ཡང་ལོག་སྐོར་ཅུང་ཙམ་བརྟག་པ།

ལོ་རིམ་ལྔ་པའི་སློབ་གཉེར་བ། ཕུར་པ།

སེམས་ཅན་མནར་བར་མ་བཟོད་སྤྱན་ཆབ་ཐིགས་ཕྲེང་ཕྱོགས་བཞིར་འཐོར།།

ཡིད་ཀྱི་མུན་སྨག་སེལ་བས་གཤིས་ཀྱི་འོད་གསལ་མངོན་བྱས་ནས།།

ཐར་པའི་ཁང་བཟང་བགྲོད་ལམ་ཞི་བའི་ཐབས་ཀྱིས་སྟོན་མཁས་པ།།

དྲང་སོང་ཐུབ་དབང་ཁྱེད་ལ་སྒོ་གསུམ་གུས་པས་དད་ཕྱག་འཚལ།།

ཞེས་དམ་པ་གོང་མ་རྣམས་ཀྱི་བཞེད་སྲོལ་དང་མཐུན་པར་མཆོད་པར་བརྗོད་པས་མདུན་བསུས་ཏེ་དབུ་མ་ཐལ་རང་གཉིས་ཀྱི་ཀུན་རྫོབ་ཡང་ལོག་སྐོར་ལ་ཅུང་ཙམ་ཞིག་དཔྱད་བརྗོད་འབྲི་བ་ལ་སྔོན་གླེང་གི་ཚུལ་དུ་ཚིག་བསྡུས་ཤིག་ཞུས་ན། སྤྱིར་བཏང་དཔྱད་བརྗོད་རྩོམ་ཡིག་འབྲི་བ་ལ་ཕྱོགས་ལྷུང་གི་དབྱེ་འབྱེད་མེད་པར་དྲང་ཚུགས་ཀྱི་གཤིས་ཀ་ལྡན་པའི་སྒོ་ནས་གནས་ལུགས་ལ་རྟོག་ཞིབ་བྱེད་ནུས་པ་དང་། གཞུང་ལུགས་སྤྱི་དང་རང་གི་དཔྱད་གཞིའི་ཐད་མཐོང་རྒྱ་དང་ཐོས་རྒྱ་མི་དམན་པ་ཞིག་དགོས་ཞེས་བརྗོད་ཀྱང་ཁོ་བོ་ལ་དེ་ལྟ་བུའི་ཆ་རྐྱེན་མི་ལྡན་ནའང་། བླ་མ་དང་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལ་བརྟེན་ནས་ལོ་ངོ་དུ་མའི་རིང་། དམ་པ་གོང་མ་རྣམས་ཀྱི་གཞུང་ལུགས་ལ་ཐོས་བསམ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་མོད། འོན་ཀྱང་ཟེར་སྒྲོས་ཤིག་ལ། དཔེ་ཆའི་གོ་བ་དཔེ་ཐོག་ཏུ་ལུས། ཞེས་པ་ལྟར་རང་ཉིད་ཀྱི་ཡིད་ལ་གཞུང་ལུགས་སྦྱངས་པའི་ངེས་ཆ་སྤུ་ཙམ་ཡང་མེད་པས། དཔྱད་བརྗོད་རྩོམ་ཡིག་བྲིས་པ་འདི་ཡི་རྐྱེན་ལས་གཞུང་ལུགས་ལ་ངེས་ཆ་ཐིགས་པ་ཙམ་ཞིག་སྐྱེས་ན་བསམ་པའི་ཐོག་མའི་ཀུན་སློང་འདི་ཙམ་ཞིག་བཅངས་པའི་སྒོ་ནས་ངལ་བའི་ཁུར་འདི་དང་དུ་བླངས་པ་ཡིན།

བརྗོད་གཞི་དངོས་ལ་བབས་ན།

ད་ནི་དངོས་ཀྱི་བརྗོད་གཞི་དབུ་མ་ཐལ་རང་གི་ཀུན་རྫོབ་ཡང་ལོག་སྐོར་ཅུང་ཙམ་བརྟག་པ་ལ་ས་བཅད་ཀྱིས་གླེངས་ན། དང་པོ་སྤྱི་ལྡོག་ནས་དབུ་མ་ཐལ་རང་གཉིས་པོ་ཀུན་རྫོབ་དང་དོན་དམ་འདོད་ཚུལ་གཅིག་མཚུངས་ཡིན་པ། གཉིས་པ་དབུ་མ་རང་རྒྱུད་པའི་ཡང་ལོག་བཤད་པའི་སྒོ་ནས་ནང་གསེས་དུ་མར་དབྱེ་བ། གསུམ་པ་དབུ་མ་ཐལ་འགྱུར་བའི་ཡང་ལོག་དེ་འཇིག་རྟེན་རང་ག་བ་ཁོ་ན་ལ་ལྟོས་ནས་མིན་པར་གཉིས་སུ་འབྱེད་གོས་པར་བཤད་པ། མཐའ་མར་ཐལ་རང་གཉིས་ཀྱི་ཀུན་རྫོབ་ཡང་ལོག་ལ་ཁྱད་པར་ཡོད་མེད་ཅུང་ཙམ་བཤད་པའི་སྒོ་ནས་མཇུག་བསྡུ་བ་དང་བཅས་བཞི་ཡོད་པ་ལས།

དང་པོ་ནི། དེ་ཡང་གཞུང་ཕྱི་མོའི་དབུ་མ་པའམ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པ་ལྟར་སྤྱི་ལྡོག་ནས་ཐལ་རང་གཉིས་ཀས་ཀུན་རྫོབ་དང་དོན་དམ་འདོད་ཚུལ་གཅིག་མཚུངས་སུ་སྣང་སྟེ། དེ་ཡང་དབུ་མ་ཐལ་འགྱུར་བའི་ཤིང་རྟ་ཆེན་པོ་ཟླ་བ་གྲགས་པས་ནི།[1] དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་དེ་གཉིས་འཛིན་པ་ཡིན་ནོ། །རང་བཞིན་དེ་གཉིས་ལས་ཀྱང་མཐོང་བ་ཡང་དག་པའི་ཡུལ་གང་ཡིན་པ་དེ་ནི་དེ་ཉིད་དེ། དེ་ནི་དོན་དམ་པའི་བདེན་པའོ་ཞེས་བྱ་བའི་དོན་ཏོ། །དེའི་རང་གི་ངོ་བོ་ནི་བཤད་པར་བྱའོ། །མཐོང་བ་རྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་དང་། ཛ་ཡ་ཨཱ་ནནྡའི་འཇུག་འགྲེལ་ལས།[2] བདེན་པ་གཉིས་རྣམ་པར་བཞག་ནས་ཞེས་བྱ་བ་ནི་ཡང་དག་པ་དང་། རྫུན་པ་མཐོང་བའི་ཡུལ་གྱི་སྒོ་ནས་བདེན་པ་གཉིས་སུ་རྣམ་པར་བཞག་པ་སྟེ་ཞེས་ཐལ་འགྱུར་བའི་སློབ་དཔོན་རྣམ་པས་གསུངས་པ་དང་། དེ་བཞིན་དབུ་མ་རང་རྒྱུད་པའི་སློབ་དཔོན་མཁན་ཆེན་ཞི་བ་འཚོའི་ཞལ་སྔ་ནས།[3] དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་མི་སྐྱེ་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པའི་སྤྲོས་པའི་དྲྭ་བ་མཐའ་དག་སྤངས་པའོ། །ཞེས་དང་། དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན། །གལ་ཏེ་འདི་དག་དོན་འདོད་ན། །དེ་ལ་བདག་གིས་ཅི་ཞིག་བྱ། །ཞེས་གསུངས་པ་དང་། མཁན་པོ་ཡེ་ཤེས་སྙིང་པོའི་དབུ་མ་བདེན་གཉིས་ལས། ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །སླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཀུན་རྫོབ་མིན། །དེ་ལྟར་མི་སླུ་མིན་ཕྱིར་ཏེ། །ཇི་ལྟར་སྣང་བ་དེ་ཉིད་བདེན། །ཇི་ལྟར་སྣང་བའི་དངོས་པོར་ནི། །རྣམ་པར་གནས་པར་མི་རུང་སྟེ། །ཤེས་པའི་དངོས་པོ་ཐམས་ཅད་ལ། །ཇི་ལྟ་བུར་ཡང་སྣང་མི་འགྱུར། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་ལས། དེ་བརྟག་མི་བཟོད་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་དོན་དམ་པའི་ངོ་བོ་ཁོ་ནར་འགྱུར་གྱི། ཀུན་རྫོབ་པ་ནི་མ་ཡིན་ནོ། །ཞེས་ཐལ་རང་གི་སློབ་དཔོན་རྣམས་ཀྱིས་དོན་དམ་ནི་གང་གཟིགས་པ་བཞིན་མི་བསླུ་བའི་རང་བཞིན་བདེན་པ་མཐར་ཐུག་ཆོས་ཉིད་དང་། ཀུན་རྫོབ་ནི་བློ་འཁྲུལ་བའི་ངོར་གང་སྣང་བདེན་བདེན་འདྲ་ཡོད་ཀྱང་དོན་ལ་རྫུན་པ་འཁྲུལ་བ་ཡིན་པ་ཞིག་བསྟན་ཡོད་པ་མ་ཡིན་ནམ། འོན་ཀྱང་བྱེ་བྲག་ནང་གསེས་དབྱེ་ཞིང་ཕྱེ་ན། དོན་དམ་ལ་ཡུལ་ཅན་བློ་ཡིས་འཛིན་ཚུལ་དང་རྟོགས་ཚུལ་གྱི་དབང་གིས་དུ་མར་འབྱེད་ཀྱང་། ཡུལ་གྱི་ངོས་ནས་སྤྲོས་པའི་དྲ་བའམ་མཐའ་ཀུན་དང་བྲལ་བའི་གནས་ལུགས་ཆོས་ཉིད་ལ་དོན་དམ་ཞེས་འདོད་པ་ནི་གཅིག་པ་ཡིན། འོན་ཀྱང་ཀུན་རྫོབ་ལ་ནང་གསེས་ཡང་ལོག་གི་དབྱེ་ཚུལ་ཅུང་མི་འདྲ་བ་ཡོད་པར་སྣང་ངོ་།།

