བཀྲ་ཤིས་རྡོ་རྗེ། འཛིན་རིམ་གཉིས་པ།
སྤྲིན་དཀར་འདབ་མ་རི་བོའི་རྩེ་ལ་ལྡིང་།།
སྨུག་ཟིལ་ཕྲ་མོ་ཟིམ་ཟིམ་ལུས་ལ་འཇབ།།
ཚོར་བ་བདེ་མོ་སེམས་པའི་གདིང་ནས་ལྡང་།།
སྨྲ་བ་མི་ཤེས་དགའ་དུང་ལྕི་མོ་ཞིག།
བསང་ཆོག་གདངས་དབྱངས་སྙན་མོ་ལྷང་ལ་གྱེར།།
འབུད་རྡུང་དཀྲོལ་བའི་སྒྲ་དབྱངས་འུར་གྱིས་ཁེངས།།
འདུས་པ་དད་པའི་ཐལ་མོ་བྲང་ལ་གཏད།།
སེམས་པར་མི་ནུས་དད་ལྡན་མིག་རྒྱན་ཞིག།
བསང་དུད་སྔོན་མོ་མཐོན་པོའི་མཁའ་ལ་འཕྱོ།།
བསུང་ཞིམ་མངར་མོ་དྲི་འཛིན་ཡུལ་ལ་འཁོར།།
སེམས་པ་ཡང་མོ་སྤྲོ་དགའི་ཆང་གིས་བཟི།།
བརྗོད་དུ་མི་ནུས་བག་ཡངས་སྣོན་མ་ཞིག།
ཚོན་སྣའི་རླུང་རྟ་བར་སྣང་དབྱིངས་ལ་འཕུར།།
ལང་ལིང་བྲོ་གར་འདྲེན་བྱེད་མིག་ལ་སྤམ།།
སེམས་པ་མཉེན་མོའི་ཟུར་མིག་གྱེན་ལ་ཤོར།།
བསམ་དུ་མེད་པའི་གུ་ཡངས་དུས་ཚིགས་ཤིག།
བསིལ་རླུང་འཇམ་པོ་རྣ་བའི་རྒྱབ་ནས་འུར།།
ལམ་ཟུར་མེ་ཏོག་དགའ་བསུའི་མགོ་ལྕོག་ལྡེམ།།
སྣང་བའི་ཟུར་མིག་འཁྱོག་པོ་ཡན་ལ་ཤོར།།
ཅི་འདྲའི་འཁྲུལ་བའི་རྣམ་ཤེས་འཁྱར་པོ་ཞིག།
གཤོག་ཅན་བྱིའུ་ཆུང་ཚང་ཚིང་ནགས་སུ་རྒྱུ།།
ཅིར་ཅིར་གསུང་སྙན་རྣ་བའི་སྦུག་ལ་འཇེབས།།
སེམས་ཀྱི་ཁ་ཕྱོགས་ངེས་མེད་འཛོལ་བ་ན།།
གོམ་པའི་འདེགས་འཇོག་གཉིས་ལ་ཐེ་ཚོམ་ཞིག།
སྔོ་ལྗང་རྩྭ་ཡི་ལང་ཚོ་གྲུང་ཤ་དོད།།
ཁྲོམ་ཁྲོམ་ཟིལ་པ་གཟི་འོད་ལམ་ལམ་འཚེར།།
ཞོགས་རླུང་དྭངས་མས་སེམས་ཁམས་བཤལ་བའི་དུས།།
མྱོང་བར་མ་ནུས་རོ་བརྒྱའི་ལྷག་མ་ཞིག།
གྲྭ་ཆུང་གོམ་སྒྲས་རྡོ་ཐེམ་དལ་གྱིས་གཅོད།།
ཡ་ཐོད་རྔུལ་ཆུས་མཁུར་ཚོས་བརླན་པར་གྱུར།།
དབུགས་རྒྱུན་ཧལ་བའི་སྡུག་སྐད་ཤབ་ཤུབ་སྒྲོག།
སྨྲ་བ་མི་ཤེས་དགའ་སྐྱོའི་ཚོར་རླབས་ཤིག།