་འདི་སྒྲོགས་ཤིག་གུ། གཏམ་ཚོགས་ལེའུ་ལྔ་བཅུ་པའོ།། །།
ཁུངས་གཏུག་སའི་ཡིག་ཆ།
ཨ་འཛོམས་ཤིང་པར། འཇིགས་མེད་གླིང་པའི་གསུང་འབུམ་ལ་གཏུགས་ཡོད།