གཉིས་པ་དབུ་མ་རང་རྒྱུད་པའི་ཡང་ལོག་བཤད་པའི་སྒོ་ནས་ནང་གསེས་དབྱེ་བ་ལ།

ཀུན་རྫོབ་ལ་ནང་གསེས་ཐལ་རང་སོ་སོའི་ཡང་ལོག་ཕྱེ་ན། དང་པོ་རང་རྒྱུད་པ་ནི། མཁན་པོ་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་ཏེ། །ཀུན་རྫོབ་ཀྱིས་ནི་དབྱེ་བའང་བྱས། །ཞེས་གསུངས་པའི་གཞུང་ཚིག་འདིས་རང་རྒྱུད་པའི་ཀུན་རྫོབ་ཡང་ལོག་བསྟན་པར་འདོད་པ་ནི་གསར་རྙིང་གི་མཁས་པ་ཐམས་ཅད་ཀྱི་བཞེད་པ་གཅིག་མཚུངས་ཡིན། འོན་ཀྱང་ཀུན་རྫོབ་ཡང་ལོག་འདོད་ཚུལ་ལ་ཅུང་མི་འདྲ་སྟེ།

དང་པོ་གཞན་ལུགས་མཁས་པ་རྣམས་ཀྱི་འདོད་ཚུལ་ནི། དམ་ཆོས་དོགས་སེལ་ལས།[4] རྒྱན་གྱི་མཚན་ཉིད་བཤད་པ་འདི་ཡང་དག་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་ཟེར་ཀྱང་ཆེར་མི་འགལ་མོད། འོན་ཀྱང་ལོག་པའི་ཀུན་རྫོབ་ཀྱང་ཀུན་རྫོབ་ཡིན་པའི་ཕྱིར། དེའི་མཚན་ཉིད་ལ་མ་ཁྱབ་པའི་སྐྱོན་སྤོང་དཀའ་ལ། སོ་སོར་བརྟགས་པའི་འགོག་པ་ཡང་ལོག་པའི་ཀུན་རྫོབ་ཡིན་ཟེར་ན་ཐར་པ་ལ་སྐུར་པ་དེས་ཀྱང་བཏབ་བོ། །དེ་བཞིན་དུ་བདེན་སྟོང་སོགས་ལ་སྦྱར་བར་བྱའོ། །ཞེས་གསུངས་པ་ལྟར་རྡོ་གྲུབ་པ་དམ་ཆོས་སོགས་མཁས་པའི་དབང་པོ་འགའ་ཞིག་གིས། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་པའི་དབུ་མ་རྒྱན་གྱི་གཞུང་ཚིག་འདིས་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པར་དགོངས་ཏེ་ཡང་དག་ཀུན་རྫོབ་ལ་འབྲས་བུ་སྐྱེ་བའི་དོན་བྱེད་ནུས་པས་ཁྱབ་པར་བཞེད་ནས་ཡང་དག་པའི་སྐྱེ་བ་མེད་པ་དང་སོ་སོར་བརྟགས་འགོག་སོགས་ལོག་པའི་ཀུན་རྫོབ་བདེན་པར་འདོད་དོ། །ལམ་རིམ་ལས་ཀྱང་།[5] ཤེས་པ་ཡིན་ན་རང་གི་མཚན་ཉིད་ཀྱིས་གྲུབ་དགོས་པས་ཤེས་པ་ཡིན་པའི་ཡུལ་ཅན་ལ་ཡང་ལོག་གཉིས་སུ་མི་འབྱེད་ལ་ཞེས་ཤེས་པ་ལ་ཡང་ལོག་གཉིས་སུ་མི་འབྱེད་པར་གང་ཤེས་པ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པས་ཁྱབ་པར་བཞེད་པ་མ་ཟད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་དོན་བྱེད་ནུས་པའི་དངོས་པོ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པས་ཁྱབ་པ་དང་ཡང་དག་པའི་སྐྱེ་བ་དང་དབང་ཕྱུག་རྟག་པ་སོགས་གཏན་མེད་ཀྱི་དངོས་མེད་དག་ཀྱང་ལོག་པའི་ཀུན་རྫོབ་བདེན་པ་ཡིན་པར་བཞེད་དེ། དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའི་རྣམ་བཤད་ལས།[6] དོན་དམ་གྱི་དབྱེ་བ་ཐལ་རང་འདྲ་ལ་ཀུན་རྫོབ་བདེན་པ་ལ་དབྱེ་ཚུལ་གཉིས་ཏེ་གཅིག་ནི་མེད་ཀྱང་ཡོད་པར་སྒྲོ་བཏགས་པ་མ་ཡིན་པར་བརྟེན་ནས་སྐྱེས་པའི་དངོས་པོ་ཐམས་ཅད་ཡང་དག་ཀུན་རྫོབ་བདེན་པ་དང་། ཡང་དག་པར་སྐྱེ་བ་སོགས་དང་སེམས་ཙམ་པའི་དོན་དང་གྲངས་ཅན་གྱི་གཙོ་བོ་དང་རྒྱང་ཕན་གྱི་སེམས་ཅན་འབྱུང་བ་ལས་སྐྱེ་བ་སོགས་སུ་གྲུབ་མཐའི་དབང་གིས་བཏགས་པའི་བློས་བཟོས་པ་ཐམས་ཅད་ལོག་པའི་ཀུན་རྫོབ་བདེན་པ་ཡིན་ཏེ། ཞེས་གསུངས་སོ།།

