khorlo

འདུལ་བའི་གླེང་འབུམ་ནང་གི་སངས་རྒྱས་ཀྱི་མཛད་པ་འགའ་ཞིག

རྩོམ་སྒྲིག་པ།


༡༽ སྟོན་པས་ནད་གཡོག་མཛད་པའི་སྐོར།

སྟོན་པ་མཉན་ཡོད་ནའོ། །དེའི་ཚེ་ཁྱིམ་བདག་གཅིག་གིས་སངས་རྒྱས་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་པ་ལས་དགེ་སློང་གི་དགེ་འདུན་ལྷགས། སྟོན་པ་ནི་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་སོ། །སྟོན་པ་རྒྱུ་ལྔས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་ཏེ། ནང་དུ་ཡང་དག་པར་འཇོག་པ་དང་། ལྷ་རྣམས་ལ་ཆོས་འཆད་པ་དང་། གནས་མལ་གཟིགས་པ་དང་། ནད་པ་ལ་གཟིགས་པ་དང་། བསླབ་པ་བཅའ་བར་བཞེད་པ་སྟེ། སྐབས་འདིར་ནི་ནད་པ་ལ་གཟིགས་པ་དང་། བསླབ་པ་འཆའ་བར་བཞེད་ནས། དགེ་སློང་གི་དགེ་འདུན་དོང་ནས་རིང་པོ་མ་ལོན་པར་ལྡེ་མིག་བསྣམས་ཏེ་གཙུག་ལག་ཁང་རྣམས་གཟིགས་པས། དེ་ན་དགེ་སློང་ནད་ཚབས་ཆེ་བ་ཤེས་པ་ཆུང་བ་གཅིན་དང་ངན་སྐྱུགས་ཀྱི་ནང་དུ་ནུབ་པ་ཞིག་གིས་སྟོན་པ་མཐོང་ནས།

བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས་ཞེས་སྐད་ངན་བཏོན་པ་དང་། ང་ཁམས་གསུམ་གྱི་མགོན་པོའི་རྗེས་སུ་ཁྱོད་རབ་ཏུ་བྱུང་ན། ཅིའི་ཕྱིར། བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས་སོ་ཞེས་ངུ་སྐད་འདོན། བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་འགའ་ཡང་རིམ་གྲོ་བགྱིད་པའམ་ལྟ་བ་མ་མཆིས་སོ། །ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་འགའ་ལ་རིམ་གྲོ་དང་བལྟས་པ་ཡོད་དམ། མ་མཆིས་སོ། །དེས་ཁྱོད་འདི་ལྟ་བུར་གྱུར་ཏོ།། སྟོན་པས། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཚོ་ཆེན་པོ་མ་དྲོས་པ་ནས་ཆུ་ཁྱེར་ཏེ་འོང་ཞིང་རི་སྤོས་ངད་ལྡང་ལས་ས་ཁྱེར་ཏེ་འོང་བར་གྱུར་ཅིག་ཅེས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ཙམ་གྱིས། བརྒྱ་བྱིན་གྱིས་མ་དྲོས་པ་ནས་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གསེར་གྱི་རིལ་བ་བཀང་། རི་སྤོས་ངད་ལྡང་ལས་ས་བླངས་ནས་མྱུར་བར་སྟོན་པའི་སྤྱན་སྔར་འོངས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཞུགས་ཤིག དེའི་རིམ་གྲོ་བདག་གིས་བགྱིའོ། །ཀོའུ་ཤི་ཀ་འདི་ཁྱོད་ཀྱི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་གྱི། ངའི་ཕྱིར་ཡིན་ནོ། །གཞན་ཡང་། ཁྱོད་ཀྱིས་འདི་སྔོན་མ་མཐོང་ལ། ལྷ་རྣམས་ནི་གཙང་སྦྲ་ལ་དགའ་བ་ཡིན་པས་འདུག་ཅིག ངས་འདིའི་རིམ་གྲོ་བྱའོ། །དེ་ནས་སྟོན་པས་ན་བཟའ་ཆོས་གོས་བརྫེས་ནས། ཕྱག་བསོད་ནམས་བརྒྱ་ཕྲག་དུ་མས་བསྒྲུབས་པ་སྐྲག་པ་རྣམས་དབུགས་འབྱིན་པར་མཛད་པས་དགེ་སློང་དེ་བཟུང་སྟེ། གཅིན་དང་ངན་སྐྱུགས་ལས་ཕྱུང་ནས་མཐའ་ཞིག་ཏུ་བཞག སྙུག་གུའི་ཚལ་བས་བཞར། ས་དཀར་པོས་དྲིལ་ཕྱིས་བྱས་ཏེ་བཀྲུས་སོ། །དེ་ནས་དཀྱིལ་མོ་ཀྲུང་འཆར་བཅུག་སྟེ། དེའི་ཆོས་གོས་རྣམས་བཀྲུས། ཕྱོགས་དེའང་བའི་ལྕི་བ་འཇམ་པོའི་བྱུག་པ་མཛད་དོ། །དེ་ནས་ཕྱག་དང་ཞབས་བསིལ་ཏེ་བརྒྱ་བྱིན་ལ་ནད་པ་ལ་རིམ་གྲོ་བྱ་བའི་ཆོས་བསྟན་ནས། གཙུག་ལག་ཁང་དུ་བཞུགས་སོ།།