གཉིས་པ་རང་ལུགས་ཀྱི་འདོད་ཚུལ་ནི། དབུ་མ་རྒྱན་ལས། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་པ་འདིས་རང་ལུགས་ལ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པར་འདོད་དམ་ཞེ་ན་དེ་ནི་མི་འདོད་དེ། དམ་ཆོས་དོགས་སེལ་ལས།[7] སྐབས་འདིར་ཀུན་རྫོབ་ཏུ་ཡོད་མེད་ཅེས་པ་དོན་བྱེད་ནུས་པར་ཡོད་མེད་དམ་རང་མཚན་ཡོད་མེད་ལ་འཛིན་པས་གཏན་མེད་དུ་ཅི་ལ་གོ རྒྱན་གྱི་མཚན་ཉིད་བཤད་པ་འདི་ཡང་དག་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་ཟེར་ཀྱང་ཆེར་མི་འགལ་མོད། འོན་ཀྱང་ལོག་པའི་ཀུན་རྫོབ་ཀྱང་ཀུན་རྫོབ་ཡིན་པའི་ཕྱིར། དེའི་མཚན་ཉིད་ལ་མ་ཁྱབ་པའི་སྐྱོན་སྤོང་དཀའ་ལ་ཞེས་དབུ་མ་རྒྱན་འདི་ཡི་སྐབས་ཀྱི་ཀུན་རྫོབ་ཅེས་པ་ནི་བདེན་པ་གཉིས་ཀྱི་ཀུན་རྫོབ་བདེན་པ་ལ་མི་གོ་བར་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་ལ་གོ་བ་ཡིན་སྟབས། འོན་ཀྱང་ལོག་པའི་ཀུན་རྫོབ་བདེན་པའི་ཆའང་རྒྱན་ནས་བསྟན་པའི་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་ཡིན་པའང་ཡོད་པར་གསུངས་འདུག་པས། རང་གི་གོ་ཚུལ་ལ་རྒྱན་གྱི་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་བསྟན་པ་དེ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པར་མི་འདོད་པ་ནི་གོང་གི་དམ་ཆོས་དོགས་སེལ་གྱི་ལུང་ཚིག་འདི་ལས་དཔོག་ཐུབ། འོན་ཀྱང་རང་རེའི་བློ་གྲོས་གསར་བུ་བ་འགའ་ཞིག་གིས། རྒྱན་གྱི་མཚན་ཉིད་བཤད་པ་འདི་ཡང་དག་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་ཟེར་ཀྱང་ཆེར་མི་འགལ་མོད་ཅེས་པའི་ཚིག་འདི་དང་། གྲུབ་མཐའ་མཛོད་ལས།[8] དེའང་སྣང་བ་དང་མཐུན་པར་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བརྟགས་པས་དབེན་པ། རང་རང་གི་རིགས་ལ་མཐུན་པར་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་གཟུགས་ལ་སོགས་པའི་ཆོས་ནི་ཡང་དག་ཀུན་རྫོབ་སྟེ་སོ་སོའི་དོན་བྱེད་ནུས་པ་ཡོད་ལ་ཞེས་པའི་ལུང་ཚིག་འདི་དག་ལ་རྒྱབ་བསྙེས་ཁུངས་འདྲེན་བགྱིས་ཏེ་རྒྱན་གྱི་གཞུང་ཚིག་འདིས་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པར་རྟོགས་ཐུབ་ཅེས་འགྲེལ་མཁན་ཡང་ཡོད། འདི་ནི་མ་བརྟགས་པའི་གཏམ་སྟེ། གོང་གི་ལུང་ཚིག་དེ་ལ་ཆེར་མི་འགལ་མོད་ཅེས་པ་ནི་དེ་འདྲའི་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་ཕལ་ཆེ་བ་ཡང་དག་ཀུན་རྫོབ་ཡིན་པས་སྒྲ་ཡངས་པའི་དབང་གིས་བརྗོད་པ་ལས་མཐའ་གཅིག་ཏུ་ཁྱབ་པར་འདོད་པ་ནི་ལར་ནས་མིན་ཏེ། དམ་ཆོས་དོགས་སེལ་ལས། ལོག་པའི་ཀུན་རྫོབ་ཀྱང་ཀུན་རྫོབ་ཡིན་པའི་ཕྱིར། དེའི་མཚན་ཉིད་ལ་མ་ཁྱབ་པའི་སྐྱོན་སྤོང་དཀའ་ལ་ཞེས་དང་། ཀུན་མཁྱེན་མི་ཕམ་པའི་དབུ་མ་རྒྱན་འགྲེལ་ལས།[9] ལོག་པའི་ཞེན་སྣང་གི་ཡུལ་ཟླ་གཉིས་ལ་སོགས་པ་ལྟ་བུ་ལ། དེར་སྣང་བ་ནི་ཤེས་ཉིད་དེར་སྣང་བ་ཙམ་ཡིན་པས་ཀུན་རྫོབ་ཏུ་མ་འདུས་པའི་སྐྱོན་མེད་ལ། སྣང་བ་ལྟར་གྱི་དོན་ཁོ་རང་གི་ངོ་བོ་གྲུབ་མ་གྲུབ་ལ་བསམས་ན་ནི་མེད་པ་ཙམ་ཡིན་གྱི། ཞེས་ཟླ་གཉིས་སྣང་བའི་སྣང་བ་ཡུལ་ཅན་ལོག་པའི་ཀུན་རྫོབ་བདེན་པ་སོགས་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་ཡིན་པར་གསུངས་ཡོད་པས་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པས་མ་ཁྱབ་པ་དང་། རྒྱན་གྱི་གཞུང་ཚིག་དེ་ཡིས་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པར་ཡང་མི་འདོད། མ་ཟད། གོང་དུ་དྲངས་པའི་གྲུབ་མཐའ་མཛོད་ཀྱི་ལུང་ཚིག་གི་བསྟན་དོན་ནི། དེ་འདྲའི་མཚན་ཉིད་གསུམ་དང་ལྡན་པའི་གཟུགས་དང་ཀ་བུམ་སོགས་ཡང་དག་ཀུན་རྫོབ་ཀྱི་མཚན་གཞི་བརྗོད་པ་ལས་ཡང་དག་ཀུན་རྫོབ་ཡིན་པ་ལ་དེ་འདྲའི་མཚན་ཉིད་གསུམ་དང་ལྡན་དགོས་ཞེས་གསུངས་པ་ནི་མ་ཡིན་ནོ། །འོ་ན་རང་ལུགས་ལ་མ་བརྟགས་གཅིག་པུ་ཉམས་དགའ་ཞེས་པའི་རྒྱན་གྱི་གཞུང་ཚིག་འདི་ཇི་ལྟར་འགྲེལ་ཞེ་ན། ཀུན་མཁྱེན་མི་ཕམ་པའི་དབུ་མ་རྒྱན་འགྲེལ་ལས། ཐ་སྙད་ཚད་མའི་རྙེད་དོན་ནམ། རང་མཚན་སྣང་རུང་གི་དངོས་པོ་ཐམས་ཅད་ལ་གྲགས་པའམ། སྣང་ཡང་གྲུབ་པ་མེད་པ་འདི་ཀུན་རྫོབ་ཀྱི་ངོ་བོ་ཡིན་ནོ་ཞེས་ཡང་ཡང་བཤད་པ་དེའོ། །ཞེས་དང་། ཡང་དེ་ཉིད་ལས།[10] འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་བརྟགས་ན་དཔྱད་མི་བཟོད་ཀྱང་མ་བརྟགས་གཅིག་པུའམ་ཁོ་ནའི་དབང་དུ་ཉམས་དགའ་དགའ་ལྟར་མངོན་སུམ་དུ་སྣང་ཞིང་། རྒྱུ་དང་འབྲས་བུའི་ངོ་བོ་སྐད་ཅིག་གིས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པ་དང་མཐོང་བ་དང་འདོད་པའི་དོན་བསླུ་མེད་བྱེད་པ་དག་ནུས་པའི་དངོས་པོ་འདི་རྣམས་ཀྱི་རང་བཞིན་ནི་ཀུན་རྫོབ་པ་ཞེས་བྱ་བ་ཡིན་པར་རྟོགས་པའམ་ཤེས་དགོས་པ་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར་རྣམ་གྲངས་པའི་ཟླ་བོར་གྱུར་པའི་ཀུན་རྫོབ་བམ་ཐ་སྙད་གནས་ཚུལ་ལ་མ་བརྟགས་མ་དཔྱད་ན་ཉམས་དགའ་དགའ་ལྟར་སྣང་ཡང་བརྟགས་ཤིང་དཔྱད་ཚེ་དཔྱད་མི་བཟོད་པ་ཀུན་རྫོབ་ཀྱི་ངོ་བོར་གྱུར་པའི་འདུས་བྱས་ཀྱི་ཆོས་འདི་ཙམ་ལ་གོ་དགོས། གོ་བདེ་བའི་དབང་དུ་བརྗོད་ན། ཀུན་རྫོབ་ཀྱི་ངོ་བོར་གྱུར་པའི་འདུས་བྱས་ཀྱི་ཆོས་ལ་གོ་དགོས་ཞེས་པ་ཡིན།

འོ་ན་རང་ལུགས་ལ་དབུ་མ་རང་རྒྱུད་པའི་ཡང་ལོག་ཇི་ལྟར་ཡིན་ཞེ་ན། དང་པོ་ཡང་དག་ཀུན་རྫོབ་བདེན་པ་དང་ལོག་པའི་ཀུན་རྫོབ་བདེན་པ་ནི། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་ཏེ། །ཀུན་རྫོབ་ཀྱིས་ནི་དབྱེ་བའང་བྱས། །ཞེས་དང་། གྲུབ་མཐའ་མཛོད་ལས།[11] དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ། དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དོ། །ཞེས་སོགས་ནས་གསུངས་པ་ལྟར། དང་པོ་དཔྱད་མི་བཟོད་པའི་ཤེས་བྱ་རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་ནུས་པའི་ཆོས་ཡང་དག་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། གཉིས་པ་དཔྱད་མི་བཟོད་པའི་ཤེས་བྱ་རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཆོས་ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་བཞག་གོ །ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་ལའང་དཔྱད་མི་བཟོད་པའི་ཤེས་བྱ་ཞེས་དང་། ཆོས་ཞེས་སྨྲས་པ་ནི། ལོག་པའི་ཀུན་རྫོབ་བདེན་པ་དང་ལོག་པའི་ཀུན་རྫོབ་ཙམ་གྱི་དབྱེ་བ་སོ་སོར་འབྱེད་ཕྱིར་ཡིན།

དང་པོ་ཡང་དག་ཀུན་རྫོབ་ལ་འབྲས་བུ་སྐྱེ་བའི་དོན་བྱེད་ནུས་པས་མ་ཁྱབ་པར་རྟག་པའི་ཆ་ཡང་ཡོད་དེ། དབུ་མ་རྒྱན་གྱི་རང་འགྲེལ་ལས།[12] སྐྱེ་བ་མེད་པ་ལ་སོགས་པའང་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་དུ་ཟིན་ཀྱང་། ཞེས་དང་། དམ་ཆོས་དོགས་སེལ་ལས། སོ་སོར་བརྟགས་པའི་འགོག་པ་ཡང་ལོག་པའི་ཀུན་རྫོབ་ཡིན་ཟེར་ན་ཐར་པ་ལ་སྐུར་པ་དེས་ཀྱང་བཏབ་བོ། །དེ་བཞིན་དུ་བདེན་སྟོང་སོགས་ལ་སྦྱར་བར་བྱའོ། །ཞེས་བདེན་སྟོང་མེད་འགག་དང་སོ་སོར་བརྟགས་པའི་འགོག་པ་སོགས་ཡང་དག་ཀུན་རྫོབ་ཡིན་པར་གསུངས་ཡོད་དོ། །འདི་ཡི་སྐབས་ཀྱི་དོན་བྱེད་ནུས་པ་ཞེས་པ་ནི་རྒྱུ་འབྲས་སྐྱེ་བའི་བྱ་བྱེད་ལ་མི་གོ་བར་སྣང་ལ་སྣང་བ་ལྟར་དུ་གྲུབ་པའམ་གང་སྣང་བ་བཞིན་དེའི་དོན་བྱེད་པ་ལ་གོ་བས། རྟག་པའི་ཆོས་དེ་དག་ལ་ཡང་དག་ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་ཕྱི་མ་དེ་མི་ལྡན་སྙམ་པའི་ལོག་རྟོག་དེ་སྐྱུང་བར་བྱའོ།།

གཉིས་པ་ལོག་པའི་ཀུན་རྫོབ་ལ། ལོག་པའི་ཀུན་རྫོབ་བདེན་པ་དང་། ལོག་པའི་ཀུན་རྫོབ་ཙམ་གྱི་དབྱེ་བ་ནི་སོ་སོར་འབྱེད་དགོས་པར་སྣང་སྟེ། དེ་མིན། གྲུབ་མཐའ་མཛོད་ཀྱི་ལུང་ཚིག་དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་མི་ནུས་པ། ཞེས་པ་དེ་ལོག་པའི་ཀུན་རྫོབ་སྤྱི་ཡི་མཚན་ཉིད་དུ་བཞག་ན། ཆུ་ནང་གི་གནམ་ཟླ། རྨི་ལམ་ནང་གི་རྟ་གླང་། དུས་གསུམ་རྫས་གྲུབ། བདེན་གྲུབ་སོགས་གཏན་མེད་ཀྱི་དངོས་མེད་འདི་དག་ཐམས་ཅད་ཀྱང་དཔྱད་མི་བཟོད་པའི་ཤེས་བྱ་ཡིན་ཞེས་འདོད་ན། གཏན་མེད་ཀྱི་དངོས་མེད་འདི་དག་ཀྱང་གཞི་གྲུབ་ཏུ་ཐལ་བས་གནམ་ས་མགོ་མཇུག་ལོག་པ་ལྟ་བུའི་སྐྱོན་དུ་འགྱུར་བ་མ་ཡིན་ནམ། དེས་ན་གྲུབ་མཐའ་མཛོད་ལས།[13] སྣང་ཡང་དོན་བྱེད་མི་ནུས་པ་སྐྲ་ཤད་འབབ་པ་དང་ཟླ་བ་གཉིས་སུ་སྣང་བ་ལ་སོགས་པའི་ལོག་པའི་ཀུན་རྫོབ་ནི་དོན་བྱེད་ནུས་པར་མེད་པས་རབ་ཏུ་དབྱེ་བའོ། །ཞེས་དང་། གྲུབ་བསྡུས་ལས།[14] ཀུན་རྫོབ་ལ་སྣང་ལ་དོན་བྱེད་པ་གནམ་ཟླ་ལྟ་བུ་ཡང་དག་ཀུན་རྫོབ་དང་། སྣང་ལ་སྣང་བ་ལྟར་དོན་བྱེད་མི་ནུས་པ་ཟླ་བ་གཉིས་སྣང་ལྟ་བུ་ལོག་པའི་ཀུན་རྫོབ་གཉིས་སུ་ཡོད་ལ། ཞེས་འདི་དག་ནི་ལོག་པའི་ཀུན་རྫོབ་བདེན་པའི་མཚན་གཞི་ལས་ལོག་པའི་ཀུན་རྫོབ་ཙམ་གྱི་མཚན་གཞིར་དྲངས་པ་མ་ཡིན་ཏེ། ལུང་ཚིག་དེ་དག་ལ་སྐྲ་ཤད་འབབ་པ་དང་། ཟླ་གཉིས་མི་འཇོག་པར་དེའི་སྣང་བ་བཞག་ཡོད་པས། སྣང་བ་ནི་ཤེས་པ་ཡིན་ལ་སྣང་བ་དེ་གང་སྣང་བ་བཞིན་དེའི་དོན་དུ་མ་གྲུབ་པའམ་སྣང་བ་ལྟར་གྱི་བྱེད་ལས་མི་བྱེད་པས། དཔྱད་མི་བཟོད་པའི་ཤེས་བྱ་སྣང་ལ་སྣང་བ་ལྟར་གྱི་དོན་བྱེད་མི་ནུས་པ་ཡིན་པའི་རྒྱུ་མཚན་གྱིས་ལོག་པའི་ཀུན་རྫོབ་བདེན་པར་འཇོག་དགོས་སོ། །དེས་ན་དེ་འདྲའི་སྣང་བ་ནི་ཤེས་པ་ཡིན་སྟབས་དབུ་མ་ཐལ་འགྱུར་བ་མ་ཟད་དབུ་མ་རང་རྒྱུད་པའི་ལུགས་ལ་ཡང་ཡུལ་ཅན་ཤེས་པ་ལའང་ཡང་ལོག་གི་དབྱེ་བ་ཕྱེ་ཡོད་དེ། ལྟ་གྲུབ་ཤན་འབྱེད་ཀྱི་ཚིག་དོན་རྣམ་བཤད་ལས།[15] ཐ་སྙད་ཀུན་རྫོབ་བདེན་པའི་ངོར་དུང་དཀར་པོ་མཐོང་བ་དང་། ལས་འབྲས་ཡོད་པར་ལྟ་བ་ལྟ་བུ་འཁྲུལ་རྒྱུ་གློ་བུར་བས་མ་བསླད་པའི་སྣང་བ་ཡང་དག་ཀུན་རྫོབ་དང་། དུང་སེར་པོ་མཐོང་བ་དང་། ལས་འབྲས་མེད་པར་ལྟ་བ་སོགས། འཁྲུལ་རྒྱུ་གློ་བུར་བས་བསླད་པའི་སྣང་བ་རྣམས་ནི། ལོག་པའི་ཀུན་རྫོབ་སྟེ། ཡང་ལོག་གི་དབྱེ་བ་སོ་སོར་ཡོད་པར་བཞེད་དོ། །ཞེས་དང་། གོང་དུ་དྲངས་མ་ཐག་པ་གྲུབ་མཐའ་མཛོད་ལས། སྣང་ཡང་དོན་བྱེད་མི་ནུས་པ་སྐྲ་ཤད་འབབ་པ་དང་ཟླ་བ་གཉིས་སུ་སྣང་བ་ལ་སོགས་པའི་ལོག་པའི་ཀུན་རྫོབ་ནི་དོན་བྱེད་ནུས་པར་མེད་པས་རབ་ཏུ་དབྱེ་བའོ་ཞེས་འདོད་དོ། །ཞེས་སོགས་སོ། །ལོག་པའི་ཀུན་རྫོབ་བདེན་པ་ཡིན་ན་གཞི་གྲུབ་པས་ཁྱབ་ཀྱང་། ལོག་པའི་ཀུན་རྫོབ་ཙམ་ཡིན་ན་གཏན་མེད་ཡིན་པས་ཁྱབ་པ་སོགས་ངེས་དགོས།