ཀུན་དགའ་བོས་བསོད་སྙོམས་ཀྱི་སྐུ་སྐལ་ཁྱེར་ཏེ་སྤྱན་སྔར་སོང་བ་དང་། ཅི་དགེ་སློང་གི་དགེ་འདུན་ཁ་ཟས་བསོད་པས་ལེགས་པར་ཚིམས་པར་བྱས་སམ། བཙུན་པ། དེ་བཞིན་དུ་དགེ་སློང་གི་དགེ་འདུན་ཞལ་ཟས་བསོད་པས་ཚིམས་པར་བགྱིས་ལགས་སོ། །དེ་ནས་བསོད་སྙོམས་ཀྱི་ཕྱེད་བཞེས་ཏེ། ཀུན་དགའ་བོ་སོང་ལ་གཙུག་ལག་ཁང་ག་གེ་མོ་ན་དགེ་སློང་ནད་ཚབས་ཆེ་བ་ཞིག་ཡོད་པ་དེ་ལ་བསོད་སྙོམས་ཕྱེད་པོ་འདི་ཁྱེར་ལ་འདི་སྐད་ཅེས། ཁྱོད་ཀྱི་རིམ་གྲོ་སྟོན་པ་ཉིད་ཀྱིས་མཛད་དེ། བསོད་སྙོམས་ཕྱེད་ཀྱི་བགོ་བཤའ་ཡང་མཛད་དོ་ཞེས་གྱིས་ཤིག བཙུན་པ། བཀའ་བཞིན་དུ་འཚལ་ཞེས་དེ་ལ་བསོད་སྙོམས་བྱིན་ནས་དེ་སྐད་སྨྲས་སོ། །དེ་ནས་དགེ་སློང་དེ་འདི་སྙམ་དུ་བདག་ནི་ཁམས་གསུམ་གྱི་བླ་མ་ཉིད་ཀྱིས་རིམ་གྲོ་མཛད་དེ་བསོད་སྙོམས་ཕྱེད་ཀྱང་གནང་གིས། བདག་དད་པ་བྱིན་པ་ལོངས་སྤྱད་ནས་ལེ་ལོས་དུས་འདའ་བར་མི་རིགས་པས། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པར་བྱས་པས་དགྲ་བཅོམ་པ་འཐོབ་བོ།།

༢༽ སྟོན་པས་ཕྱགས་མ་འཕྱགས་གནང་བའི་སྐོར།

དགེ་སློང་རྣམས་དགུན་གྲང་ནས། གཞི་སྤྱིལ་བུའི་སྟེང་དུ་མེ་བུས་པས་མ་རུང་བར་གྱུར་ནས། སྟོན་པས་ཞུགས་གླིང་གི་སྟེང་དུ་མེ་བུས་ཤིག བུས་པས་དུད་པར་གྱུར་ནས། ཡང་སྟོན་པས་ཕྱི་རོལ་དུ་བུས་ལ་ནང་དུ་དུ་བ་མེད་པའི་མེ་མདག་ལ་སྤྱོད་ཅིག ཁྱིམ་བདག་གཅིག་གིས་བསྲོ་ཁང་བྱས་པ་ན་སོལ་བ་བརྡལ་ཏེ་བཞག་པས། བསྡུ་བར་བྱའོ། །ཅིས་བསྡུ་མ་ཤེས་ནས། ལྕགས་ཀྱི་ཐལ་ཕྱགས་ཀྱིས་སོ། །དགོན་པ་བས་དེ་མ་འབྱོར་ནས། ཤིང་གི་ཡོག་པས་སོ། །ཇི་ལྟར་བྱ་མ་ཤེས་ནས་ཞུས་པས། མགོ་སྦོམ་པོར་བྱ་ཞིང་ལྕི་བ་དང་འཇིམ་པ་བྱུགས་ཏེ་དེས་བསྡུ་བར་བྱའོ།།