གསུམ་པ་དབུ་མ་ཐལ་འགྱུར་བའི་ཡང་ལོག་དེ་འཇིག་རྟེན་རང་ག་བ་ཁོ་ན་ལ་ལྟོས་ནས་བཞག་པ་མིན་པར་གཉིས་སུ་འབྱེད་དགོས་པར་བཤད་པ་ལ།

དང་པོ་དབུ་མ་ཐལ་འགྱུར་བའི་ཀུན་རྫོབ་ཡང་ལོག་ནི། དབུ་མ་འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་གཞུང་ཚིག་འདི་དབུ་མ་ཐལ་འགྱུར་བའི་ཡང་ལོག་བསྟན་ཅེས་འདོད་པ་ནི་ཡོངས་སུ་གྲགས་པ་བཞིན་དེ་ལྟར་ཡིན། འོན་ཀྱང་གཞན་ལུགས་མཁས་པའི་དབང་པོ་ཕྱི་རབས་པ་དག ཐ་སྙད་ཚད་མ་ནི་ཚུར་མཐོང་ཐ་སྙད་ཙམ་ལས་དག་གཟིགས་ཚད་མ་མི་འདོད་པས་གཞལ་བྱ་ཀུན་རྫོབ་ཀྱི་རྣམ་གཞག་ཀྱང་མངོན་པའི་སྡེ་སྣོད་སོགས་ལས་གསུངས་པ་ལྟར་སྣང་ཚུལ་མ་དག་པའི་ཀུན་རྫོབ་ཉི་ཚེ་བ་ཙམ་ཞིག་ཁས་ལེན་པ་དང་། རང་གཞུང་སྤྱི་ལ་མཐོང་རྒྱ་དང་ཐོས་རྒྱ་དམན་པའི་རང་རེའི་བློ་གྲོས་གསར་བུ་བ་ཕལ་ཆེ་བ་ཞིག་གཞན་ཟེར་རྗེས་སུ་འབྲངས་ཏེ། དབུ་མ་ཐལ་འགྱུར་བས་ཀུན་རྫོབ་འཇིག་རྟེན་གྲགས་པ་ལྟར་དུ་ཁས་ལེན་ཞེས་འདོད་དུས། ཐད་ཀར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པ་ནས་བསྟན་པའི་མ་དག་འཇིག་རྟེན་པའི་ཀུན་རྫོབ་བམ། སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་འཇིག་རྟེན་རྒན་པོ་ལྟར་དུ་བཞག་པའི་འཇིག་རྟེན་རང་ག་བའི་བློ་ཡིས་རྫུན་པར་རྟོགས་མ་རྟོགས་ཀྱི་ཀུན་རྫོབ་ཁོ་ན་འཛིན་ཅིང་། དབུ་མ་ཐལ་འགྱུར་བའི་ཀུན་རྫོབ་ཀྱི་རྣམ་གཞག་ཡོད་ཚད་ར་བ་འདིའི་ནང་ནས་འབྱེད་དགོས་པ་ལས་འདི་ལས་འདས་ན་ཀུན་རྫོབ་ཀྱི་རྣམ་གཞག་འཇིག་པར་འདོད་པའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་མཁན་མི་ཉུང་བ་ཞིག་ཀྱང་ཡོད། ད་དུང་གཞན་ཡང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་འཇུག་པའི་ས་བཅད་དུ།[16] ཡུལ་ཅན་ཚད་མ་དང་ཚད་མིན་གྱི་དབྱེ་བ། དེས་ཡུལ་འཇལ་ཚུལ་གཉིས་ལས། དང་པོ་ཞེས་དང་། གཉིས་པ་ལ། ཡུལ་ཡང་ལོག་གི་ཁྱད་པར་སྤྱིར་བསྟན་པ་དང་། ཞེས་པའི་ས་བཅད་འདི་ལ་འཁྲུལ་ནས་དབུ་མ་ཐལ་འགྱུར་བའི་ཡང་ལོག་གི་ཁྱད་པར་དེ་ཡུལ་ཁོ་ནའི་སྟེང་ནས་འཇོག་དགོས་པ་ལས་ཡུལ་ཅན་ལ་ཡང་ལོག་གི་དབྱེ་བ་མེད་ཅེས་སྨྲ་བར་བྱེད་དོ།།

དེ་དག་ནི་མ་བརྟགས་པའི་གཏམ་སྟེ། ལུགས་འདི་ལ་ཐ་སྙད་ཚུར་མཐོང་ཙམ་ལས་ཀུན་རྫོབ་ཀྱི་རྣམ་གཞག་ཀྱང་འཇིག་རྟེན་རང་ག་བ་འདི་ཙམ་ཞིག་ཐ་སྙད་མཐར་ཐུག་པ་ཡིན་ཞིང་འདི་ལས་འདས་ན་ཀུན་རྫོབ་ཀྱི་རྣམ་གཞག་འཇིག་པར་འདོད་ན། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་རྒྱུད་བླ་མ་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་ཀྱི་སྐབས་ནས་བསྟན་པའི་ཀུན་རྫོབ་དག་པ་ཆེན་པོ་སོགས་བཤད་དུ་མེད་པར་རྫུན་པར་འགྱུར་ཞིང་། དེ་ལྟར་ན་དག་པ་རྣམས་ཀྱི་གཟིགས་པ་གོང་ནས་གོང་དུ་ཁྱད་ཞུགས་པས་འོག་མས་འོག་མ་ཟིལ་གྱིས་གནོན་མི་ནུས་པ་མ་ཟད། ཉན་རང་དགྲ་བཅོམ་དང་སངས་རྒྱས་རྣམས་ཀྱི་གཟིགས་པ་ལ་ཁྱད་པར་མེད་པར་འགྱུར་རོ། །མ་ཟད་རབ་གསལ་དེ་ཉིད་སྣང་བྱེད་ལས།[17] འདིའི་སྐབས་ཀྱི་མཐོང་བ་རྫུན་པ་ཞེས་པ་དཔྱད་བཟོད་དུ་མེད་པ་ལ་འདོད་པས་ན། ཞེས་གསུངས་པ་ལྟར། བདེན་གྲུབ་དང་། དུས་གསུམ་རྫས་གྲུབ། བདག་སྐྱེ། དབང་ཕྱུག་རྟག་པ། ཡོན་ཏན་ཁྱད་པར་གསུམ་དང་ལྡན་པའི་བདག་ཤེས་རིག་གི་སྐྱེས་བུ་སོགས་ནི་དཔྱད་བཟོད་མེད་པ་ཡིན་གཤིས་ཀུན་རྫོབ་ཡིན་པས། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གང་ལ་འཇོག  ཡང་དག་ཀུན་རྫོབ་ཏུ་མི་རུང་སྟེ། འཇུག་པ་རང་འགྲེལ་ལས།[18] དེའི་ཕྱིར་འདི་བདག་གིས་གང་བརྟགས་པ་ཡོན་ཏན་གསུམ་ལ་སོགས་པ་དེ་དག་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །ཞེས་གསུངས་པ་ལྟར་འཇིག་རྟེན་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པའི་གཏན་མེད་ཡིན་པ་ཞིག་ཡང་དག་ཀུན་རྫོབ་ག་ལ་རུང་། འཇུག་འགྲེལ་ཟླ་བའི་ཞལ་ལུང་ལས།[19] དེ་ལྟའི་འཁྲུལ་རྒྱུས་བསླད་པས་གཟུང་བ་ཉིད་འཇིག་རྟེན་ཉིད་ལས་ཀྱང་ལོག་པར་རྣམ་པར་བཞག་གོ །ཞེས་གསུངས་པ་ལྟར། བདེན་གྲུབ་ལ་སོགས་པ་དེ་དག་ནི་གྲུབ་མཐའི་རྐྱེན་གྱིས་བསླད་པ་འཇིག་རྟེན་ཉིད་དུའང་ལོག་པའི་ཀུན་རྫོབ་ཡིན་པས་འཇིག་རྟེན་རང་ག་བའི་བློ་ཡིས་རྫུན་པར་རྟོགས་པར་ཐལ་ཏེ། ཛ་ཡ་ཨཱ་ནནྡ་ཡི་འཇུག་འགྲེལ་ལས།[20] འཇིག་རྟེན་ཉིད་ལ་ལྟོས་ནས་ལོག་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པས་དེ་ལ་བརྫུན་པ་ཉིད་དུ་རྟོགས་པས་སོ། །ཞེས་གསུངས་པས། འཇིག་རྟེན་རང་ག་བས་བདེན་གྲུབ་མེད་པར་རྟོགས་ན། འཇིག་རྟེན་རང་ག་བས་སྟོང་ཉིད་རྟོགས་པར་ཐལ་བས་འཇིག་རྟེན་རང་ག་བ། འཇིག་རྟེན་རང་ག་བ་མིན་པར་ཐལ་བ་དང་། འཇིག་རྟེན་རང་ག་བའི་ཐ་སྙད་ཚད་མས་བདེན་གྲུབ་མེད་པར་ངེས་ནུས་ན་དོན་དཔྱོད་ཚད་མ་སོགས་དགོས་ནུས་མེད་པར་ཐལ་བ་སོགས་སྐྱོན་མཐའ་ཡས་པ་འོང་ངོ་། །རྒྱུ་མཚན་དེས་ན། ཀུན་རྫོབ་ཀྱི་རྣམ་གཞག་དེ་འཇིག་རྟེན་རང་ག་བ་ཁོ་ན་ལ་ལྟོས་ནས་འཇོག་དགོས་ན་ཅུང་དཀའོ།།

མ་ཟད་ཡུལ་ཅན་ལ་ཀུན་རྫོབ་ཡང་ལོག་གི་རྣམ་གཞག་མེད་ཅེས་འདོད་པ་དེའང་མི་རུང་སྟེ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས།[21] གང་ལ་དམིགས་པ་ཡོད་པ་ཡང་དམིགས་པ་དེ་ནི་རྣམ་པ་གཉིས་ཏེ། དེ་ལ་ཕྱིན་ཅི་ལོག་དང་མ་ལོག་པའོ། །དེ་ལ་ཕྱིན་ཅི་ལོག་ནི་བདེ་བ་ལ་སོགས་པར་འཛིན་པ་སྟེ། ཀུན་རྫོབ་ཏུ་ཡང་དེའི་བདག་ཉིད་དུ་དངོས་པོ་རྣམ་པར་མི་གནས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི། སྡུག་བསྔལ་ལ་སོགས་པ་སྟེ། དངོས་པོ་ཀུན་རྫོབ་ཏུ་ཡང་དེའི་བདག་ཉིད་དུ་དངོས་པོ་རྣམ་པར་མི་གནས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི་སྡུག་བསྔལ་ལ་སོགས་པ་སྟེ། དངོས་པོ་ཀུན་རྫོབ་ཏུ་ཡང་དེའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །ཞེས་གཙང་བདེ་རྟག་བདག་སོགས་སུ་འཛིན་པའི་བློ་དེ་དག་ཀྱང་རྣལ་འབྱོར་པ་རྣམས་ཀྱི་དབང་དུ་བྱས་ནས་ལོག་པའི་ཀུན་རྫོབ་ཡིན་པར་གསུངས་ཡོད་པ་དང་། གཞུང་སྤྱིའི་དཀའ་གནད་ལས།[22] དེ་ནི་འདིར་མ་ཟད་གྲུབ་མཐའ་འོག་མ་དང་འཇིག་རྟེན་པ་ལའང་དེའི་ཚུལ་གྱིས་ཡང་དག་དང་ལོག་པའམ་དོན་དམ་ཀུན་རྫོབ་ཀྱི་ཁྱད་འདོད་དེ། འཇིག་རྟེན་རང་ག་བའི་བློའི་དབང་དུ་བྱས་ན། ཟླ་གཉིས་ཀྱི་སྣང་བ་དང་། དེ་འཛིན་དབང་ཤེས་གཉིས་ཀ་འཁྲུལ་པའི་ཕྱིར་ལོག་པའམ་ཀུན་རྫོབ། ཟླ་གཅིག་དང་། དེ་འཛིན་ཤེས་པ་གཉིས་ཀ་ཡང་དག་གམ་དོན་དམ་དུ་འདོད་དགོས་སོ། །ཞེས་ཟླ་གཅིག་འཛིན་པའི་དབང་ཤེས་དང་ཟླ་གཉིས་འཛིན་པའི་དབང་ཤེས་ཡུལ་ཅན་སྟེང་དུའང་ཡང་ལོག་གི་རྣམ་གཞག་མཛད་འདུག་པ་མ་ཡིན་ནམ། མ་གཞི་འཇིག་རྟེན་རང་ག་བའི་ངོར། མེ་ལོང་ནང་གི་བྱད་བཞིན་དང་དེ་འཛིན་པའི་བློ་འཁྲུལ་བ། གངས་རི་སེར་པོ་དང་སེར་འཛིན་ལོག་ཤེས་སོགས་སྣང་ཡང་མི་བདེན་པར་གྲགས་པར་མ་ཟད། འཇིག་རྟེན་རང་ག་བའི་བློ་ཡིས་རྫུན་པ་བསླུ་བ་ཡིན་པ་རྟོགས་པས་ལོག་པའི་ཀུན་རྫོབ་ཡིན་དགོས་ཏེ། གྲུབ་མཐའ་མཛོད་ལས།[23] ཟླ་བ་གཉིས་དང་རྨི་ལམ་ལ་སོགས་པ་འཇིག་རྟེན་པའི་བློ་ངོར་སྣང་ཡང་མི་བདེན་པར་གྲགས་པ་རྣམས་ནི་དབུ་མ་པས་ཀྱང་མི་འགོག་པར་བརྡ་ཤེས་པའི་ཐ་སྙད་ཙམ་དུ་ལོག་པའི་ཀུན་རྫོབ་ཅེས་བཏགས་ནས་བཞག་ལ། ཞེས་དང་། ཡང་དེ་ཉིད་ལས། གཟུགས་བརྙན་ལ་སོགས་པ་གང་ཞིག་དབང་པོ་རྣམས་ལ་གནོད་པ་ཡོད་པ་ན་ཡུལ་གྱི་ངོ་བོ་ཉིད་དུ་སྣང་བ་དེ་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་ལོག་པ་ཡིན་ནོ། །ཞེས་དང་། ཛ་ཡ་ཨཱ་ནནྡ་ཡི་འཇུག་འགྲེལ་ལས། འཇིག་རྟེན་ཉིད་ལ་ལྟོས་ནས་ལོག་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པས་དེ་ལ་རྫུན་པ་ཉིད་དུ་རྟོགས་པས་སོ། །ཞེས་གསུངས་སོ།།

དེ་ལྟར་ན་དབུ་མ་ཐལ་འགྱུར་བའི་ཀུན་རྫོབ་ཀྱི་རྣམ་གཞག་ཇི་ལྟར་འཇོག་ཅེ་ན། གོང་དུ་སྨོས་མ་ཐག་པ་འཇིག་རྟེན་རང་ག་བ་ཁོ་ན་ལ་ལྟོས་ནས་མིན་པར་འཇིག་རྟེན་དང་། འཕགས་པ་ལ་ལྟོས་པའི་ཀུན་རྫོབ་ཀྱི་རྣམ་གཞག་གཉིས་སུ་འབྱེད་དགོས་པར་འདོད།