མགོན་མེད་ཟས་སྦྱིན་གྱི་ཀུན་སྤྱོད་ཀྱིས་སྔ་བར་སོང་སྟེ་སྟོན་པ་ལ་ཕྱག་བྱས་ནས་གཙུག་ལག་ཁང་འཕྱག་གོ །དུས་རེ་ཞིག་ན་བྲེལ་ནས་མ་འོངས་པ་དང་རྒྱལ་བྱེད་ཚལ་ཕྱགས་མར་ལུས་པ་སྟོན་པས་གཟིགས་ཏེ། བརྒྱ་བྱིན་གྱིས་རི་སྤོས་ཀྱི་ངད་ལྡང་ནས་ཕྱགས་མ་ཁྱེར་འོངས་ན་བླ་སྙམ་པ་དང་། བརྒྱ་བྱིན་གྱིས་དེ་ཤེས་ནས་ཤིང་བལ་ལྟར་རེག་ན་འཇམ་པའི་ཕྱགས་མ་ལྔ་བརྒྱ་ཁྱེར་འོངས་སོ། །སྟོན་པས་ཕྱགས་མ་བསྣམས་ནས་རྒྱལ་བྱེད་ཀྱི་ཚལ་འཕྱག་པར་བཞུགས་སོ། །དེའི་ཚེ་ཤཱ་རིའི་བུ་ལ་སོགས་པས་ཀྱང་འཕྱགས་སོ། །སྟོན་པས། ཕྱག་བདར་བྱས་པ་ལ་ཕན་ཡོན་ལྔ་ཡོད་དེ། རང་གི་སེམས་དང་བ་དང་གཞན་གྱི་སེམས་དང་བ་དང་། ལྷ་རྣམས་དགའ་བ་དང་། མཛེས་པའི་ལས་གསོག་པ་དང་། ལུས་ཞིག་ནས་ལྷའི་ནང་དུ་སྐྱེ་བའོ། །དེར་མགོན་མེད་ཟས་སྦྱིན་འོངས་པས། སྟོན་པ་ཉན་ཐོས་ཆེན་པོ་དང་བཅས་པས་འཕྱགས་པ་ཐོས་ནས་འགྲོ་མ་ནུས་སོ། །སྟོན་པས། འདི་སུ་ཞིག ཁྱིམ་བདག་སྟེ་འདི་ལྟར་མཆི་མ་ནུས་སོ། །སངས་རྒྱས་ཀྱི་བཀའ་ཁ་ཏོན་བྱ་ཞིང་འཇུག་པར་བྱ་སྟེ། སངས་རྒྱས་ནི་ཆོས་ལ་གུས་ཤིང་། ཆོས་ནི་དགྲ་བཅོམ་པའི་བླ་མ་ཡིན་ནོ། །དེ་ནས་ཁྱིམ་བདག་ཚིགས་སུ་བཅད་པའི་དབྱངས་འདོན་ཞིང་སོང་སྟེ། སྟོན་པའི་ཆོས་ལ་གུས་ཤིང་བསྔགས་པ་བརྗོད་པ་ངོ་མཚར་ལགས་སོ།།

ཁུངས་གཏུག་སའི་ཡིག་ཆ།
སྤྱི་ལོ་ ༢༠༠༡ ལོར་ཝཱཎ་མཐོ་སློབ་ཀྱི་དགེ་ལྡན་སྤྱི་ལས་ཁང་ནས་པར་སྐྲུན་ཞུས་པའི་འདུལ་བའི་གླེང་འབུམ་ཆེན་མོ་ལས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།