དང་པོ་འཇིག་རྟེན་རང་ག་བ་ལ་ལྟོས་པའི་ཀུན་རྫོབ་ཀྱི་རྣམ་གཞག་ནི། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །ཅེས་གསུངས་པ་ལྟར། ཀུན་རྫོབ་བདེན་པ་གང་ཞིག་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་རང་ག་བའི་ཐ་སྙད་ཚད་མས་རྫུན་པ་བསླུ་བ་ཅན་དུ་རྟོགས་མི་ནུས་པའི་ཆོས་ཡང་དག་ཀུབ་རྫོབ་ཀྱི་མཚན་ཉིད། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་རང་ག་བའི་ཐ་སྙད་ཚད་མས་རྫུན་པ་བསླུ་བ་ཅན་དུ་རྟོགས་ནུས་པ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི། དང་པོ། ཟླ་གཅིག་དང་། ཟླ་གཅིག་དེ་འཛིན་པའི་དབང་ཤེས་དང་། གཉིས་པ། མེ་ལོང་ནང་གི་བྱད་བཞིན་དང་། བྱད་བཞིན་སྣང་བའི་སྣང་བ་སོགས་སོ། །ཡང་དག་ཀུན་རྫོབ་ཡིན་ན་བདེན་གཉིས་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་ཀྱང་ལོག་པའི་ཀུན་རྫོབ་ལ་གཉིས་སུ་འབྱེད་དགོས་ཏེ། ཡུལ་ཅན་ལོག་པའི་ཀུན་རྫོབ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་ཀྱང་ཡུལ་ལ་ལྟོས་པའི་ལོག་པའི་ཀུན་རྫོབ་ཡིན་ན་གཏན་མེད་ཡིན་པས་ཁྱབ་བོ། །འདི་ནི་འཇིག་རྟེན་རང་ག་བ་ལ་ལྟོས་པའི་ཀུན་རྫོབ་ཡང་ལོག་གི་རྣམ་གཞག་ཡིན་ནོ།།

གཉིས་པ་འཕགས་པ་ལ་ལྟོས་པའི་ཀུན་རྫོབ་ཀྱི་རྣམ་གཞག་ནི། དབུ་མ་ལ་འཇུག་པ་ལས།[24] མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་དང་། ཞི་བ་ལྷས། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །ཞེས་དང་། དཔལ་ལྡན་ཟླ་བས། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུ། །ཡོད་ཅེས་རྣལ་འབྱོར་པས་དེའི་ཡོད་མི་རྙེད། །ཅེས་སོགས་ལས་རྣལ་འབྱོར་ཀུན་རྫོབ་བསྟན་པ་ལྟར། ཀུན་རྫོབ་དེའང་རྗེས་ཐོབ་ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར་སྣང་བ་དག་མ་དག་གི་དབང་ལས། ཡང་ལོག་གཉིས་སུ་བཞེད་དེ། ལྟ་གྲུབ་ཤན་འབྱེད་ཀྱི་ཚིག་དོན་རྣམ་བཤད་ལས།[25] དེས་ན་དཔལ་ལྡན་ཟླ་བས་རྗེས་ཐོབ་འཇིག་རྟེན་ཐ་སྙད་ཀྱི་ཀུན་རྫོབ་སྒྱུ་མ་ཙམ་གྱི་ངོར་རང་སྣང་འཁྲུལ་དང་མ་འཁྲུལ་པའི་དབང་ལས། ཀུན་རྫོབ་ལ་ཡང་ལོག་གཉིས་སུ་དབྱེ་བར་མཛད་དོ། །ཞེས་གསུངས་པ་ལྟར། དང་པོ་འཕགས་པ་ལ་ལྟོས་པའི་ཡང་དག་ཀུན་རྫོབ་ནི། ཅུང་ཟད་དཔྱད་ངོའི་ཐ་སྙད་པའི་བློའི་རྙེད་དོན་ཕྲ་བ་དག་དང་གནས་ལུགས་གཟིགས་པ་ལས་ལྡང་བའི་རང་སྣང་མ་འཁྲུལ་བའི་སྣང་བ་དག་པ་རྣམས་སོ། །མཚན་གཞི་ནི། མི་གཙང་། སྡུག་བསྔལ། མི་རྟག་ཕྲ་བ་སོགས་འཛིན་པའི་བློ་དག་དང་། གདན་གསུམ་ལྷ་ཡི་དཀྱིལ་འཁོར། ཞིང་དང་སྐུ་ཡི་བཀོད་པའི་སྣང་བ་རྣམས་སོ། །གཉིས་པ་འཕགས་པ་ལ་ལྟོས་པའི་ལོག་པའི་ཀུན་རྫོབ་ནི། མ་བརྟགས་མ་དཔྱད་པར་འཁྲུལ་ངོའི་ཆོས་ཅན་རགས་པ་མ་དག་པ་ཉི་ཚེའི་ཡུལ་དུ་སྣང་བ་རྣམས་སོ། །མཚན་གཞི་ནི། སོ་སྐྱེ་བྱིས་པ་རྣམས་ཀྱིས་མངོན་པར་ཞེན་པའི་གཙང་བདེ་རྟག་བདག་གཟུགས་སྒྲ་ལ་སོགས་པ་དག་གོ །དེས་ན་ཀུན་རྫོབ་དེ་ལ་འཇིག་རྟེན་རང་ག་བ་དང་འཕགས་པ་ལ་ལྟོས་པའི་ཀུན་རྫོབ་ཅེས་གཉིས་སུ་ཕྱེ་བས། དབུ་མ་ལ་འཇུག་པ་ལས།[26] སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་པ་ལྟར་འོག་མ་འོག་མ་ལ་ལྟོས་ནས་གོང་མ་གོང་མ་ཚད་མར་སོང་བ་ལྟོས་འཇོག་གིས་ཁས་ལེན་དགོས་ཤིང་། སྣང་བ་དག་དང་མ་དག་ཁས་བླངས་པས་ཡར་ཨ་ཏི་རྫོགས་པ་ཆེན་པོའི་བར་གྱི་གསང་སྔགས་ཀྱི་དཀའ་གནད་མང་པོ་ཞིག་ཀྱང་སྒྲོ་སྐུར་དང་བྲལ་ཞིང་གཏན་ལ་དབབ་རྒྱུ་ཡོད་པ་ཡིན་ནོ། །མ་ཟད་དེ་འདྲའི་འཕགས་པའི་ཀུན་རྫོབ་ཀྱི་རྣམ་གཞག་ཡོད་པ་དེའང་གཞུང་མང་པོ་ལས་གསལ་ཏེ། འཇུག་པ་རང་འགྲེལ་ལས།[27] གཞན་ལས་སྐྱེ་བ་དགག་པ་བཤད་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ལྟ་བ་ཁོ་ན་ལ་གནས་ནས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཕགས་པ་རྣམས་ཀྱི་གཟིགས་པ་ཁས་བླངས་ནས་ཡིན་ནོ། །ཞེས་གཞན་སྐྱེ་མི་བདེན་ཀུན་རྫོབ་བསྟན་པ་དེའང་འཇིག་རྟེན་རང་ག་བ་ཁོ་ན་ལས་མིན་པར་གསུངས་པ་དང་། ཛ་ཡ་ཨཱ་ནནྡ་ཡི་འཇུག་འགྲེལ་ལས།[28] འདི་ཡི་ཀུན་རྫོབ་ཀྱི་དབྱེ་བ་གཉིས་ཏེ་ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཙམ་མོ། །ཀུན་རྫོབ་ཙམ་ལ་ཡང་གཉིས་ཏེ། འཇིག་རྟེན་པ་ལ་ལྟོས་པའི་ཀུན་རྫོབ་དང་། འཕགས་པ་ལ་ལྟོས་པའི་ཀུན་རྫོབ་བོ། །དེ་ལ་འཇིག་རྟེན་ལ་ལྟོས་པའི་ཀུན་རྫོབ་ནི། དཔེར་ན་བྲག་ཅ་ལ་སོགས་པ་ལྟ་བུའོ། །འཕགས་པ་ལ་ལྟོས་པའི་ཀུན་རྫོབ་ཙམ་ནི་སྣང་བ་དང་བཅས་པའི་འཕགས་པ་རྣམས་ལ་སྣང་བ་གང་ཡིན་པའོ། །ཞེས་གསུངས་པ་དང་། ཀུན་མཁྱེན་མི་ཕམ་པས་མཛད་པའི་དབུ་མ་རྒྱན་གྱི་སྤྱི་དོན་ལས།[29] དེ་ལ་ཐལ་འགྱུར་བས་འཇིག་རྟེན་གྲགས་པ་ལྟར་ཁས་ལེན་ཚུལ་དེའང་། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ཀྱི་ནང་གི་མ་བསྒྱུར་བའི་འཇིག་རྟེན་ཕལ་པ་ལྟར་རོ་ཞེས་འཆད་པ་ནི་ཤིན་ཏུ་ཡ་མཚན་པ་ཞིག་གོ །འདིའི་འཇིག་རྟེན་ཞེས་པ་ལམ་ཞུགས་མ་ཞུགས་གཉིས་ཀ་ལ་འཛིན་དགོས་ཏེ། ཞེས་གསུངས་སོ།།

བཞི་པ་ཐལ་རང་གཉིས་ཀྱི་ཀུན་རྫོབ་ཡང་ལོག་ལ་ཁྱད་པར་ཡོད་མེད་ཅུང་ཙམ་བཤད་པའི་སྒོ་ནས་མཇུག་བསྡུ་བ་ལ།

སྤྱིར་བཏང་དབུ་མ་ཐལ་རང་གཉིས་ཀྱི་ཀུན་རྫོབ་ཡང་ལོག་གམ་ཀུན་རྫོབ་ཀྱི་ཁྱད་པར་གླེང་དུས། གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས།[30] དབུ་མ་རང་རྒྱུད་པ་རྣམས་ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ནི་སྣང་བ་ལྟར་དུ་གྲུབ་པས་ཡུལ་ཅན་ལ་ཡང་ལོག་གཉིས་སུ་མི་འབྱེད་ལ། ཡུལ་ལ་སྣང་བ་ལྟར་དོན་བྱེད་ནུས་མི་ནུས་ཀྱི་སྒོ་ནས་ཡང་ལོག་གཉིས་སུ་འབྱེད་དོ། །ཞེས་གཞན་ལུགས་མཁས་པའི་དབང་པོ་ཕལ་ཆེ་བ་ནི། རང་རྒྱུད་པ་རྣམས་ཡུལ་ཅན་ལ་ཡང་ལོག་མི་འབྱེད་པར་ཡུལ་ཁོ་ན་ལ་འབྱེད་པས། ཡུལ་ཅན་ལ་ཡང་ལོག་འབྱེད་པ་དེ་ཐལ་འགྱུར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་བཞེད་པར་སྣང་། འོན་ཀྱང་རང་ལུགས་ལ་དེ་ནི་ཐལ་འགྱུར་ཐུན་མིན་གྱི་ཁྱད་ཆོས་ཤིག་མིན་པར་དབུ་མ་རང་རྒྱུད་པའི་ལུགས་ལའང་ཡུལ་ཅན་ལ་ཡང་ལོག་དབྱེ་རྒྱུ་ཡོད་པ་ནི་གོང་དུ་དབུ་མ་རང་རྒྱུད་པའི་ཀུན་རྫོབ་ཡང་ལོག་བཤད་པའི་སྐབས་སུ། གྲུབ་མཐའ་མཛོད་ཀྱི་ལུང་དང་ལྟ་གྲུབ་ཤན་འབྱེད་ཀྱི་འགྲེལ་པ་སོགས་ལས་ལོག་པར་སྣང་བའི་སྣང་བ་ཡུལ་ཅན་སོགས་མཚན་གཞིར་བརྗོད་པའི་ཐོག་ནས་ཡུལ་ཅན་ལའང་ཡང་ལོག་གི་རྣམ་གཞག་དབྱེ་རྒྱུ་ཡོད་པར་གསུངས་ཡོད་པས་དེ་ནི་ཐལ་འགྱུར་བའི་ཁྱད་ཆོས་ཤིག་དང་ཐལ་རང་གི་ཡང་ལོག་ཁྱད་པར་འབྱེད་བྱེད་དུ་མི་འགྲོ་བར་སེམས།

དབུ་མ་རང་རྒྱུད་པ་ནི། བཀའ་བར་པ་སྣང་སྟོང་བདེན་གཉིས་དབང་བཙན་དུ་བྱས་ནས་ཚུར་མཐོང་གི་རྒྱུད་ཀྱི་བློ་མངོན་སུམ་རྣམས་ལ་རང་གི་སྣང་ཡུལ་འཁྲུལ་མ་འཁྲུལ་ལས་གཙོ་བོ་ཡུལ་གྱི་ངོས་ནས་ཚུར་སྣང་ཚུལ་དབང་གིས་ཀུན་རྫོབ་ཡང་ལོག་གི་རྣམ་གཞག་མཛད་ཅིང། ཐལ་འགྱུར་བའི་ལུགས་ལ་ཀུན་རྫོབ་ཡང་ལོག་གི་རྣམ་གཞག་དེ་སྣང་སྟོང་མ་ཟད་གནས་སྣང་གི་སྒོ་ནས་འབྱེད་ཚུལ་ཡོད་པས་ཚུར་མཐོང་ཙམ་མིན་པར་དག་གཟིགས་སོགས་ཚད་མ་གོང་འོག་ལྟོས་འཇོག་དབང་གིས་ཡང་ལོག་གི་རྣམ་གཞག་འབྱེད་པས། རང་རྒྱུད་པའི་ལུགས་ལ་ནི། གཟུགས་སྒྲ་དྲི་རོ་སོགས་འཛིན་པའི་དབང་ཤེས་མངོན་སུམ་སོགས་ནི། ཡང་དག་ཀུན་རྫོབ་ཡིན་པས་ཁྱབ་ཀྱང་། ཐལ་འགྱུར་བའི་ལུགས་ལ་དེ་དག་ནི་མཐའ་གཅིག་ཏུ་ངེས་བཟུང་མེད་པར་ལྟོས་འཇོག་གིས་འཇིག་རྟེན་རང་ག་བའི་དབང་དུ་ཡང་དག་ཀུན་རྫོབ་དང་། འཕགས་པའི་དབང་དུ་ལོག་པའི་ཀུན་རྫོབ་ཡིན་པས། སྐབས་ཕྱེ་ནས་འཇོག་དགོས་པ་ཡིན་ནོ།།

སླར་སྨོན་པ།

གཞུང་ཆེན་གནད་ཟབ་མ་བཤད་ཅོལ་གཏམ་གྱིས།།

མཁས་མཆོག་ཐུགས་ཡིད་མགུ་བར་མ་བྱས་ནའང་།།

ངལ་བས་དཔྱད་ཁུལ་བགྱིས་པའི་བདག་རྐྱེན་ལས།།

ཟབ་དོན་ངེས་ཤེས་རྒྱུད་ལ་སྐྱེ་བར་ཤོག།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། འཇུག་པ་རང་འགྲེལ། ཤོག་གྲངས། ༩༧ པར་གསལ།

[2]  སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༡༨༤  པར་གསལ།

[3]  ཡེ་ཤེས་སྡེ་པར་མ། དབུ་མ་རྒྱན་འགྲེལ། དེབ་གཟུགས། ཤོག་གྲངས། ༡༢༧  པར་གསལ།

[4]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༣༩༤ པར་གསལ།

[5]  སེར་བྱེས་པར་མ། དབུ་མའི་ཟིན་ཐོ་ཟླ་བའི་དགོངས་རྒྱན། ཤོག་གྲངས། ༣༢༧  པར་གསལ།

[6]  འབྲས་སྤུངས་སྒོ་མང་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཤོག་གྲངས། ༥༠༨ པར་གསལ།

[7]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༣༩༤ པར་གསལ།

[8]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། པོད། ༡༥ ཤོག་གྲངས། ༩༢ པར་གསལ།

[9]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༧༠༢ པར་གསལ།

[10]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༢༠༢ པར་གསལ།

[11]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། པོད། ༡༥ ཤོག་གྲངས། ༩༢ པར་གསལ།

[12]  ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༡༢༦ པར་གསལ།

[13]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། པོད། ༡༥ ཤོག་གྲངས། ༩༢ པར་གསལ།

[14]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༢༧ པར་གསལ།

[15]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དར་ཐང་དཔེ་ཚོགས། ༢༦ བོད་སྤྲུལ་གསུང་འབུམ། དེབ་གཟུགས། པོད། ༡ ཤོག་གྲངས། ༡༤༡ པར་གསལ།

[16]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༥ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༦༩ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༠༠ པར་གསལ།

[19]  ཡེ་ཤེས་སྡེ་པར་མ། མི་ཕམ་གསུང་འབུམ། དེབ་གཟུགས། པོད། ༣ ཤོག་གྲངས། ༤༩༣ པར་གསལ།

[20]  སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༡༨༨ པར་གསལ།

[21]  ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་ཕྲེང་། ༡༣༨ ཤོག་གྲངས། ༣༦༦ པར་གསལ།

[22]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༣༠ པར་གསལ།

[23]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། པོད། ༡༥  ཤོག་གྲངས། ༡༠༤ པར་གསལ།

[24]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༠༠ པར་གསལ།

[25]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་གྲངས། ༡༤༢ པར་གསལ།

[26]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༩༨ པར་གསལ།

[27]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༠༠ པར་གསལ།

[28]  སེར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༡༢༩ པར་གསལ།

[29]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༣༧  པར་གསལ།

[30]  ཝཱ་ཎ་མཐོ་སློབ་པར་མ། དེབ་གཟུགས། ཤོག་གྲངས། ༣༢༠ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།